གནས་ཚུལ་བསྡུ་སྒྲིག་པ། རྫ་ཚེ་རིང་བཀྲ་ཤིས།
ཁར་རྩང་སྟེ། བོད་མེ་བྱ་ལོ་སར་ཚེས་གཉིས། སྤྱི་ལོ་༢༠༡༧ཟླ་ ༢ཚེས་༢༨ ཉིན་ཐའེ་ཝན་རྒྱལ་ས་ཐའེ་པེ་རུ་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པས་གོ་སྒྲིག་འོག་ཐའེ་ཝན་གནས་བཞུགས་བོད་རྒྱའི་དགེ་འདུན་པ་དང་ཆོས་བརྒྱུད་རིས་མེད་ཀྱི་མཁན་སྤྲུལ་དགེ་བཤེས་རྣམ་པའི་དབུས། མི་མང་བརྒྱ་ཕྲག་གཉིས་ལ་ཉེ་བ་འདུ་འཛོམས་ཀྱིས་༧སྐྱབས་རྗེ་རྡོ་རྫོང་རིན་པོ་ཆེ་ཞིང་གཤེགས་དམ་པ་གང་གི་དགོངས་རྫོགས་དང་འབྲེལ་བའི་མཆོད་འབུལ་སྨོན་ལམ་ཟབ་རྒྱས་ཤིག་འཚོགས་ཡོད།
ཞིབ་འཇུག་ཚོགས་པའི་ངོས་ནས་ལས་རིམ་འདི་འདྲ་ཞིག་གོ་སྒྲིག་དགོས་པའི་རྒྱུ་མཚན་ཐད་ཚོགས་གཙོ་ཧ་ཤེན་རིན་པོ་ཆེས་གསུང་དོན།
གཅིག་ན་༧སྐྱབས་རྗེ་རྡོ་རྫོང་རིན་པོ་ཆེ་ཞིང་གཤེགས་དམ་པ་ཁོང་ནི་བོད་བརྒྱུད་ནང་བསྟན་སྤྱི་དང་། ཁྱད་པར་དུ་འབྲུག་པ་བཀའ་བརྒྱུད་ཀྱི་བླ་ཆེན་གལ་ཆེན་ཞིག་ཡིན་པ་དང་། གཉིས་ནས་ད་ཐེངས་རིན་པོ་ཆེ་ཐའེ་ཝན་དུ་སྐུ་གཤེགས་པ་ཡིན་སྟབས་ཐའེ་ཝན་གནས་བཞུགས་རང་ཅག་བོད་བརྒྱུད་ནང་པའི་དགེ་འདུན་པ་དང་འབྲེལ་ཡོད་ཚོགས་པ་ཁག་ལ་མཚོན་རང་བཞིན་གྱིས་འགན་འཁྲི་ཞིག་ཆགས་ཀྱི་ཡོད། ང་ཚོའི་ལས་རིམ་འདི་འདྲ་བརྒྱུད་ནས་༧གོང་ས་ཐམས་ཅད་མཁྱེན་པ་སོགས་བླ་མ་རྣམ་པའི་དགོངས་བཞེད་ལྟར། ཆོས་བརྒྱུད་ཕན་ཚུན་བར་སྔར་ལས་ལྷག་པའི་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་སེམས་ཐག་ཉེ་རུ་གཏོང་ཐུབ་པ། དཀའ་ངལ་གྱིས་སྐབས་སུ་ཕན་ཚུན་རོགས་རེས་ཞུ་བ་སོགས་ཀྱི་ཐད་ལ་བཟང་ཕྱོགས་ཀྱི་ནུས་པ་ཐོན་ཐུབ་རྒྱུའི་རེ་བ་ཡོད་ཅེས་དང་།
ཡང་ཁོང་གིས། ཞིབ་འཇུག་ཚོགས་པའི་ངོས་ནས་ཁོང་གི་འབྲེལ་ཡོད་སློབ་འབངས་སོགས་ལ་ཡང་གོ་སྐབས་འདི་བརྒྱུད་ནས་གདུང་ཚོར་ཆེན་པོས་ཐུགས་གསོ་ཞུ་བཞིན་ཡོད་ལ། ང་ཚོའི་འདི་བཞིན་མཆོད་འབུལ་སྨོན་ལམ་གོ་སྒྲིག་ཞུས་པར་ཆོས་རྒྱལ་རིན་པོ་ཆེ་སོགས་ཁོང་གི་སྐུ་གཅར་དག་གིས་ཀྱང་ཐུགས་མཉེས་པོ་བྱུང་ཡོད་པའི་གསུང་ལན་འབྱུང་བར་ཧ་ཅང་དགའ་སྤྲོ་བྱུང་། གང་ཡིན་ཟེར་ན། དེ་ནི་ཁོང་རྣམ་པར་དམིགས་བསལ་མྱ་ངན་གྱིས་མནོན་བཞིན་པའི་ངོས་ནས་བོད་པ་གཅིག་པ་དང་། ཆོས་གྲོགས་གཅིག་པ་ཞིག་ཡིན་པའི་ཆ་ནས་ང་ཚོས་ཁོང་རྣམ་པར་གདུང་སེམས་མཉམ་བསྐྱེད་ཀྱི་ཐུགས་གསོ་ཆུང་ཆུང་ཞིག་ཞུ་ཐུབ་སོང་བ་མཚོན་གྱི་ཡོད་པ་རེད། ཅེས་གསུང་།
དེ་ཡང་། འགྲོ་མགོན་བཀའ་བརྒྱུད་པའི་བསྟན་པའི་རྩ་ལག་གལ་ཆེ་གྲས། མཁས་བཙུན་བཟང་གསུམ་ཆ་མཉམ་གྱི་ཡོན་ཏན་ཚད་མཐོར་སོན་པ་༧སྐྱབས་རྗེ་རྡོ་རྫོང་སྐུ་ཕྲེང་བརྒྱད་པ་ངག་དབང་ཡོན་ཏན་ཆོས་ཀྱི་ཉི་མ་མཆོག་ཐའེ་ཝན་དུ་སྐུ་གཤེགས་ཤིང་། གྲུ་གུ་ཆོས་རྒྱལ་རིན་པོ་ཆེ་དང་། གྲུབ་དབང་ཚོགས་གཉིས་རིན་པོ་ཆེ་སོགས་གདོང་མཆོད་སོགས་ཀྱི་འབྲེལ་ཡོད་གནད་ཡོད་དག་བརྒྱུད་ནས་ཁོངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། རིན་པོ་ཆེ་སྐུ་གཤེགས་ནས་ཉིན་ཞག་ཉི་ཤུ་རྩ་དྲུག་ཟིན་པའི་ཁར་རྩང་ཡང་སྔར་བཞིན་སྐུ་ལས་ཀྱི་མདངས་མ་ཡལ་བ་སོགས་ཀྱི་རྟགས་མཚན་གསལ་པོས་ཐུགས་དམ་ལ་བཞུགས་མུས་ཡིན་འདུག་པ་དང་། ཉེ་ཆར་གྲུབ་དབང་ཚོགས་གཉིས་རིན་པོ་ཆེས་མཚམས་སྦྱོར་འབྲེལ་བཤད་གནང་བའི་སྐུ་གདུང་གནས་སྟངས་སྐོར་གྱི་བརྙན་ཐུང་དུམ་བུ་ཞིག་ཕྱིར་བསྒྲགས་བྱུང་བར་སྐྱེ་བོ་ཁྲི་འབུམ་མང་པོས་ཧ་ཅང་དོ་སྣང་ཆེན་པོ་ཞུས་ཡོད་འདུག དུས་མཚུངས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་དང་། འབྲུག་པ་དཀར་བརྒྱུད་ཀྱི་བསྟན་པའི་བདག་པོ་༧རྒྱལ་དབང་འབྲུག་ཆེན་པ་དང་། རིན་པོ་ཆེའི་ཐུགས་སྲས་ཐུ་བོ་༧སྐྱབས་རྗེ་འབྲུག་ཁམས་སྤྲུལ་ཡང་སྲིད་རིན་པོ་ཆེ་སོགས་ཀྱིས་མྱ་ངན་གུས་འདུད་དང་། ཡང་སྲིད་མྱུར་འབྱོན་སོགས་ཀྱི་གསུང་འཕྲིན་ཡོངས་ཁྱབ་ཏུ་བསྩལ་པ་དང་། ཁྱད་པར་༧རྒྱལ་དབང་༧ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་ནས་རྡོར་གདན་བཀའ་བརྒྱུད་སྨོན་ལམ་ཚོགས་ཞུགས་ཡོངས་ཀྱི་དབུ་དྲངས་ཏེ་དམིགས་བསལ་དགོངས་རྫོགས་མཆོད་འབུལ་དང་། ཡང་སྲིད་མྱུར་བྱོན་དང་འབྲེལ་བའི་བཀའ་རྩོམ་སོགས་གནང་བར་མ་ཟད། དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ཀྱི་ཆོས་ཀྱི་དབུ་ཁྲིད་༧རྗེ་མཁན་པོ་མཆོག་གིས་ཀྱང་རིན་པོ་ཆེ་མཆོག་སྐུ་གཤེགས་པར་བློ་ཕམ་གནང་ཡོད་འདུག
༧སྐྱབས་རྗེ་རྡོ་རྫོང་སྐུ་ཕྲེང་བརྒྱད་པའི་མཛད་རྣམ་སྙིང་བསྡུས།
ཐོག་མར་རྒྱལ་ཁམས་པ་དཀོན་མཆོག་རྒྱལ་པོའམ། ནང་སོ་དཀོན་མཆོག་རྒྱལ་པོ་ནི་ཁམས་སྤྲུལ་སྐུ་ཕྲེང་དང་པོ་ཀརྨ་བསྟན་འཕེལ་དང་དུས་མཉམ་ཞིང་། འབྲུག་པ་དཀར་བརྒྱུད་ཀྱི་བརྒྱུད་པ་འཛིན་མཁན་མཚུངས་མེད་ཆོས་རྗེ་ལྷ་རྩེ་བ་ངག་དབང་བཟང་པོ་སྟེ། ཡོངས་འཛིན་རིན་པོ་ཆེ་སྐུ་ཕྲེང་དང་པོའི་དངོས་སློབ་ཡིན། ཁོང་ནི་དུས་དེར་སྙན་གྲགས་ཆེ་བའི་མཁས་གྲུབ་གཉིས་ལྡན་ཞིག་རེད།
ཆོས་རྗེ་ལྷ་རྩེ་བ་ངག་དབང་བཟང་པོས་འཁོར་འགྱེད་གནང་བའི་སྐབས་སུ། བུ་ཆེན་གཙོ་བོ་གསུམ་ལ་མ་འོངས་བསྟན་པ་སྤེལ་ཕྱོགས་ཀྱི་ལུང་བསྟན་ཏེ། སྟོད་ལ་སྟག་ཚང་རས་པ། སྨད་ལ་ནང་སོ་དཀོན་མཆོག་རྒྱལ་པོ། བར་ལ་མདོ་ཁམས་ཀརྨ་བསྟན་འཕེལ་གསུམ་མངགས་མཛད། སྟག་ཚང་རས་པས་ལ་དྭགས་དང་། ལྷོ་མོན། མངའ་རིས་སྐོར་གསུམ་སོགས་དང་། མདོ་ཁམས་ཀརྨ་བསྟན་འཕེལ་གྱིས་མདོ་ཁམས་སྒང་དྲུག །དཀོན་མཆོག་རྒྱལ་པོ་ཁོང་ཉིད་བླ་མའི་བཀའ་བཞིན་རྒྱ་ནག་ལ་ཆོས་སྤེལ་དུ་ཕེབས་པའི་ལམ་ཁར་བར་ཆད་ཀྱི་དབང་གིས་ཕེབས་མ་ཐུབ་སྟབས། རོང་མིའི་ཡུལ་གྱི་རྡོ་རྫོང་ཞེས་པའི་ས་ཆར་དགོན་པ་བཏབ་སྟེ་དེར་གདན་ས་ཕབ་ནས་བཞུགས་པ་ལས་རྡོ་རྫོང་རིན་པོ་ཞེས་མཚན་དུ་ཆགས།
ཁམས་ཕྱོགས་ཀྱི་འབྲུག་པ་དཀར་བརྒྱུད་ཀྱི་བླ་མའི་དབུས་སུ་༧སྐྱབས་རྗེ་ཁམས་སྤྲུལ་རིན་པོ་ཆེ་དང་རྡོ་རྫོང་རིན་པོ་ཆེ་རྣམ་གཉིས་ནི་རྒྱུ་སྐར་དབུས་ན་ཉི་ཟླ་ལྟར་མངོན་པར་འཕགས།
དེ་ཡང་༧ སྐྱབས་རྗེ་རྡོ་རྫོང་རིན་པོ་ཆེ་སྐུ་ཕྲེང་བརྒྱད་པ་མཆོག་ནི་སྤྱི་ལོར་ ༡༩༤༢ མདོ་ཁམས་གོ་འཇོ་ཞེས་པའི་ས་གནས་སུ་ཡབ་སྐལ་བཟང་དབང་ཕྱུག་དང་། ཡུམ་འཛོམ་བྷ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་འཁྲུངས་པའི་ཉིན་སྐུ་གོང་མའི་རྩ་བའི་བླ་མ་ཡོངས་འཛིན་རིན་པོ་ཆེ་སྐུ་ཕྲེང་བདུན་པས་ལུང་བསྟན་གསལ་པོ་གནང་བ་དང་མཐུན་པར། ཁམས་སྤྲུལ་སྐུ་ཕྲེང་བརྒྱད་པ་དང་འབྲི་གུང་ཨ་མགོན་རིན་པོ་ཆེ་བཅས་ནས་ཀྱང་མགྲིན་དབྱངས་གཅིག་གྱུར་གྱིས་ལུང་བསྟན་དང་ངོས་འཛིན་གནང་།
སྐུ་འཁྲུངས་པའི་ཉིན་བྱ་རོག་མང་པོ་ཞིག་གློ་བུར་དུ་འཕུར་ཡོང་ནས་ནང་གི་ཐོག་ཁར་བབས་ནས་རྡོ་རྫོང་རིན་པོ་ཆེ་ངོས་འཛིན་བྱས་ནས་དགོན་པར་གདན་མ་དྲངས་པར་ས་ཆ་དེ་དང་ཁ་མ་བྲལ་བར་གནས་ཤིང་། རྗེས་སུ་ཤེས་རྟོགས་བྱུང་བར་བྱ་དེ་དག་ནི་ཉིན་ལམ་གཉིས་ཀྱི་བར་ཐག་ཡོད་པའི་རྡོ་རྫོང་དགོན་པའི་མགོན་ཁང་གི་གླད་དུ་གནས་བཅས་ཡོད་པའི་ལྷ་བྱ་ཡིན་འདུག
རྡོ་རྫོང་རིན་པོ་ཆེ་མཆོག་ནི་དཔལ་གསང་བའི་བདག་པོ་དང་ཀུན་དགའ་བོ་སོགས་ཀྱི་རྣམ་འཕྲུལ་དང་། གུ་རུ་པདྨའི་ཐུགས་སྲས་རྗེ་འབངས་ཉེར་ལྔའི་ཡ་གྱལ་རྡོ་རྗེ་བདུད་འཇོམ་དང་། རྗེ་མི་ལའི་ཐུགས་སྲས་ཉི་ཟླ་གཉིས་ཀྱི་ཡ་གྱལ་རས་ཆུང་པའི་སྐྱེ་མཐའ་ཡང་ཡིན།
ཁོང་ཉིད་དགོང་ལོ་གསུམ་ཐོག་ཁྲི་འདོན་མངའ་གསོལ་ཞུས་ཤིང་། དགོང་ལོ་ལྔའི་ཐོག་གསན་སྦྱོང་དབུ་ཚུགས་པས་འབྲི་ཀློག་སོགས་ཚེགས་མེད་དུ་མཁྱེན། དགོང་ལོ་བདུན་ཐོག་ཁམས་པ་སྒར་དུ་ཁམས་སྤྲུལ་སྐུ་ཕྲེང་བརྒྱད་པ་མཆོག་དང་ཞལ་འཛོམས་བྱུང་ཞིང་། སྐབས་དེར་ལོ་བཅུ་གཉིས་ལ་ལན་རེ་ཡོད་པའི་གུ་རུའི་དཀོན་མཆོག་སྤྱི་འདུས་ཀྱི་སྒྲུབ་ཆེན་སྐབས་སུ་ཁེལ་བས་སྒྲུབ་ཆེན་ཟླ་གཅིག་ཉེ་བའི་རིང་ལོ་ན་ཆུང་ཆུང་ཡིན་པའི་རིན་པོ་ཆེ་མཆོག་ཚོགས་ཞུགས་གནང་ཞིང་། ཞལ་འདོན་དང་ཕྱག་ལེན་ཚང་མ་ཆགས་ཐོགས་མེད་པ་མཁྱེན་པར་མཛད་ཅིང་། དེ་ནས་ཁམས་སྤྲུལ་རིན་པོ་ཆེའི་མདུན་ནས་དཔལ་ལྡན་འབྲུག་པ་བཀའ་བརྒྱུད་པའི་དབང་ལུང་མན་ངག་མཐའ་དག་གསན་མགོ་ཚུགས།
དགོང་ལོ་བཅུ་བཞིའི་ཐོག་ཁམས་པ་དགོན་དུ་ཕེབས་ནས་ཀཿཐོག་མཁན་ཆེན་པདྨ་མཐར་ཕྱིན་ལས་དབུ་མ་སོགས་ལ་གསན་སྦྱོང་གནང་ཞིང་སྦྱངས་འབྲས་ཡང་རྩེར་སོན།
སྤྱི་ལོ་༡༩༥༨ལོར་ལོ་ན་བཅོ་ལྔར་སོན་པའི་རྡོ་རྫོང་རིན་པོ་ཆེ་མཆོག་ཁམས་སྤྲུལ་རིན་པོ་ཆེ་དང་ལྷན་དུ་བོད་གངས་ཅན་ལྗོངས་དང་ཞལ་གྱེས་ཏེ་རྒྱ་གར་ལ་ཕེབས། ཐོག་མར་ལྷ་ས་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མཇལ་ཞིང་། དེ་ནས་འབྲས་ལྗོངས་བརྒྱུད་རྒྱ་གར་དུ་ཕེབས།
རྒྱ་གར་དུ་ཕེབས་ནས་ཆེར་མ་འགོར་བ་ན་༧སྐྱབས་རྗེ་ཁམས་སྤྲུལ་རིན་པོ་ཆེས་ཁམས་པ་སྒར་གྱི་དུས་མཆོད་གར་འཆམ་དང་དེ་བཞིན་བསྟན་འགྲོའི་མཛད་འཕྲིན་སླར་གསོ་གནང་མགོ་ཚུགས་པར་མ་ཟད། འབྲུག་དང་བོད་ནས་ཡོང་བའི་དགེ་འདུན་པ་དང་དད་ལྡན་པ་རྣམས་ལ་བཞུགས་གནས་གོ་སྒྲིག་སོགས་མཛད། ཕྱོགས་མང་པོའི་འབད་བརྩོན་དང་འབྲས་ལྗོངས་ཐེབས་རྩ་ཚོགས་པའི་རོགས་རམ་སོགས་ལ་བརྟེན་ནས་ཀ་བློན་སྦུག་ཏུ་ཟངས་མདོག་དཔལ་རིའི་ལྷ་ཁང་བཞེངས།
དུས་མཚུངས་རྡོ་རྫོང་རིན་པོ་ཆེའི་སློབ་གཉེར་ཡང་མཇུག་སྐྱོང་གནང་ཐུབ་པ་བྱུང་ཞིང་། ༧སྐྱབས་རྗེ་ཁམས་སྤྲུལ་རིན་པོ་ཆེ་དང་། ༧རྒྱལ་དབང་ཀརྨ་པ་བཅུ་དྲུག་པ། དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་སོགས་ལས་སྤྱི་ལོ་༡༩༦༩བར་དུ་དབང་ལུང་ཁྲིད་གསུམ་སྤྱི་དང་ཕྱག་རྒྱ་ཆེན་པོའི་ཉམས་ལེན་མཐའ་དག་བུམ་པ་གང་ཕྱོའི་ཚུལ་དུ་གསན་གནང་མཛད།
སྤྱི་ལོ་༡༩༦༩ ལོར་ཁམས་པ་སྒར་གྱི་ཕྱིས་ཀྱི་གདན་ས་བཀྲ་ཤིས་ལྗོངས་སུ་མཁན་པོའི་མཚན་རྟགས་བཞེས་ཤིང་། སྤྱི་ལོ་༡༩༧༡ ལོར་ཁམས་པ་སྒར་གྱི་བསྟན་བདག་ཁྲི་ཚབ་ཀྱི་འགན་བཞེས།
སྤྱི་ལོ་༡༩༨༠ ཁམས་སྤྲུལ་རིན་པོ་ཆེ་ཞིང་གཤེགས་པ་དང་ཁོང་ཉིད་ཀྱིས་དགོན་བདག་གི་འགན་བཞེས་གནང་མཛད་ཅིང་། ༧ཀརྨ་པ་བཅུ་དྲུག་པ་རིག་པའི་རྡོ་རྗེ་དང་༧སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རྣམ་གཉིས་ཀྱིས་ངོས་འཛིན་གནང་བའི་ཁམས་སྤྲུལ་རིན་པོ་ཆེའི་ཡང་སྲིད་ཁྲི་འདོན་སོགས་ཀྱི་ཐུགས་འགན་བཞེས། ཁམས་སྤྲུལ་གོང་མའི་མདུན་ནས་ཐོབ་པའི་དབང་ལུང་མན་ངག་ཡོང་རྫོགས་བུམ་པ་གང་བྱོའི་ཚུལ་དུ་ཁམས་སྤྲུལ་ཡང་སྲིད་རིན་པོ་ཆེ་ལ་ཕུལ་མཛད་པ་མ་ཟད། ཀུན་མཁྱེན་པད་དཀར་གྱི་སྡོམ་རྒྱུན་བཞུགས་པའི་འབྲུག་ཡུལ་རྗེ་མཁན་པོའི་མདུན་ནས་ཁམས་སྤྲུལ་ཡང་སྲིད་ཀྱིས་བསྙེན་རྫོགས་སྡོམ་པ་བཞེས་པའི་འགན་ཁུར་ཆ་ཚང་མཛད།
དེ་ནས་༧གོང་ས་སྐྱབས་མགོན་ཆེན་པོའི་བཀའ་གནང་ལམ་སྟོན་དང་རྗེས་འབྲེལ་ཐོག་བཀྲ་ཤིས་ལྗོངས་ཁམས་པ་སྒར་དང་ཁད་ཉེ་བའི་ས་གནས་ཤིག་ལ་དགོན་ས་གསར་འདེབས་ཀྱི་ཐུགས་ཐག་བཅད་གནང་སྟེ། རྒྱ་གར་བྱང་ཕྱོགས་ཧི་མ་ཅལ། གྷོ་པ་པུར་ལ་ཕྱི་ལོ་ 2003 ཟླ་བ་ 12 ཚེས་ 5 དབུ་འཛུགས་གནང་བའི་རྡོ་རྫོང་དགོན་མདོ་སྔགས་རབ་རྒྱས་ཆོས་གླིང་ངམ། བྱང་ཆུབ་ལྗོངས་ཞེས་པའི་ཆོས་སྡེ་གསར་དུ་བཏབ། ཕྱི་ལོ་ 2010 ཟླ་བ་ 9 ཚེས་ 12 ཉིན་ ༸ གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། ༸ རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ། ༸ རྒྱལ་བ་མདོ་ཁམས་དགུ་པ་ངེས་དོན་བཤད་སྒྲུབ་ཉི་མ། རྫིང་སར་འཇམ་དབྱངས་མཁྱེན་བརྩེ་བཅས་གདན་དྲངས་ཏེ་ཆོས་སྡེ་གསར་པ་དབུ་འབྱེད་མཛད་སྒོ་གནང་།
དེ་བཞིན། རྒྱུན་ལྡན་༸ གོང་ས་མཆོག་གིས་ཐུགས་བརྩེས་གཟིགས་པ་ཆེ་བས། གཞུང་སའི་བཀའ་བློན་འགན་ཁུར་དགོས་ཞེས་ཡང་ཡང་བཀའ་ཕེབས་གནང་ནའང་། སྲིད་དོན་དང་འབྲེལ་བའི་ཞབས་སྡོད་གང་ཡང་མི་འཇོན་ཡང་ཆོས་ཕྱོགས་དང་འབྲེལ་བའི་ཞབས་ཕྱི་ཧུར་ཐག་ཞུ་རྒྱུ་ཡིན་ཞེས་སྙན་གསན་ཕུལ་དོན་ལྟར། ཕྱི་ལོ་ 2000 ཐམ་པ་ལོར་ཡེ་ཤུས་གོ་སྒྲིག་འོག་འཛམ་གླིང་ཆོས་ལུགས་རིས་མེད་ཀྱི་བགྲོ་གླེང་ཐོག་ཏུ་༸ གོང་ས་སྐྱབས་མགོན་ཆེན་པོས་བཀའ་ཕེབས་པ་བཞིན་ ༸ གོང་ས་མཆོག་གི་སྐུ་ཚབ་གནང་ནས་མཉམ་ཞུགས་གནང་བ་མ་ཟད། ཐ་ལན་ཌའི་རྒྱལ་ས་བྷེན་ཀོག་ཏུ་༸ གོང་ས་མཆོག་གི་སྐུ་ཚབ་གནང་སྟེ། ནང་པའི་བགྲོ་གླེང་ཞིག་ཏུ་མཉམ་ཞུགས་གནང་།
རིན་པོ་ཆེ་མཆོག་གིས་རང་འདོད་མེད་པའི་ཐོག་ནས་མཚུངས་པ་མེད་པའི་བྱམས་བརྩེ་དང་ཤེས་རབ། ཐུགས་བསྐྱེད་བཅས་ལ་བརྟེན་ནས་ས་གནས་བོད་ཀྱི་གཞིས་ཆགས་དང་དགོན་པ་སོགས་ཀྱི་ཆེད་དུ་འབད་པ་ཆེན་པོ་གནང་བ་དང་། ཆོས་བརྒྱུད་རིས་སུ་མ་ཆད་པར་གསན་བསམ་ཉམས་བཞེས་རྒྱ་ཆེན་མཛད་པས་དེང་གི་དུས་འདིར་བོད་བརྒྱུད་ནང་བསྟན་གྱི་བླ་མ་རྣམ་པའི་ཁྲོད་ནས་གསན་པ་ཆེ་ཞིང་། ཉམས་ལེན་ལ་བརྩོན་པའི་གུས་པ་ཆེན་པོ་ཞུ་ཡུལ་གྱི་བླ་མ་ཧ་ཅང་གལ་ཆེ་བ་ཞིག་ཡིན། ཕྱི་ལོ་ ༢༠༡༧ ཟླ་བ་ ༢ ཚེས་ ༡༦ ཉིན་ཐེ་ཝན་ཁམས་པ་སྒར་གྱི་ཆོས་ཚོགས་སུ་སྐུ་གཤེགས་ཤིང་། སྐུ་གཤེགས་ཁར་སྐུའི་ཡང་སྲིད་སྐོར་ནས་བཀའ་འདྲི་ཞུ་སྐབས་ “ མ་གཞི་ངེད་ནས་ཡི་གེ་བཞག་ཡོང་། གང་ལྟར་༸ རྒྱལ་བ་མདོ་ཁམས་པ་བཤད་སྒྲུབ་ཉི་མ་རིན་པོ་ཆེ་ཁོ་ནས་ཐུགས་འགན་བཞེས་ནས་དེས་ཐག་གང་བཅད་གནང་ཡོང་བ་དེ་ག་རང་ཁོ་ན་ནོར་མེད་ཡིན་པར་ཁོང་ལ་འབྲེལ་ཡོད་ཀུན་ནས་ཡིད་ཆེས་བློས་འགེལ་བྱེད་དགོས„ ཞེས་སོགས་ཞལ་ཆེམས་གནང་མཛད་ཅིང་། རེ་ཞིག་མི་མངོན་དག་པའི་དབྱིངས་སུ་སྐུ་གཤེགས་པའི་ཚུལ་བསྟན།
མཛད་རྣམ་ངོ་སྤྲོད་སྙིང་བསྡུས་འདི་བཞིན་འཕྲལ་གྱི་དགོས་མཁོ་བྱུང་བ་བཞིན། སྤྱི་ལོ་༢༠༡༧ཟླ་༣ཚེས་༡ ཉིན། རྫ་ཚེ་རིང་བཀྲ་ཤིས་ཀྱིས་རྒྱ་ཡིག་ཐོག་གི་རིན་པོ་ཆེའི་ངོ་སྤྲོད་ཅིག་ལས་འཕྲལ་བསྒྱུར་ཞིང་རྗེས་འབྲེལ་གནས་ཚུལ་ཁག་ཅིག་འབྲེལ་ཡོད་དངོས་སློབ་གཞན་ལའང་དྲིས་ཏེ་ཁ་བསྐངས་སོ།།
སྐྱབས་རྗེ་རྡོ་རྫོང་རིན་པོ་ཆེ་སྐུ་གཤེགས་པར་བློ་ཕམ་བྱུང་། ཁོང་ནི་མདོ་སྔགས་གཉིས་ཀར་སློབ་སྦྱོང་དང་ཉམས་ལེན་ཡག་པོ་གནང་མཁན་དེང་དུས་ཀྱི་བླ་སྤྲུལ་ཚོའི་གྲལ་ནས་མཆོག་ཏུ་གྱུར་བ་ཞིག་ཡིན་པ་སྨོས་མེད་ལགས། མདོར་ན་དམ་པ་ཁོང་ནི་ཡུལ་ཁམས་གང་དང་གང་སྐྱེ་ཞིང་རྒྱལ་བའི་བསྟན་པར་བཞུགས་ནས་སྐུ་ཚེ་མཐར་ཕྱིན་ཅིང་འགྲོ་དོན་འབད་མེད་དུ་འགྲུབ་པར་སྨོན། །
རྫ་ཚེ་རིང་བཀྲ་ཤིས་མཆོག་གིས། ༧སྐྱབས་རྗེ་རྡོ་རྫོང་རིན་པོ་ཆེའི་སྐོར་དོ་སྣང་ཆེན་པོས་བྲིས་པར་བཀའ་དྲིན་ཆེ་ཞུ་འོས་སུ་གྱུར།
བོད་སྐད་སྲུང་ཞིང་མི་ཉམས་པ་ལ་བཞེད་པ་ཡོད་ན། བོད་ཀྱི་དཔེ་ཆ་དག་ན་མེད་པའི་མིང་ཚིག་གྱུར་པ་དགོངས་པ་བཞེས་དགོས་ཏེ།
་
ད་ཐེངས། ཞེས་པ་སྔར་བྲིས་དཔེ་ཆ་གང་ན་ཡང་མ་མཐོང་། ད་ལན་མང་དུ་མཐོང་།
དགེ་འདུན་པ། ཞེས་དགེ་འདུན། པ་ཡིག་བསྣན་ཏེ། སྔར་བྲིས་མིང་ཚིག་ཉམས་པའི་གྲོགས་སུ་འགྱུར།
བསྩལ་པ། ཞེས་པ་རྩོལ་བའི་འདས་ཚིག་ཡིན་པ་སྔར་བྲིས་བོད་དཔེ་གང་དུ་ཡང་མེད་པར་ཟད། བསྩལ་པ། ཞེས་པ་སེལ་བའི་འདས་ཚིག བསལ་བའི་དོན་དུ། སྡེ་དགེའི་བཀའ་བསྟན་གྱི་དཔེ་ཆ་འགར་ལི་ཤིའིགུར་ཁང་ན་ཡོད་པ་བཞིན། བྲིས་པར་སྣང་ངོ་།
་
བདག་གིས་བྲིས་པ་མ་རུངས་པ་དང་། ཡི་གེ་ནོར་འཁྲུལ་དག་སེལ་དགོས།
ཐུགས་རྗེ་ཆེ།
ཕྱི་ལོ་2010 ལོའི་ཕྱི་ཟླ་བརྒྱད་པའི་ཚེས་བཅུ་གཉིས་ཉིན་་ས་གནས་གྷོ་པལ་པུར་གྱི་ཉེ་འཁྲིས་སུ། རྡོ་རྫོང་རིན་པོ་ཆེ་མཆོག་གིས་གསར་བཞེངས་མཛད་པའི་རྡོ་རྫོང་དགོན་ཐུབ་བསྟན་མདོ་སྔགས་རབ་རྒྱས་ཆོས་གླིང་གི་རྟེན་དང་བརྟེན་པར་བཅས། ལེགས་གྲུབ་ཟིན་པའི་རྟེན་འབྲེལ་དབུ་འབྱེད་མཛད་སྒོའི་ཐོག ༧གོང་ས་མཆོག་དང་དཔལ་རྒྱལ་བ་ཀརྨ་པ་རྣམ་གཉིས་ཀྱིས་གཙོས། རྒྱལ་ཚབ་རིན་པོ་ཆེ་དང། རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ། ཁམས་སྤྲུལ་རིན་པོ་ཆེ། རྒྱུད་སྟོད་མཁན་རིན་པོ་ཆེ་སོགས་བླ་སྤྲུལ་གྲྭ་བཙུན་རྣམས་དང། བོད་གཞུང་གི་བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་དབུས་བཀའ་བློན་ཁག་གཅིག གྲོས་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན་རྣམ་གཉིས་ཀྱིས་དབུས་སྤྱི་འཐུས་ཁག་གཅིག དེ་བཞིན་སྡེ་ཚན་ཁག་གི་དྲུང་ཆེ་ཆུང་དང་གཞུང་ཞབས་ཁག་གཅིག བཀའ་ཟུར་དང་སྤྱི་ཟུར། སློབ་གྲྭ་ཁག་གི་དབུ་འཛིན་དང་ལས་བྱེད། སློབ་ཕྲུག་མི་མང་བཅས། ཁྱོན་མི་གྲངས་༤༠༠༠ ལྷག་ཙམ་མཛད་སྒོའི་ཐོག་ཕེབས་འདུག
དང་ཐོག་༧གོང་ས་མཆོག་གིས་གཙུག་ལག་ཁང་གི་གསེར་སྒོའི་དར་ཚོན་གཅོད་བྲེག་དང། སྣང་གསལ་ཞལ་འབྱེད། རྟེན་གསུང་ལ་རབ་གནས་ཐུགས་སྨོན་གནང་སྟེ་བྱ་འཆད་ཀ་བ་ཡེ་ཤེས་རྡོ་རྗེའི་གསུང་བློ་སྦྱོང་དོན་བདུན་མའི་བཀའ་ཁྲིད་བསྩལ་སོང། ཉིན་རྒྱབ་༧གོང་ས་མཆོག་གཙུག་ལག་ཁང་གི་སྒོ་ཁྱམ་གྱི་ཞབས་སྟེགས་སྟེང་བཞུགས་ནས། བོད་ཀྱི་བླ་སྤྲུལ་ཁག་དང་དབུས་གཞུང། མངའ་སྡེའི་དཔོན་རིགས་ཁག་གིས་དབུ་འབྱེད་མཛད་སྒོ་ལ་ཆེད་དུ་བསྩལ་བའི་ཤིས་ཚིག་གསུང་འཕྲིན་རྣམས་སྒྲོགས་སྦྱང་གནང་རྗེས། དགོན་པའི་དབུ་འཛིན་རྡོ་རྫོང་རིན་པོ་ཆེ་མཆོག་གིས་དགོན་པའི་དམིགས་ཡུལ་དང་བྱུང་རིམ་སྐོར་གསུང་བཤད་གནང་དོན།
ཐོག་མ་སྦྱིན་བདག་ཁག་ཅིག་གིས་དགོན་པ་འདི་འདྲ་བ་གསར་བཞེངས་དགོས་པའི་རེ་བ་གནང་ཡོད་ཀྱང་ངའི་ངོས་ནས་དང་ལེན་བྱས་མེད། རྗེས་སུ་༧གོང་ས་མཆོག་དང་ས་སྐྱ་གོང་མ་རིན་པོ་རྣམ་གཉིས་ཀྱི་སྐུ་མདུན་དུ་ཐུགས་དམ་ཞུས་ནས་གསར་བཞེངས་བྱས་པ་ཞིག་ཡིན་པ་དང། དགོན་པ་འདི་བཞེངས་དགོས་པའི་དམིགས་ཡུལ་གཙོ་བོ་གསུམ་ཡོད། དང་པོ་བོད་ཀྱི་ཆོས་དང་རིག་གཞུང་ཆགས་འཇིགས་ཀྱི་གནས་སུ་ལྷུང་ཡོད་པ། དེ་དག་མི་ཉམས་རྒྱུན་འཛིན་དང་ལྷག་དོན་འབྲུག་པ་བཀའ་བརྒྱུད་ཀྱི་བསྟན་པ་མི་ཉམས་རྒྱུན་འཛིན་བྱེད་རྒྱུ་དང། གཉིས་པ། ༧གོང་ས་མཆོག་གིས་བཀའ་སློབ་རིམ་ཕེབས་བཞིན་གྲྭ་བཙུན་ཙམ་མིན་པ། བོད་པའི་གཞོན་སྐྱེས་ཁག་ལའང་ནང་ཆོས་ངོ་སྤྲོད་གནང་ནས། སྤྱི་ཚོགས་སུ་ནང་ཆོས་ཀྱི་གོ་རྟོགས་གོང་མཐོར་གཏོང་དགོས་གསུངས་པ་དེ་ལག་ལེན་བསྟར་ཐབས། གསུམ་པ། ཁུ་ནུ་དང་ག་ཤ་སོགས་ཕ་མེས་ནས་ནང་པ་ཡིན་པའི་ཧི་མ་ལ་ཡའི་རིགས་རྒྱུད་ཀྱི་གཞོན་སྐྱེས་ཚོར། ནང་ཆོས་ཤེས་འདོད་ཀྱང་གོ་སྐབས་དཀོན་པོ་ཡིན་པས། དེ་དག་ལ་ནང་ཆོས་ངོ་སྤྲོད་ལོ་གཅིག་གི་ནང་ཐེངས་གཉིས་གསུམ་རེ་གོ་སྒྲིག་བྱེད་འཆར་དང། ནང་ཆོས་ངོ་སྤྲོད་ཀྱི་དུས་ཡུན་རིང་བཞུགས་ཡུལ་དང་ཞལ་ལག་དགོན་པ་རང་ནས་རིན་མེད་གཏོང་རྒྱུ་ཡིན། དེ་བཞིན་དགོན་པ་འདིའི་ནང་ད་ལྟའི་སྐབས་མཆོད་རྟེན་དང་དཔེ་མཛོད་ཁང། གྲྭ་ཤག་སོགས་མཐུན་རྐྱེན་ཅུང་ཟད་འཛོམས་ཡོད་པ་རྣམས། མཐུན་རྐྱེན་ཆོས་ཀྱི་འགོག་རྐྱེན་ལ་མི་འགྲོ་བ་བྱེད་རྒྱུའི་དམ་བཅའ་བརྟན་པོ་ཡོད་”ཅེས་སོགས་གསུངས་སོང་།
དེ་ནས་རིམ་གྱིས་མཁས་དབང་ཟམ་གདོང་རིན་པོ་ཆེ་དང། དཔལ་རྒྱལ་བ་ཀརྨ་པ། སྤྱི་འཐུས་སོགས་ཀྱིས་རྡོ་རྫོང་རིན་པོ་ཆེ་མཆོག་གིས། སྐུ་ལས་བསྐྱོན་ནས་དགོན་པ་གསར་བཞེངས་གནང་བ་དང་། དེ་བཞིན་དགོན་པའི་དམིགས་ཡུལ་ཁག་གསུམ་ཧ་ཅང་གི་གལ་འགངས་ཆེ་བས། ལག་ལེན་དོན་འཁྱོལ་ཡོང་བའི་རེ་སྨོན་དང་ཤིས་ཚིག་གནང་སོང།
དེ་རྗེས་༧གོང་ས་མཆོག་གིས། “དགོན་པ་འདིས་སྐྱ་བོ་ཕོ་མོ་ཚོས་ནང་ཆོས་སྦྱོང་སའི་དམིགས་ཡུལ་བཟུང་ཡོད་པ་འདི། དུས་ལ་འཚམས་པ་དང་ངེས་པར་དུ་དགོས་པ་ཞིག་ཆགས་ཡོད་པ་རེད། ངས་ནམ་རྒྱུན་ནས་ང་ཚོ་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་སླེབས་བསྡད་ཡོད་པ་དང་། ནང་པ་ཚོའང་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་པ་ཞིག་བྱེད་དགོས་པ་རེད་ཅེས། རྒྱ་རིགས་གྲོགས་པོ་ཚོ་ལའང་ཤོད་ཀྱི་ཡོད་ལ་བོད་པ་ཚོ་ལའང་ཤོད་ཀྱི་ཡོད། ང་ཚོས་ནང་ཆོས་སློབ་ཟེར་དུས་འདོན་པ་ཚིག་ཁ་ཤས་གཅིག་བསླབས། དེ་ནས་འཕྲེང་མ་ཞིག་ཁྱེར་ཏེ་སྔགས་བགྲང། བསྐོར་ར་བརྒྱབ་པ་ཙམ་བྱས་པ་དེ། ལུས་དང་ངག་གིས་བསྒྲུབས་པའི་དགེ་བ་རེད་དེ་གཙོ་བོ་ཆོས་ཟེར་བ་དེ་སེམས་ཀྱི་ནང་ནས་འགྲོ་དགོས་པ་ཞིག་ཆགས་ཡོད་པ་རེད། སངས་རྒྱས་ཀྱི་ཆོས་དེ་གཙོ་བོ་ཡིད་བློ་ལ་བརྟེན་ནས་སྒྲུབ་དགོས་པ་དང། དེ་དཀའ་བ་རེད་ལ་ཕྲ་བའང་རེད་ཅེས་གསུངས་ཡོད་པ་རེད། དེ་སྔ་བོད་པའི་གོམས་གཤིས་ལ་ཆོས་སློབ་དགོས་རེད་ཟེར་དུས་གྲྭ་པའི་ལས་འགན་ཡིན་པ་ལྟ་བུ་དྲན་གྱི་ཡོད་པ་རེད། རབ་བྱུང་ཕོ་མོ་གཉིས་ཀྱི་ནང་ནས་རབ་བྱུང་ཕོ་མ་གཏོགས་རབ་བྱུང་མོས་ཆོས་སློབ་མི་དགོས་པའི་སྲོལ་དང། དེ་བཞིན་སྔགས་འཆང་ཚོས་ཀྱང་འདོན་པ་བཏོན་པ་ཙམ་ལས་ཆོས་སློབ་མི་དགོས་པའི་བསམ་ཚུལ་འཛིན་པ། མི་སྐྱ་ཕོ་མོ་ཚོ་བརྗོད་མི་དགོས་པ་རེད། ལམ་སྲོལ་དང་གོམས་གཤིས་དེ་ནི་ཆེས་སྒྱིད་ལུགས་ཀྱི་རྣམ་པ་རེད་”ཅེས་སོགས་བཀའ་སློབ་ཟབ་མོ་བསྩལ་སོང། དེ་རྗེས་རིག་གཞུང་འཁྲབ་སྟོན་སོགས་གནང་ཡོད་པ་རེད།།
ཡོང་ཁུངས་བང་ཆེན་དྲ་བ།
ལེགས་པར་བྲིས་པར་དགའ་བསུ།
བསྩལ་དང་། ཐེངས་ལ་བཤད་ཟིན་པ་ལྟར་རོ།
དམ་པའི་མཛད་པ་ཕལ་བས་གང་ནས་ཤེས་།
དམ་པའི་འདུལ་བྱ་འཇིག་རྟེན་གསུམ་ལ་ཁྱབས་།
དམ་པའི་ལམ་སྟོན་ལོ་རྒྱུས་གཏེར་དུ་གསལ་།
དམ་པ་ཀུན་གྱི་སྨོན་ལམ་འགྲུབ་པ་ཤོག་།
ད་སྤྲུལ་སྐུ་དགོས་པ་མ་རེད།
རྙིང་མར་བླ་མ་མང་པས་སྐྱོན། འཆད་ཉན་སློབ་མེད་པས་སྐྱོན། སྐྱ་མིན་སེར་མིན་མང་པས་སྐྱོན། རྒྱ་བླ་རྒྱ་སྒོར་གཉེར་བའི་སྐྱོན། གཞུང་ཆེན་སློབ་གཉེར་སྐྱོ་བོ་རེད། དགོན་བསྐྱུར་གྲོང་མཐའ་མྱུལ་མཁན་མང་། ཁྱིམ་པར་བསྙེན་ཅིང་ངོར་བལྟ་བའི། གྲྭ་གཟུགས་བླ་གཟུགས་ས་སྟེང་གང་། ད་ནི་སྤྲུལ་སྐུས་ཅི་ཞིག་བྱ། བོད་ཀྱི་གྲུབ་མཐའ་ཐམས་ཅད་ལས། སློབ་གཉེར་བརྒྱུད་རིམ་མེད་པ་ལ། བསྒོམ་དང་རི་ཁྲོད་འགྲིམ་ཁུལ་དེ། རྙིང་མ་བཀའ་བརྒྱུད་གཉིས་རེད་འདུག དེ་ལས་དང་པོར་སློབ་སྦྱོང་བྱས། བར་དུ་གང་བསླབ་དཔྱད་བྱར་ལོངས། མཐའ་མར་ངེས་རྙེད་ཉམས་སུ་ལོངས། དེ་མིན་རྒྱ་ཁོག་སྐམ་པོར་ཡི་དྭགས་བཞིན། མྱུལ་བའི་སེར་གཟུགས་འདི་དག་སྐྱོ། ཨ་ཁ་སངས་རྒྱས་བསྟན་པ་འདི། ནང་གི་སེར་གཟུགས་རྣམས་ཀྱིས་བསསྣུབས།
གཞུང་ཆེན་དག་ལ་སློབ་སྦྱོང་བྱས་ཏེ་ཉམས་ལེན་མ་བྱས་ན་ཟས་མཛོད་ཁང་ནས་ལྟོག་ཤི་ཐེབས་པ་དང་གཅིག་མཚུངས་རེད། འདི་ལས་བློ་ཕངས་པ་ཞིག་གང་ན་ཡོད། དེང་དུས་ང་ཚོར་ཆོས་མ་ཐོབ་པའི་དཀའ་ངལ་དེ་ཉུང་བ་རེད། ཆོས་ཐོབ་ནས་ཉམས་ལེན་མ་བྱས་པའི་དཀའ་ངལ་དེ་ཆེ་ཤོས་རེད། །
རྫ་ཚེ་ལགས། རྡོ་རྫོང་རིན་པོ་ཆེ་ད་དུང་མུ་མཐུད་ནས་ཐུགས་དམ་ལ་བཞུགས་འདུག་གམ། ཤེས་འདོད་འདུག །