རྨེ་སྲིབ་ནོར་བུ།
གྲོགས་པོ་རྣམ་པ། འདབ་དྲུག་ཁ་བའི་ལང་ཚོ་རྩྭ་ལྗང་མེ་ཏོག་གིས་གྱོན་ས་ན། འུ་ཚོའི་སྐྱེས་པའི་ལྟེ་ཁྲག་འཐོར་ཞིང་། ས་ཆེན་པོའི་སྒལ་ཚིགས་སུ་འབོད་པའི་རི་བོ་ཧི་མ་ལའི་ལྷོད་རྒྱུད་དུ་འཛོམས། ཡང་ན། ཁྱེད་ཅག་གི་ལང་ཚོའི་སྟོབས་ཤུགས་ཤར་ཨེ་ཤཱ་ཡའི་གླིང་ཕྲན་དུ་མ་ཤོང་བས། ས་ཟླུམ་བོའི་ལྷོ་ནུབ་གང་སར་ཆས་སོང་ཐལ། ཡུལ་ཁ་ཐག་ཅི་ཙམ་རིང་སོང་རུང་། ཁྱེད་ཚོས་ཕྲན་ལ་ལེགས་སྐྱེས་དབུ་ཆང་རེ་བསྐུར་ཡོང་གི། དོན་འདི་ལ་བསམ་བློ་རེ་བཏང་ན། མི་སེམས་ནི་ཅི་ཙམ་འཐེན་ན་ཆད་རྒྱུ་མེད་ཀྱང་རིང་རྒྱུ་ཡོད་པའི་འོད་སྣང་གི་ཐག་སྐུད་ཅིག་རེད།
ཐག་སྐུད་འདིས་དཀྲིས་ཤིང་བཅིངས་པའི་ས་གཞི་ཟླུམ་པོ་འདི་བར་སྣང་ལ་འཁོར་བསྐྱོད་བྱེད་ཐེངས་རེར། ངས་སའི་གོ་ལ་འདི་མི་སེམས་ཀྱིས་བཅིངས་པའི་ཚེ་སྲོག་ཟླུམ་པོ་ཞིག་ཡིན་པ་གཞི་ནས་ཤེས། བཀའ་དྲིན་ཆེ། ཨུ་རུ་སུའི་ཆང་དཀར་དང་། ཆང་སེར། ཧྥ་རན་སུའི་རྒུན་ཆང་དམར་བོ་སོགས་རྒྱལ་ཁབ་མི་འདྲ་བ་དུ་མ་ཞིག་གི་དབུ་ཆང་མི་འདྲ་བ་གང་མང་ཞིག དེ་རིང་ངྷ་སའི་ཨ་མྱེས་ངའི་མདུན་ཅོག་སྟེང་དུ་འཛོམས་ཡོད།
ཐུགས་རྗེ་ཆེ་་་གྲོགས་པོ་རྣམས། ངས་དབུ་ཆང་གི་དེམ་ཁ་རེ་ནས་ཁམ་གང་རེ་གང་རེ་འཐུང་ཞོར་ཁྱེད་ཅག་ལ་སེམས་ནང་གི་ལེགས་སྐྱེས་ཤིག་བསྐུར། ‘’ འུ་ཚོས་གཞན་བརྟེན་མ་ཡིན་པའི་འཚོ་བ་རོལ་ཞིང་། གཡོ་ཁྲམ་དང་རྐུ་འཕྲོག་གིས་མ་བསླད་པའི་འཚོ་ཟས་ཟ། འུ་ཚོས་རང་ཉིད་ཀྱི་རྔུལ་ཁྲག་གི་འཚོ་བ་ལ་ལོངས་སུ་སྤྱོད་ཀི་ཡོད། འཚོ་ཐབས་འདི་ནི་རྒྱལ་ཁབ་མེད་པའི་མི་བུ་སྒེར་ཚུགས་ཅན་ཞིག་གི་ངོས་ནས་བཤད་ན། ཆེས་གཟི་བརྗིད་ལྡན་པའི་མི་ཚེའི་དོན་སྙིང་ཡིན།
ཡང་གཅིག་བཤད་ན། ཁྱེད་ཅག་གིས་རྒྱུས་མེད་མི་རིགས་དང་། རྒྱལ་ཁབ་གཞན་དང་གཞན་དག་དུ་འཚོ་གནས་བསྙེག་གིན་ཡོད། འཚོ་ཐབས་དེ་ནི་ལས་སླ་བོ་ཞིག་གཏན་ནས་མིན། དེས་ན། སྤྱི་ཚོགས་གདུག་རྩུབ་ཀྱི་དབང་གིས་དཀའ་ངལ་རེར་འཕྲད་ཚེ། ལྷ་ལ་སྐྱབས་མི་བཅོལ་ཞིང་། འདྲེ་ལ་གསོལ་མཆོད་མ་བྱས་པར། མི་བུ་རང་ཉིད་ཀྱི་བྲང་ཁོག་ན་འཕགས་ཀྱིན་པའི་གསོན་སྙིང་ལ་ཡིད་ཆེས་དང་། རང་ཉིད་ཀྱི་ཀླད་སྦུབས་སུ་འཁྲིགས་ཀྱིན་པའི་རྣམ་དཔྱོད་བེད་སྤྱད་དགོས།
ཡང་ལབ་བརྒྱབ་ནས་བཤད་ན། ས་ཆེན་ཟླུམ་པོ་འདིའི་བདག་པོ་མི་བུ་རང་ཉིད་ཡིན་པ་ལས། ལྷ་མིན་ལ་འདྲེ་དང་སྲིན་པོ་དེ་བས་ཀྱང་མིན་་་་ཧ་ཧ་ཧ་ཧ། ད་དུང་སྡུག་ས་ནས་ཡག་ས་ཞིག་བཤད་ན། འུ་ཚོ་ལ་གནམ་ས་བགོས་པའི་རྒྱལ་ཁབ་མེད་རུང་། རྒྱལ་ཁབ་ཚོའི་ནང་ལ་འུ་ཚོར་རྒྱལ་ཁབ་ཡོད། དེ་ནི་ཏཱ་ལའི་བླ་མ་ཞེས་ཡིག་འབྲུ་བཞི་བོ་འདི་རེད། “ གྲོགས་པོ་ཚོ། ཁ་དྲོ་བཀྲིས། ཡ་་་ད་འཐུངས་་་་དབུ་ཆང་། དམར་ཡག་སྟག་གི་སྐོམ་ཆུ་ཁྲག་དང་། ཕོ་གཞོན་ནུའི་ངར་ཆུ་དབུ་ཆང་ཡིན།
༢༠༡༣ཟླ་༡༢ཚེས་༡༧་ཉིན།
ཨུ་རུ་སུའི་ཆང་དཀར་འདིས་ངའི་མཆིན་པ་ཚང་མ་འཚིག་སོང་། ད་ཤི་རྒྱུ་སྒུག་ནས་ཡོད་། ལྷ་ལ་སྐྱབས་བཅོལ་ཞིང་། འདྲེ་ལ་གསོལ་མཆོད་བྱེད་རྒྱུ་ལས་གཞན་ཐབས་ཤེས་མི་འདུག།
་་་་་ འུ་ཚོ་ལ་གནམ་ས་བགོས་པའི་རྒྱལ་ཁབ་མེད་རུང་། རྒྱལ་ཁབ་ཚོའི་ནང་ལ་འུ་ཚོར་རྒྱལ་ཁབ་ཡོད། དེ་ནི་ཏཱ་ལའི་བླ་མ་ཞེས་ཡིག་འབྲུ་བཞི་བོ་འདི་རེད། “ གྲོགས་པོ་ཚོ། ་་་་་
སྤྱི་སྐད་དུ།
་་་་་ འུ་(ང་)ཚོ་ལ་གནམ་ས་བགོས་པའི་རྒྱལ་ཁབ་མེད་རུང་། རྒྱལ་ཁབ་ཚོའི་ནང་ལ་འུ་(ང་)ཚོར་རྒྱལ་ཁབ་ཡོད། དེ་ནི་ཏཱ་ལའི་བླ་མ་ཞེས་ཡིག་འབྲུ་བཞི་བོ་(པོ་)འདི་རེད། “ གྲོགས་པོ་ཚོ། ་་་་་