གནས་ཚུལ་བསྡུ་བསྒྲིགས་དང་མཁོ་གཏོང་བ། རྫ་ཚེ་རིང་བཀྲ་ཤིས།
༼དུས་རབས་ཉེར་གཅིག་པའི་ནང་པ་༽ཞེས་པའི་མགོ་བརྗོད་ཀྱི་འོག་ནས་ལོ་རྒྱུས་རང་བཞིན་ལྡན་པའི་ལྷོ་བརྒྱུད། རྒྱ་བརྒྱུད། བོད་བརྒྱུད་དེ། ནང་བསྟན་བརྒྱུད་པ་གསུམ་གྱི་བགྲོ་གླེང་ཚོགས་ཆེན་ཞིག་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་འགན་འཛིན་མི་སྣ་མཁན་པོ་ཚུལ་རྣམ་རིན་པོ་ཆེས་དམིགས་བསལ་ཐུགས་འགན་ཆ་ཚང་བཞེས་པའི་ཐོག་ནས། རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་དང་། ཐའེ་ཝན་གནའ་རབས་ནང་བསྟན་བསམ་གཏན་སློབ་ཚོགས།
ཞན་ཊང་སློབ་གྲྭ་ཆེན་མོའི་ཆོས་ལུགས་སྡེ་ཚན་བཅས་ཀྱི་གཙོ་སྒྲུབ་ཀྱིས་སྤྱི་ལོ་ཉིས་སྟོང་གསུམ་ལོའི་ཟླ་གསུམ་པའི་ཚེས་སུམ་ཅུ་དང་སོ་གཅིག་གཉིས་ལ་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་ཡི་ཐའེ་ཝན་གཙུག་ལག་སློབ་ཆེན་གྱི་ཚོགས་ཁང་དུ་འཚོགས། འདི་ནི་ཐའེ་ཝན་དུ་བོད་ཀྱི་དགེ་འདུན་པས་དབུ་ཁྲིད་ནས་གོ་སྒྲིག་ཆ་ཚང་བྱས་པའི་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ནང་བསྟན་བགྲོ་གླེང་ཚོགས་ཆེན་ཐོག་མ་དེ་ཆགས་ཡོད།་
དེ་ཡང་ཚོགས་ཆེན་གྱི་ཉིན་དང་པོའི་ཐོག་མར་བརྒྱུད་པ་གསུམ་གྱི་དགེ་འདུན་པས་དཀོན་མཆོག་རྗེས་དྲན་གྱི་མདོ་སོགས་ཀྱི་ཤིས་བརྗོད་ཟིན་པ་དང་། དམིགས་བསལ་སྐུ་མགྲོན་ཐའེ་ཝན་ནང་སྲིད་བློན་ཆེན་ལི་ཧོང་དབྱན『李鸿源』་དང་། ཐའེ་པེ་གྲོང་ཁྱེར་སྤྱི་ཁྱབ་པ་ཧའོ་ལུང་པིན་『郝龙斌』། ཐའེ་ཝན་དམངས་སྲིད་ལས་ཁུངས་ཀྱི་མགོ་གཙོ་སོགས་ཚོགས་འདུར་ཆེད་ཕེབས་ཐོག ནང་སྲིད་བློན་ཆེན་གྱིས་སངས་རྒྱས་ཆོས་ལུགས་ཀྱིས་ཤར་ཕྱོགས་རིག་གནས་དང་ཁྱད་པར་རྒྱ་མི་རིགས་ཀྱི་རིག་གནས་ཀྱི་ཁྲོད་དུ་ཟིན་པའི་གོ་གནས་དང་ཕན་ནུས་སོགས་དང་འབྲེལ་བའི་ཚོགས་འདུར་གདེང་འཇོག་དང་། ཐའེ་ཝན་སྲིད་གཞུང་གི་ངོས་ནས་རླབས་ཆེན་གྱི་ཚོགས་འདུ་འདི་ལྟ་བུ་ཞིག་འཚོགས་ཐུབ་པར་སྙིང་ནས་རྟེན་འབྲེལ་དང་བསྔགས་བརྗོད་གྱི་ཚད་མཐོའི་གདེངས་འཇོག་གནང་གིན་ཡོད་པའི་གཏམ་བཤད་དང་། དེ་དང་མཉམ་དུ་གྲོང་ཁྱེར་སྤྱི་ཁྱབ་མཆོག་གིས་ཀྱང་ཚད་མཐོའི་བསྔགས་བརྗོད་དང་གདེང་འཇོག་གི་གཏམ་བཤད་གཏམ་བཤད་གྲུབ་རྗེས། ཤྲཱི་ལང་ཀའི་སྲིད་འཛིན་གྱི་རྒྱལ་སྤྱིའི་ཆོས་ལུགས་རིག་གནས་ལས་རིགས་ཀྱི་སློབ་སྟོན་པ་གནས་བརྟན་ཆང་ཏི་མཱ་དང་། ཐའེ་ཝན་གྱི་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཞོན་དང་། ཐའེ་པེ་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གནས་བརྟན་མིན་ཀྭང་ཧྥ་ཧྲི『明光法师』། ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་སློབ་གསོ་ལས་རིགས་ཀྱི་འགན་འཛིན་དང་། དཔལ་སྤུང་ཤེས་རབ་གླིང་བཤད་གྲྭའི་སློབ་སྤྱི་མཁན་པོ་ཚུལ་རྣམ་རིན་པོ་ཆེ་བཅས་ནས་ཚོགས་འདུའི་གཙོ་སྒྲུབ་ལས་ཁུངས་ཁག་གི་ཚབ་བྱས་ནས་ཚོགས་འདུ་དབུ་འཛུགས་ཀྱི་གཏམ་བཤད་བཅས་གྲུབ་མཐར་དངོས་གཞིའི་ལས་རིམ་གྱི་དབུ་ཚུགས།
དེ་ཡང་ཐོག་མར། ཤྲཱི་ལང་ཀའི་ནང་བསྟན་དང་པཱ་ལི་གཙུག་ལག་སློབ་ཆེན་གྱི་ཆོས་ལུགས་དང་མཚན་ཉིད་རིག་པའི་ཞིབ་བསྡུར་ཉམས་ཞིབ་ཁང་གི་འགན་འཛིན་མཁས་དབང་གནས་བརྟན་ས་མ་ན་སི་རི་{Rev.Dr.G.SumanasiriThero}ལགས་དང་། ཐའེ་ཝན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཞོན། འཛམ་གླིང་ནང་པའི་དགེ་འདུན་མཐུན་ཚོགས་ཀྱི་བྱེ་བྲག་ནང་ཆོས་དར་སྤེལ་ལྷན་ཚོགས་ཀྱི་གཙོ་འཛིན་རྒྱུན་ལས་『明光』མིན་ཀྭང་ཧྥ་ཧྲི། འབྲི་གུང་མཁན་ཆེན་དཀོན་མཆོག་རྒྱལ་མཚན་བཅས་ནས་ནང་བསྟན་བརྒྱུད་པ་གསུམ་གྱི་མཐུན་ཆ་དང་མཉམ་འབྲེལ་ཞེས་པའི་ཐོག་ལ་གཏམ་བཤད་གནང་།
ཚོགས་ཐེངས་གཉིས་པར། སེང་ག་པོར་ས་མ་ཏི་ཆོས་ཚོགས་ཀྱི་སློབ་སྟོན་པ་དང་། བྱམས་ཆེན་ཆོས་ཚོགས་ཀྱི་སློབ་དཔོན། ཤྲཱི་ལང་ཀའི་གནས་བརྟན་རམ་བུ་ཁི་ཝ་ལ་ག་ན་ན་སེ་ཧ་{Dr.Rambukewala Gnanaseeha Thero}དང་།ཐའེ་ཝན་ཧྭ་ཧྥན་སློབ་ཆེན་གྱི་ནང་རིག་འབུམ་རམས་པ་དང་། ཏཱ་ཅི་ཅིན་སློབ་ཚོགས་ཀྱི་གཙོ་འཛིན་སློབ་དཔོན་ཏཱ་ཅིའི་ཧྥ་ཧྲི『大寂法师』། ༸རྒྱལ་དབང་ཀརྨ་པའི་གསུང་བསྒྱུར་མཁན་པོ་བསྟན་རྒྱས་བཅས་ནས་ནང་བསྟན་བརྒྱུད་པ་གསུམ་གྱི་ལྟ་སྒོམ་སྤྱོད་གསུམ་ཞེས་པའི་ཐོག་ལ་གཏམ་བཤད་དང་། དེ་ནས་ཕྱི་དྲོ་སླར་ཡང་མུ་མཐུད་ཐའེ་ཝན་ཀྲུང་དབྱང་སློབ་གྲྭ་ཆེན་མོར་འབུམ་རམས་པའི་སློབ་གཉེར་གནང་བཞིན་པའི་ཤྲཱི་ལང་ཀའི་བཙུན་པ་ཕིན་ན་ལོ་ཀ་{Rev.W.Pannaloka Thero}དང་།ཆོས་རྔ་རི་བོའི་གཙུག་ལག་སློབ་གཉེར་ཁང་གི་སློབ་སྤྱི་དང་ཏོང་ཅིན་སློབ་གྲྭ་ཆེན་མོའི་རྩོམ་རིག་འབུམ་རམས་པ། ཐའེ་ཝན་སྒྱུ་རྩལ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་སློབ་དཔོན་ཧྭི་མིན་ཧྥ་ཧྲི『惠敏法师』། སེར་བྱེས་དགེ་བཤེས་ལྷ་རམས་པ་ཆོས་ཀྱི་དབང་པོ་བཅས་ནས་སངས་རྒྱས་ཀྱི་ཆོས་འཁོར་རིམ་པ་གསུམ་ཞེས་པའི་བརྗོད་གཞིའི་ཐོག་ལ་གཏམ་བཤད་གནང་།
ཉིན་གཉིས་པའི་ཞོགས་པ་ཐོག་མར། བརྒྱུད་པ་གསུམ་གྱི་བསྟན་པའི་གནས་བརྟན་ཆེན་པོ་གསུམ་མཆད་སྟེགས་སུ་གདན་དྲངས་རྗེས། ཐོག་མར་ཤྲཱི་ལང་ཀའི་གནས་བརྟན་ཆང་ཏི་མ་ལགས་ཀྱིས་ཆོས་ཀྱི་ཚིགས་སུ་བཅད་པ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཞོན་མིན་ཀྭང་ཧྤ་ཧྲི་ནས་ཤེས་རབ་སྙིང་པོ།འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་བརྒྱ་དང་གཉིས་པ་༸སྐྱབས་རྗེ་རི་རྫོང་རིན་པོ་ཆེ་ནས་དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཚིགས་སུ་བཅད་པ་བཅས་པ་ལཱི་དང་རྒྱ་ནག་བོད་བཅས་ཀྱི་སྐད་ཐོག་ནས་གསུངས་མཐར་དངོས་སུ་ལས་རིམ་གྱི་དབུ་ཚུགས།
ཐོག་མར་ཐའེ་ཝན་དགེ་བསྙེན་མཐུན་ཚོགས་ཀྱི་ཚོགས་གཞོན་དང་། ཧོང་ཀོང་དངོས་ལུགས་སློབ་ཆེན་དང་། སེང་ག་པོར་ནང་བསྟན་སློབ་གླིང་སོགས་ཀྱི་མཚན་འཛིན་དགེ་རྒན་ཆེན་མོ། སྐད་གྲགས་ཅན་གྱི་བོད་ཀྱི་སྐྱེ་འཆི་ཞེས་པའི་དེབ་ཀྱི་ལོ་ཙཱ་བ་སྐབས་འདིའི་ཚོགས་འདུའི་གཙོ་སྐྱོང་བ་ངེས་པ་དོན་གྱི་མཁས་དབང་ལོ་ཙྭ་བ་ཆེན་པོ་ཀྲིང་ཀྲིན་ཧྭོང་『郑振煌』ལགས་ཀྱིས་ཆོས་ཀྱི་རྒྱ་མཚོ་ལས་ཐིགས་པ་གཅིག་ཙམ་བླངས་པ་ཞེས་པའི་བརྗོད་གཞིའི་ཐོག་གསུངས་བཤད་ཚར་བ་དང་། སྔ་དྲོའི་གཏམ་བཤད་གནང་མཁན་རྒྱལ་སྤྱིའི་རིམ་པའི་ཁྱད་པར་གྱི་མི་སྣ་གསུམ་སྟེ། ཤྲཱི་ལང་ཀའི་ཁི་ལ་ཉི་ཡ་གཙུག་ལག་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དང་། པ་ལཱའི་ཡི་གེ་དང་ནང་བསྟན་ཞིབ་འཇུག་ཁང་གི་འགན་འཛིན། སློབ་དཔོན་ཆེན་མོ་ས་མ་ན་པ་ལཱ་Dr.G.P.Sunanapala}ལགས་ཀྱིས་ནང་བསྟན་གྱི་སློབ་གསོའི་ལྟ་བ་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་དང་། ཚེ་སྲོག་བརྙན་འཕྲིན་ཁང་གི་མགན་འཛིན་སྐད་གྲགས་ཅན་གྱི་ཆོས་ཀྱི་སློབ་དཔོན་ཧྭའེ་ཐའོ་ཧྥ་ཧྲི་『海涛法师』ནས་མི་དད་ལྡན་མང་ཚོགས་ཀྱི་སློབ་གསོ་དང་འབྲེལ་བའི་གསུང་བཤད།
༸སྐྱབས་རྗེ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་ནས་མདོ་སྔགས་ཡོངས་རྫོགས་དམ་ཆོས་འདུལ་བའི་རྩ་བ་ཅན་ཞེས་པའི་བརྗོད་གཞིའི་ཐོག་ཆེད་རྩོམ་དང་འབྲེལ་བའི་གཏམ་བཤད་གྲུབ་མཐར་ཚོགས་ཞུགས་པའི་དྲི་བར་བཀའ་ལན་གནང་། ཕྱི་དྲོ་སླར་ཡང་མུ་མཐུད་འབར་མའི་སྒོམ་སྒྲུབ་ཀྱི་སློབ་དཔོན་ཝེན་ཝོ་ཇོ་ཏ{Ven.Ujjota} ལགས་ཀྱིས་ནང་བསྟན་གྱི་སྒོམ་སྒྲུབ་ཞེས་པའི་ཐོག་ལ་གཏམ་བཤད་གནང་ཟིན་པ་དང་། གདན་ཞུའི་མཁས་དབང་། བསམ་གཏན་མཁན་པོ་ཧྭི་མིན་『慧门』ཉིད་དངོས་སུ་ཕེབས་མ་ཐུབ་པར་ཚོགས་འདུའི་གཙོ་སྐྱོང་བས་ཁོང་གི་ཚབ་བྱས་ནས་ཡིག་འབྲུ་ཆིག་ཁྲི་བརྒྱད་སྟོང་བརྒལ་བའི་ཆེད་རྩོམ་གྱི་སྙིང་བསྡུས་ངོ་སྤྲོད་གནང་རྗེས་དགེ་བཤེས་ལྷ་རམས་པ་ཧ་ཁྱ་རིན་པོ་ཆེས་བོད་བརྒྱུད་ནང་བསྟན་གྱི་བསྒོམ་རིམ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང།
ཕྱི་དྲོའི་ཚོགས་ཐུན་ཐ་མར་ནང་བསྟན་སྒྱུ་རྩལ་དང་མཚོན་རྟགས་ཞེས་པའི་བརྗོད་གཞིའི་ཐོག་མཁས་དབང་གསུམ་གྱིས་གཏམ་བཤད་གནང་བའི་ཐོག་མར། ལྷོ་བརྒྱུད་སྐུ་ཚབ་ཐའེ་ཝན་ཧྭ་ཧྥན་སློབ་ཆེན་གྱི་ཤར་ཕྱོགས་ཀྱི་ལེགས་བྱང་དང་བསམ་བློའི་ཞིབ་འཇུག་ཁང་གི་འབུམ་རམས་སློབ་གཉེར་བ་བཙུན་པ་ཧིན་གུལ་ཝི་ལ་ཕུམ་མ་ཇ་{Rev.Hingulwela Punnaji Thero}ལགས་དང་ཐའེ་ཝན་ཐའེ་ཀྲུང་སློབ་ཆེན་གྱི་སྒྱུ་རྩལ་སློབ་གླིང་གི་དགེ་རྒན་ཆེན་མོ་འབུམ་རམས་པ་ཝི་ཡན་ཟུན་『魏炎顺』ལགས་དང་། ལྷ་རམས་དགེ་བཤེས་ཟེ་དཀར་རིན་པོ་ཆེ་བཅས་ནས་བརྒྱུད་པ་སོ་སོའི་རྣམ་པ་མི་འདྲ་བའི་སྒྱུ་རྩལ་གྱི་ལམ་ནས་ནང་བསྟན་གྱི་གོ་དོན་མཚོན་པའི་ཚུལ་གྱི་གཏམ་བཤད་དང་ཆེད་རྩོམ་སྒྲོགས་སྦྱང་གནང་། མཐར། ཚོགས་ཞུགས་པ་ཡོངས་ཀྱིས་སྟོན་པ་ཐུབ་པའི་དབང་པའི་སྣང་བརྙན་གྱི་མདུན་དུ་མི་རེ་རེ་བཞིན་གྱི་མེ་ཏོག་གི་ཆུན་པོ་ཕུལ་ཞིང་མར་མེ་བསྣམས་ནས་གྲལ་དུ་མཁོད་པ་དང་། ལྷོ་བྱང་བརྒྱུད་པ་གསུམ་གྱི་སྐུ་ཚབ་མཚོན་པའི་སློབ་དཔོན་གསུམ་གྱིས་སོའི་སྐད་དུ་བསྔོ་སྨོན་གྱི་ཚིགས་བཅད་གསུངས་མཐར། སློབ་དཔོན་ཆེན་མོ་ཧྭའི་ཐའོ་ཧྤ་ཧྲི་མཆོག་ནས་ཚོགས་མདུ་མཇུག་དྲིལ་བའི་གཏམ་བཤད་དང་། མཁན་པོ་ཚུལ་རྣམ་རིན་པོ་ཆེ་ནས་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་བཅས་གྲུབ་མཚམས། ཐའེ་པེ་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱིས་གདན་ཞུས་མཁས་དབང་དང་སྐུ་མགྲོན་རྣམ་པར་དམིགས་བསལ་གསོལ་ཚིགས་འདེགས་འབུལ་ཀྱི་ས་ཚིགས་སུ་ཆིབས་ཞལ་བསྒྱུར་བ་བཅས་ཀྱིས་མཛད་རིམ་ཡོངས་རྫོགས་ཤིན་ཏུ་ལེགས་པར་གྲུབ།
ཉིན་ཧྲིལ་པོ་གཉིས་ཀྱི་རིང་རྒྱ་ནག་སྐམ་ས་དང་། ཧོང་ཀོང་། སེང་ག་པོར་སོགས་ནས་ཆེད་ཕེབས་གནང་བའི་ཁག་ཚུད་པའི་ཚོགས་འདུར་ཞུགས་མཁན་གྱིས་ཚོགས་ཁང་ཧྲིལ་གྱིས་གང་ཞིང་། ཚང་མས་དོ་སྣང་ཆེན་པོ་གནང་བར་མ་ཟད། ཐའེ་ཝན་གཞུང་གི་གནད་ཡོད་དབུ་ཁྲིད་དང་། བརྒྱུད་པ་སོ་སོའི་བླ་ཆེན་དང་མཁས་དབང་ཁག་གིས་ཀྱང་གདེངས་འཇོག་ཧ་ཅང་མཐོན་པོ་གནང་།དཔེར་ན། ཤྲཱི་ལང་ཀའི་ཁི་ལ་ཉི་ཡ་གཙུག་ལག་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ས་མ་ན་པ་ལཱ་ལགས་ཀྱིས་ང་ད་སྔོན་རྒྱལ་སྤྱིའི་ཚོགས་འདུ་ཧ་ཅང་མང་པོ་ཞིག་ཏུ་ཞུགས་པ་ཡིན་ཏེ། ཐེངས་འདིའི་ཚོགས་འདུ་ནི་ཕན་ཚུན་བར་ཐག་ཉེ་ཤོས་དང་། གཟབ་ནན་ཆེན་པོ་ཡོད་པ་ལྷག་ཏུ་དོན་སྙིང་ལྡན་པ་ཞིག་ཏུ་ཚོར་བྱུང་ཞེས་དང་། ཧྭའི་ཐའོ་ཧྥ་ཧྲི་ནས་ཀྱང་འདི་ལྟ་བུའི་བརྒྱུད་པ་གསུམ་མཉམ་དུ་ཚགས་སུ་ཚུད་པའི་གོ་སྒྲིག་གི་ཐོག་ནས་མཉམ་འཛོམས་ཀྱི་བགྲོ་གླེང་འཚོགས་ཐུབ་པ་ནི་ཧ་ཅང་དོན་སྙིང་ལྡན་པ་ཞིག་ཡིན་པ་དང་། འབྱུང་འགྱུར་ང་ཚོ་ཐའེ་ཝན་པས་ཀྱང་ཚད་མཐོ་བའི་ཆ་ཤས་བླངས་ནས་ཚང་མས་མཉམ་རུབ་ཀྱིས་སང་ཕོད་འདི་ལས་ཀྱང་གཞི་རྒྱ་ཆེ་བ་ཞིག་འཚོགས་ཐུབ་པ་དགོས་ཞེས་དང་། ཚེ་སྲོག་བརྙན་ཕྲིན་ཁང་གི་ངོས་ནས་ཐེངས་འདིའི་ཚོགས་འདུའི་བརྗོད་བྱ་ཧྲིལ་པོ་བརྙན་འཕྲིན་བརྒྱུད་འཛམ་གླིང་ཡོངས་ལ་བརྒྱུད་བསྒྲགས་བྱ་ངེས་ཡིན་ཞེས་ཁས་ལེན་གནང་། ཁྱད་པར་ཐའེ་པེ་གྲོང་ཁྱེར་གྱི་སྤྱི་ཁྱབ་པ་ཧའོ་ལུང་པིན་གྱིས། འདི་ལྟ་བུའི་ཚོགས་འདུ་ཆེན་པོ་ཞིག་རྒྱལ་ས་ཐའེ་པེར་ཚུགས་ཐུབ་པ་ནི་ཐའེ་པེ་གྲོང་ཁྱེར་གྱི་གཟི་བརྗིད་ཡིན་པར་མ་ཟད། རྒྱལ་ཁབ་གཞན་གྱི་མིས་ཐའེ་ཝན་གྱི་ས་ཆ་འདིར་འདི་ལྟ་བུའི་སྤྱི་ཚོགས་ལ་ཕན་པ་ཡོད་པའི་ལས་དོན་རླབས་ཆེན་བྱས་པ་ནི་དེ་བས་ཀྱང་ཧ་ཅང་གཟི་བརྗིད་ཡིན་ཞེས་བཤད།
དེ་བཞིན་ཐའེ་ཝན་གྲོས་ཚོགས་ཀྱི་ཚོགས་གཙོ་ཝང་ཅིན་ཕིན་『王金平』གྱིས་ཀྱང་། ཚོགས་འདུར། དུས་རབས་ཉེར་གཅིག་པའི་ནང་ཆོས། ལྷོ་བརྒྱ་བོད་གསུམ་གྱི་བགྲོ་གླེང་ཚོགས་ཆེན་བཀྲ་ཤིས་ལེགས་འགྲུབ་ཡོང་བར་སྨོན། ཞེས་པའི་བྱང་བུ་བཏགས་པའི་མེ་ཏོག་གི་ཆུན་པོ་ཕུལ་ཡོད།
དེ་བཞིན་ཚོགས་ཞུགས་པ་དག་གིས་ཀྱང་ཐེངས་འདིའི་བགྲོ་གླེང་ཚོགས་ཆེན་ཧ་ཅང་ལེགས་པོ་བྱུང་བར་མ་ཟད། འདིས་ལྷོ་བྱང་བརྒྱུད་པ་གསུམ་གྱི་མཉམ་འབྲེལ་དང་ནང་བསྟན་མཆེད་གྲོགས་བར་གྱི་མཛའ་བརྩེ། དད་ལྡན་མང་ཚོགས་ཀྱི་ཡང་དག་པའི་ཆོས་ཀྱི་གོ་རྟོགས་བཅས་ལ་ནུས་པ་ཆེན་པོ་ཐོན་རྒྱུ་ཡིན་པ་དང་། ཁྱད་པར་ཐའེ་ཝན་གྱི་བོད་བརྒྱུད་ནང་བསྟན་གྱི་ཆེ་མཐོང་དང་མདུན་ལམ་ལ་ཡང་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཆེན་པོ་ཡོད་པའི་ངོས་འཛིན་གནང་གིན་འདུག
དེ་བཞིན། ཚོགས་འདུའི་གཙོ་བོའི་དགོས་དམིགས་ནི། ༡༽སངས་རྒྱས་ཐུགས་རྗེ་ཅན་མངོན་པར་སངས་རྒྱས་ནས་ལོ་༢༦༠༢ དང་།སྐུ་མྱ་ངན་ལས་འདས་ནས་༢༥༥༧ འཁོར་བར་བཀའ་དྲིན་རྗེས་དྲན་ཞུ་བ།
༢༽ ནང་བསྟན་ཆོས་བརྒྱུད་ཆེན་པོ་གསུམ་གྱི་འདྲ་མཉམ་བགྲོ་གླེང་བརྒྱུད་འཛམ་གླིང་ཞི་བདེའི་ཕྱོགས་སུ་གོམ་པ་སྤོ་བ།
༣༽ ཁྱད་པར་དུ། ད་ལྟའི་དུས་འདིར་ཕྱོགས་གཅིག་ནས་བོད་བརྒྱུད་ནང་བསྟན་འདི་དར་རྒྱས་ལེགས་པོ་ཡོད་པའི་དུས་རབས་ཤིག་ཏུ་ཡོད་ན་ཡང་། ཕྱོགས་གཞན་ཞིག་ནས་ཕྱི་ནང་གི་རྒྱུ་རྐྱེན་མང་པོ་དང་། ཁྱད་པར་བསམ་བཞིན་བོད་བརྒྱུད་ནང་བསྟན་འདི་འཛམ་གླིང་གི་ནང་བའི་ཆོས་བརྒྱུད་ཁག་གི་གྲལ་ནས་འཕུད་ཐབས་བྱེད་ཅིང་ཐ་ན་ནང་པའང་མ་རེད་ཅེས་ཚབ་ཆེའི་སྐུར་འདེབས་དང་ཉེས་འཛུགས་མང་པོ་འཕེལ་བཞིན་ཡོད་པར་མ་ཟད། ཡང་བོད་བརྒྱུད་ནང་བསྟན་གྱི་གདོང་འབག་གྱོན་པའི་ཁྲམ་པ་དག་གིས་ཡིན་མིན་གོ་ལྡོག་གིས་སྤྱི་ཚོགས་ནང་ནང་བསྟན་ལ་རྨ་འབྱིན་པའི་ལས་ཀའང་མང་པོ་ཞིག་བྱེད་བཞིན་པའི་དུས་འདིར་། ང་ཚོ་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་དག་གིས་ཀྱང་ལྡོག་རྩ་གཅིག་སྒྲིལ་གྱིས་འཛམ་གླིང་གི་ནང་པའི་ཆོས་གྲོགས་གཞན་དག་དང་མཐུན་ལམ་དང་མཉམ་འབྲེལ་བཅས་བྱས་ནས་ཐུན་མོང་གི་གླེང་སྟེགས་མང་པོ་བསྐྲུན་ཏེ། སྔར་ལས་ལྷག་པའི་སྒོ་ནས་འཛམ་བུ་གླིང་གི་མི་རྣམས་ལ་བོད་བརྒྱུད་ནང་བསྟན་གྱི་ཟབ་ཁྱད་ཤེས་སུ་བཅུག་སྟེ། བོད་བརྒྱུད་ནང་བསྟན་གྱི་ཆེ་མཐོང་སྲུང་སྐྱོབ་བྱ་རྒྱུ་སོགས་ཡིན་པ་འཁོད་ཡོད།
༈ད་ལམ་གསར་དུ་ལེགས་གྲུབ་བྱུང་བའི་ཆོས་ཚོགས་འདིས།
རྒྱལ་བསྟན་སྤྱི་དང་བོད་བརྒྱུད་ནང་བསྟན་ལ་ཞབས་ཞུ་ཚད་ལྡན་
ཞིག་ཞུས་འདུག་སྙམ་པའི་ཚོར་བ་དམིགས་གསལ་དང་།
འཛིན་སྐྱོངས་གནང་མཁན་ཡོངས་ལ་ཤིན་ཏུ་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན།
བཀྲ་ཤིས་བདེ་ལེགས།
ལེགས་སོ་ལེགས་སོ་ཞུ།
ཁ་བརྡ་ཚང་ལ་དྲི་བ། པར་རིས་མི་འཇོག་པའི་རྒྱུ་མཚན་གང་ཡིན་ན།
གནས་ཚུལ་བསྡུ་བསྒྲིགས་དང་མཁོ་གཏོང་བ། རྫ་ཚེ་རིང་བཀྲ་ཤིས་མཆོག་ལ་ཞུ་བ། ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་བགྲོ་གླེང་ལ་དགའ་བསུ་ཞུ།
ཤྲཱི་ལང་ཀ་ནས་འཐུས་མི་ཕེབས་ཡོད་ཀྱང་། རྒྱ་གར་སོགས་སངས་རྒྱས་པའི་ཆོས་ལུགས་འཛིན་པའི་ཡུལ་མང་ཆེ་བ་ནས་འཐུས་མི་ཕེབས་མི་འདུག། སངས་རྒྱས་པའི་ཡུལ་གྲུ་ཆེན་པོ་ཁག་ནས་ཕེབས་པའི་འཐུས་མིའི་རྒྱ་ཆེ་འཛོམས་པའི་འདུན་སར་བོད་བརྒྱུད་ནང་བསྟན་གྱི་ཆེ་མཐོང་སྲུང་སྐྱོབ་བྱ་རྒྱུ་སོགས་ཡིན་པ་འཁོད་པ་ཡིན་ན། དེ་བས་ཀྱང་ཆེས་བོད་སངས་རྒྱས་པའི་ནང་བསྟན་ཆེས་མངོན་པར་གསལ་བ་ཞིག་ཏུ་འགྱུར་བར་ངེས་སོ། །
སྐུ་ཞབས་བློ་བཟང་ལགས་ཀྱི་གསུངས་པ་དེ་བདེན་པ་ཡིན། བགྲོ་གླེང་དེའི་ནང་ལ་གནས་ཚུལ་ཐག་ཆོད་གང་བྱུང་བའི་སྐོར་ཞིག་གསལ་བཤད་གནང་རོགས།
མི་འདི་རིགས་ལྐུགས་རྟགས་ཚ་བ་ལ་གང་དྲག བགྲོས་ཆོད་གལ་ཆེན་པོ་མ་རེད། དམིགས་ཡུལ་ཀྱང་དེ་མ་རེད། གལ་ཆེ་ཤོས་ནི་འམཚོགས་འདུར་སུ་ཕེབས་ཀྱི་མིང་དང་གོ་གནས་སོགས་དང་དེ་དག་གི་སྐུ་པར་ཕྱིར་བསྒྲགས་བྱེད་རྒྱུ་དེ་ཚོ་རེད། བྱས་ཚང་གྲོས་ཆོད་ལ་རེ་སྒུགས་མ་བྱས་ན་ལེགས། ཉེ་སྔོན་ཞིག་ཀྱང་ཚོགས་འདུ་འཚོགས་འདུ་བྱས་པ་རེད། གྲོས་ཆོད་འདི་རེད་ཟེར་བ་མ་ཐོས།
ཐའེ་ཝན་དུ་རྒྱལ་སྤྱིའི་ནང་པའི་བགྲོ་གླེང་ཚོགས་ཆེན་རྒྱལ་ཁའི་ངང་མཇུག་དྲིལ་བར་རྟེན་འབྲེལ་ཞུ།
ཀརྨ་བཀའ་བརྒྱུད་ཀྱི་མཁནཆེན་ཚུལ་ཁྲིམས་རྣམ་དག་གཙོས་ཞིབ་འཇུག་ཚོགས་པས་འདི་ལྟར་གནང་སྐྱོང་མཛད་པར་བཀྲ་ཤིས་བདེ་ལེགས་ཞུ། མ་འོངས་པར་རྒྱ་ཅི་ཆེ་དང་། ནང་དོན་ཕུན་སུམ་ཚོགས་པ། ཆོས་རྒྱུན་ཆ་ཚང་བ། རྒྱལ་ཁབ་གང་མང་ནས་ཕེབས་ཐུབ་པ་དང་། དེ་བཞིན་བོད་རྒྱུད་ནང་བསྟན་མཚན་དོན་མཐུན་པ་ཞིག་འཛམ་གླིང་གི་མི་རྣམས་ལ་ངོ་སྤྲོད་ཐུབ་པའི་སྨོན་ལམ་ཞུ།
ད་རེས་ལ་དྭགས་པ་ཚོགས་འདུ་དེར་མགྲོན་འབོད་བྱས་ཡོད་ཚོད་མིན་འདུག རྒྱུན་དུ་ལ་དྭགས་པ་བློ་འཇམ་གྱིས་བོད་རིགས་ནང་གཅིག་ཤེས་མདོག་བྱས་ཀྱང་གོ་སྐབས་དེ་ཤོར་བར་ལ་དྭགས་ལྟོ་གོས་ཅན་བློ་ཕམ་མ་བྱེད་ཨང་།
གཅིག་བྱས་ན། ཧོར་གཙང་འཇིགས་མེད་ལ་འབྲེལ་བ་ཡོང་ཐབས་བྱ་རྒྱུ་མ་ཡིན་ནམ།
རྒན་ལ་དྭགས་པ་གནས་བརྟན་བགྲེས་པོ། ཤེས་ཡོན་ཅན། སྐུ་ཚེ་དེ་ཉིད་དུ་བོད་རིག་པའི་དོན་དུ་འབད་བརྩོན་གནང་མཁན་ཡིན་པས་ཕྲན་ལྟ་བུའི་ཡི་གེ་འབྲི་ཙམ་ཤེས་པའི་་གསར་སྐྱེས་རྣམས་ད་དུང་ཡོན་ཏན་དང་། བཀའ་དྲིན། བྱས་རྗེས་གང་གིས་ཀྱང་ཁོང གི་བརྒྱ་ཆ་ལ་ཉེ་་བ་མ་ཡིན་པས། ཁོང་དང་། ཁོང་ལྟ་བུའི་མཁས་དབང་རྣམས་ཚོགས་འདུར་ཞུགས་པར་འབད་བརྩོན་གནང་རོགས་ཞུ། ཞིབ་འཇུག་ཚོགས་པའི་་ངོས་ནས་རྒན་པར་གུས་ཤིང་གཞོན་པ་རྣམ་དཔྱོད་ལྡན་པ་རྣམས་གསོ་སྐྱོང་བྱེད་གྲོགས་ཅེས་འབོད་བསྐུལ་ཞུ་རྒྱུ་ཡིན། །
རྒན་ལ་དྭགས་ལགས་ལ་དེ་འདྲ་ག་ང་དགོས་དོན་མི་འདུག ཁོང་ལོ་དགུང་ན་དེ་འདྲ་སླེབས་དུས་ཀྱང་ཁ་བརྡའི་ནང་དུ་ཕེབས་ནས་དག་བཅོས་གནང་གི་འདུག དེ་ལྷག་བསམ་ཟོལ་མེད་རེད། འོན་ཀྱང་ལེགས་དང་ལགས་གཉིས་ལ་དེ་ཙམ་ཐུགས་སྣང་གནང་དགོས་དོན་མི་འདུག ལྷག་པར་དུ་བོད་ཡིག་གི་དག་ཆ་འབྲི་ཚུལ་སོགས་དག་མིན་དེ་བསྟན་འགྱུར་དང་བཀའ་འགྱུར་དེ་ཚོར་གཞི་བཅོལ་བ་ནི་ཐུགས་ཆུང་བས་རེད། བཀའ་འགྱུར་དང་བསྟན་འགྱུར་དེ་ཚོ་ཕྱིས་བྱུང་ག་གེ་མོས་རང་སྣང་གིས་བཅོས་པ་ཤིན་ཏུ་ནས་མང། ལྷག་པར་དུ་དོ་ཤེས་རབ་རྒྱ་མཚོ་ལས་སོགས་ཀྱིས་བཅོས་རབས་གོ་མྱོངས
ཆོས་ཡིན་ན་འདྲ། ཆབ་སྲིད་ཡིན་ན་འདྲ། བསམ་བློ་བརྗེ་རེས་དང་མཐུན་འབྲེལ་གྱི་བགྲོ་གླིང་ལ་ཁེ་ཕན་མེད་ན་ཡང་གྱོང་མེད་པས་དེ་ལྟ་བུ་བྱས་པ་ཁོ་ན་ཡང་དུས་རབས་ཉེར་གཅིག་པའི་ནང་བསྟན་པའི་དགོས་མཁོ་དང་འཚམས་པ་ཞིག་ཡིན་པས་རྗེས་སུ་ཡི་རང་དང་བཀའ་དྲིན་ཆེ་ཞེས་ཞུ་བ་ཡིན། ལྷོ་རྒྱ་བོད་གསུམ་ཞེས་པའི་ཐ་སྙད་འདོགས་པ་དེ་ཏག་ཏག་ཅིག་སྡོད་ཀྱི་མི་འདུག དེ་དག་གསུམ་གྱི་ནང་དུ་འདུས་གི་ཡང་མི་འདུག ཐ་སྙད་འདོགས་སྟངས་དང་དབྱེ་བ་དགར་སྟངས་ཡག་པོ་མ་བྱས་ན་མི་མང་པོའི་སེམས་ལ་མི་འབབ་པས་མཐུན་སྒྲིལ་ལ་གནོད་སྲིད་པས་དེ་ཚོར་གཟབ་གཟབ་རེ་བྱས་ན་སྙམ།
བན་དེ་བ་ལེགས། ང་བཀའ་བསྟན་གསུང་འབུམ་སོགས་ན་ཡོད་ཚད་ཁས་ལེན་མི་རུང་། དེ་ན་ཡོད་པའི་མིང་ཚིག་རྣམས་ལ་སློབ་སྦྱོང་བྱེད་ན། དག་པ་དང་མ་དག་པའི་མིང་ཚིག་རྣམས་ཤེས་ཐུབ། དེའི་ཕྱིར་ལ་དེ་ཕྱིར་དང་། དེའི་ཚེ་ལ་དེ་ཚེ་དང་། ཅིའི་ཕྱིར་ལ་ཅི་ཕྱིར་ཞེས་དཔལ་ཀརྨ་མི་སྐྱོད་མི་བསྐྱོད་རྡོ་རྗེས་མཛད་པའི་དབུ་མ་འཇུག་པའི་རྩ་བ་དང་འགྲེལ་པ་ཟུང་བསྡེབས་ཀྱིས་སྤར་པ་ཨིན་བསྒྱུར་ངོ་མཚར་ཅན་བཅས། མཁན་པོ་ཚུལ་ཁྲིམས་རྒྱ་མཚོ་རིན་པོ་ཆེའི་ཞལ་སྔ་ནས་ཞུས་ཤིང་བསྒྱུར་པ། རང་རེའི་མིག་དཔེར་འོས་པ་ཞིག་མཆིས། འོན་ཀྱང་བོད་ཡིག་ཏུ་གོང་གསལ་གྱི་ཚིག་རྣམས་ཀྱི་རྩ་བ་དང་འགྲེལ་པ་མི་མཐུན་པ། འགྲེལ་པ་གང་ཡིན་ན་སྔ་མ་དེ་དག་བཀོད་པ་དང་། རྩ་བ་གང་ཡིན་ན། ཡི་གེ་ཉུང་བར་བྱས་ཏེ། ཕྱི་མ་རྣམས་བཀོད། བདག་ནི་ཡི་གེ་མ་དོར་བར་སྔར་ཡོད་པ་རྣམས་འབྲི་བར་བྱེད། དེ་ཡིས་མང་པོའི་སེམས་ལ་ཕོག་ཀྱང་། བྱ་ཐབས་ཟད། དེ་དག་གི་ངོ་སྲུང་བ་ལས་བཀའ་བསྟན་གསུང་འབུམ་གྱི་དག་ཆ་སྲུང་དགོས་པ་དེ་གལ་ཆེ་བར་བསམས།
“བཀའ་འགྱུར་དང་བསྟན་འགྱུར་དེ་ཚོ་ཕྱིས་བྱུང་ག་གེ་མོས་རང་སྣང་གིས་བཅོས་པ་ཤིན་ཏུ་ནས་མང། ལྷག་པར་དུ་དོ་ཤེས་རབ་རྒྱ་མཚོ་ལས་སོགས་ཀྱིས་བཅོས་རབས་གོ་མྱོངས།” རི་བོང་ཅལ་འདྲོགས་ཀྱི་ཚུལ་མ་ཡིན་པར་བོད་སྤྱིའི་སྐད་ལ་སྦྱངས་ཏེ། དག་པ་དང་མ་དག་པ་ངོས་འཛིན་ཐུབ་པ་ཞིག་རང་རེ་བོད་པའི་ནང་ནས་འཐོན་དགོས་པ་ཞིག་ཏུ་སྣང་།
ཇི་སྐད་དུ་སོག་ཧོར་བསྟན་དར་ལྷ་རམས་པས།
་
འཇིག་རྟེན་མིག་གྱུར་ཉི་མ་ཆུ་ལྷར་ཕྱོགས།
གངས་ཅན་བརྡ་དོན་བླུན་ཚིག་སྨག་གིས་ཁེབས།
བློ་གསར་གཞོན་ནུ་མུན་པར་འཁྱམ་དུས་འདིར།
བརྡ་དག་ཟླ་ཚེས་གསར་པ་འདི་ཤར་རོ།།
་
ཞེས་བརྡ་ཡིག་བློ་གསལ་མགྲིན་རྒྱན་གི་མཇུག་བྱང་ན་བྲིས་སོ། (གང་གི་གསུང་འབུམ་དེབ་གཟུགས། ཤོག་ ༦༧༩)
རྒན་ལགས་ལ་བཀའ་དྲིན་ཆེ་ཞུ། སྔར་བཤད་ལྟར་ཡི་གེ་དག་དང་མ་དག་བཀའ་དང་བཀའ་བསྟན་ལས་བཤད་ཅིང་བྲིས་པ་ལ་བསྟུན་དགོས་ན་དེ་ལྟར་ན་བཀའ་དང་བཀའ་བསྟན་དུ་གྲགས་པའི་ཆོས་གཞུང་དེ་ཚོ་སྐད་གསར་བཅད་ཟེར་བ་དང་ཞུས་དག་ཟེར་བ་ལས་སོགས་པས་བཅོས་བསྒྱུར་ཐེངས་མང་ཐེབས་པར་མ་ཟད་ནང་དོན་ལྟ་གྲུབ་སྐོར་ལའང་བཅོས་བསྒྱུར་མང་རབས་བྱས་པ་མཾཁས་པ་ང་ཡིན་ཟེར་མཁན་གྱི་ངག་ལམ་ནས་གོ་བྱུང་བས་དེ་ལ་རི་བོང་ཅལ་འདྲོག་རང་ད་ཨ་ཡིན་ན།
༼ཞེས་བརྡ་ཡིག་བློ་གསལ་མགྲིན་རྒྱན་གི་མཇུག་བྱང་ན་བྲིས་སོ།༽
མགྲིན་རྒྱན་གི་་་་་་་མགྲིན་རྒྱན་གྱི་་་་་་ཞེས་པར་བཅོས་ཡོད་དགོངས་འགལ་མེད་པར་ཞུ།
བན་དེ་བ་ལེགས།
“མགྲིན་རྒྱན་གི་་་་་་་མགྲིན་རྒྱན་གྱི་་་་་་ཞེས་པར་བཅོས་ཡོད་དགོངས་འགལ་མེད་པར་ཞུ།” འདི་ལ་ང་ལ་དགའ་བས་བཀའ་དྲིན་ཆེ་ཞུ། གི་དང་། གིས་གཉིས་རྗེས་འཇུག་གཉིས་ལས་གཞན་དུ་འབྲི་བ་ནོར་བ་ཡིན།
ཏཱ་ཡུ་སི་ཏུ་རིན་པོ་ཆེའི་ཞལ་ཆེམས་ཆེད་དུ་རྫུན་མ་བཟོས་པ་ཉེས་ལེན་གྱིས་སྐུ་ཚེ་གོང་པོར་རྒྱ་གར་གྱི་བཟང་བཙོན་བཅུག་པ་ལ་བཙོན་གྲོལ་ཆེད་ཤེས་རབ་གླིང་གི་མཁན་རིན་པོ་ཆེ་ཚུལ་རྣམ་མཆོག་དང་ཀརྨ་པའི་གསུངས་སྒྱུར་བ་མཁན་པོ་མཆོག་རྣམ་པ་གཉིས་ཀྱི་རྒྱབ་གཉེན་དཔུང་རོགས་ཀྱི་གོ་སྒྲིགས་འདི་འདྲ་གནང་ཐུབ་བ་ཐུགས་རྗེ་ཆེ་རྒྱབ་སྐྱོར་ཡོད།
བཀྲ་ཤིས་བདེ་ལགས།
མཆན་༡༣། སྤོབས་པ་མཐའ་ཡས་ཀྱིས་བརྒྱུད་པ་གསུམ་གྱི་ཐ་སྙད་འདོགས་སྟངས་དང་དབྱེ་བ་དགར་སྟངས་ལ་གཟབ་གཟབ་མ་བྱས་ན་མཐུན་སྒྲིལ་ལ་གནོད་ཅེས་པ་རྒྱུ་མཚན་ལྡན་པར་སེམས། དཔེར་ན་རྒྱ་ནག་བསམ་གཏན་པའི་དགོན་ཆེན་ནན་ཧྭ་སི་ཟེར་བའི་དབུ་འཛིན་གྱིས་ཉེ་དུས་འདིར་ཡོངས་ཁྱབ་གཏམ་བཤད་ཅིག་ཏུ། རྒྱ་མི་རིགས་ཀྱི་ནང་པ་ཡིན་ན་རང་རེའི་རྒྱ་བརྒྱུད་ཀྱི་ནང་ཆོས་ལ་གཙིག་ཆེན་དང་རང་གི་ཡིན་པའི་འདུ་ཤེས་ཁུར་དགོས། བོད་བརྒྱུད་ཀྱི་ནང་ཆོས་བོད་ས་ནས་དར་འཇུག་པ་དང་། ལྷོ་བརྒྱུད་པ་ཁོ་རང་སོ་སོའི་ས་ནས་དར་ན་མི་རིགས་ཀྱི་སེམས་ཁམས་དང་ཁྱད་ཆོས་དང་མཐུན། སྤྱིར་རྒྱ་ནག་ཏུ་དར་བའི་ནང་ཆོས་ནི་ནང་ཆོས་ཡོད་དོ་ཅོག་གི་ནང་ནས་འགྲོ་བ་མིའི་གཤིས་རྒྱུད་དང་། བཟང་སྤྱོད། དགེ་མཚན་གཞན་ལས་ཆེ་བ་ཡིན་པས་ང་རང་ཚོའི་་རིན་ཐང་ཤེས་དགོས། ཞེས་མི་རིགས་ཀྱི་ལྟ་བ་འཛིན་པའི་གསུང་གླེང་ཤུགས་ཆེན་གནང་འདུག མིང་འདོགས་སྟངས་ཐད་དྲ་གྲོགས་མཁས་དབང་ཚོས་དགོངས་འཆར་གནང་ན་དགེ་མཚན་ཆེ་བར་མཐོང་།
སྤོབས་པ་མཐའ་ཡས་ལགས། ཉིད་ཀྱིས། (ལྷོ་རྒྱ་བོད་གསུམ་ཞེས་པའི་ཐ་སྙད་འདོགས་པ་དེ་ཏག་ཏག་ཅིག་སྡོད་ཀྱི་མི་འདུག དེ་དག་གསུམ་གྱི་ནང་དུ་འདུས་གི་ཡང་མི་འདུག)ཅེས་པར་ཞལ་གསལ་གསུང་བཤད་ཅིག་གནང་གྲོགས་ཞུ། །
རྒྱལ་སྤྱི་ལོ་རྒྱུས་ལྡན་པའི་ནང་པའི་ཚོགས་ཆེན་ལ་གནས་ཚུལ་གོ་ཞིང་གོ་ཞིང་ཡིད་སྨོན་ཆེ་རུ་ཆེ་རུ་འགྲ་གི་འདུག
ལོ་རྒྱུས་རང་བཞིན་ལྡན་པའི་ནང་པའི་ཚོགས་ཆེན་གྱི་འགན་འཛིན་མཁན་རིན་པོ་ཆེ་ཚུལ་ཁྲིམ་རྣམ་དག་མཆོག་དང་འབྲེལ་ཡོད་ལས་སྣེ་ཡོངས་ལ་ནམ་ཡང་དཀའ་དྲིན་རྗེས་དྲན་ཞུ་འོས་སོ།
སྤྱིར་དེང་དུས་ལྷག་པར་བཙན་་བྱོལ་སྤྱི་ཚོགས་ནང་གི་དགོན་བདག་དང་ཆོས་བདག་ཆེ་གེ་མོ་ག་གེ་མོ་ནང་བཞིན་ཕྱོགས་ལྷུང་གི་གཏམ་འཆར་དང་ཆོས་དང་རྒྱབ་འགལ་ཐ་ཆད་རྗེས་ལུས་ཀྱི་བསམ་སྤྱོད་རང་དོན་དང་རང་ཆེ་མདོར་ན་རང་གི་ལོ་རྒྱུས་རང་གི་ཆེ་བ་ང་ཆེ་ང་འཇིག་རྐྱང་རྐྱང་ལ་དབུ་འཁོར་མ་སྡད་པར། དུས་རབས་ཀྱི་འཕོ་འགྱུར་དང་སྤྱི་ཚོགས་ཀྱི་གནས་སྟངས་ལ་བསྟུན་ནས་སྟོན་པ་དང་བསྟན་པ་གཅིག་པའི་ལ་རྒྱ་དང་རྣམ་གྲོལ་དོན་དུ་གཉེར་བའི་དམ་ཚིག་ལ་གཞིག་སྟེ་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེར་ལྷག་བསམ་རྣམ་པར་དག་པའི་ཞབས་འདེགས་སྒྲུབ་འདུག་གོ། རང་རེ་བོད་བརྒྱུད་ནང་པ་ཡོངས་ཀྱིས་མིག་དཔེ་ཡར་བལྟ་བྱས་ཏེ་དམ་པ་ཁོང་གི་རྗེས་སུ་སློབ་པར་རིགས་སོ།