གནས་ཚུལ་བསྡུ་སྒྲིག་མཁན། རྫ་ཚེ་རིང་བཀྲ་ཤིས།
ཁར་རྩང་སྤྱི་ཚེས་དྲུག་གི་ཞོགས་པ་ས་གནས་ཆུ་ཚོད་བཞི་པ་ཙམ་ལ། ཐའེ་ཝན་དུ་རིམ་པ་བཞི་དང་ཚེགས་ཅན་དྲུག་ཅན་གྱི་ས་ཡོམ་ཤུགས་ཆེན་ཞིག་བྱུང་ཡོད་ཅིང་། ཐོག་བརྩེགས་ཁང་ཆེན་མང་པོ་བརྡིབས་པ་དང་། མི་ལ་ཤི་རྨས་ཐེབས་པ། གར་སོང་ཆ་མེད་དུ་གྱུར་པ་བཅས་ཀྱི་གནས་ཚུལ་ཛ་དྲག་གི་སྐབས་འདིར་ས་ཡོམ་བྱུང་ནས་ཆུ་ཚོད་བཅུ་གཉིས་ཀྱི་ནང་དུ། ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་ཚོགས་ཀྱི་སྣེ་ཁྲིད་འོག་ཐའེ་ཝན་གནང་བཞུགས་བོད་བརྒྱུད་ནང་པའི་མཁན་སྤྲུལ་དགེ་བཤེས་དགེ་འདུན་པ་བཅས་རང་འདུན་པ་བཅུ་ཕྲག་གཉིས་ཡས་མས་ཤིག ཐའེ་པེ། ཐའེ་ཀྲུང་། ཀའོ་ཞོང་བཅས་ས་ཁུལ་སོ་སོ་ནས་སྒེར་གྱི་མཛད་རིམ་ཡོངས་རྫོགས་བཞག་ནས་ས་ཡོམ་བྱུང་སའི་ཡུལ་ངོས་ཐའེ་ཝན་ལྷོ་ཕྱོགས་ཐའེ་ནན་གྲོང་ཁྱེར་གྱི་གནོད་ཐེབས་ས་ཁུལ་དུ་ཕེབས།
ཉིན་ཧྲིལ་པོར་གནས་ཚུལ་བྱུང་བ་ཚབས་ཆེ་བའི་ས་གནས་ཁག་དྲུག་ཙམ་ལ་ཆེད་ཕེབས་ཀྱིས་འཚམས་འདྲི་དང་། བསྔོ་སྨོན། གསོལ་འདེབས་བཅས་བྱས། ལྷོ་ཕྱོགས་ཁུལ་གྱི་བོད་བརྒྱུད་ནང་པའི་ཆོས་ཚོགས་ཁག་གིས་ཀྱང་དགེ་འདུན་པ་དག་ལ་བཞུགས་གནས་ཞབས་ཏོག་སོགས་ཕན་ཚུན་སེམས་ཚོར་ཆེན་པོའི་ངང་ནས་མཉམ་ཞུགས་དང་གཞོག་འདེགས་བྱ་བཞིན་ཡོད།
སང་ཉིན་སྤྱི་ཚེས་བདུན་གྱི་ཞོགས་པ་ཆུ་ཚོད་བརྒྱད་པ་ནས་དགེ་འདུན་པ་རྣམས་སླར་ཡང་ཡུལ་དངོས་སུ་ཆེད་ཕེབས་ཀྱིས་ཁྲག་སྦྱིན་གནང་རྒྱུ་སོགས་མུ་མཐུད་གནོད་སེལ་ལས་དོན་ལ་མཉམ་ཞུགས་བྱ་རྒྱུ་ཡིན་པ་དང་། མཉམ་ཞུགས་གནང་མཁན་དགེ་འདུན་པའང་མང་དུ་འགྲོ་བཞིན་ཡོད་པ་རེད་འདུག
ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་ནི་ཆོས་བརྒྱུད་རིས་མེད་ཀྱི་ཐའེ་བཞུགས་དགེ་འདུན་པས་གྲུབ་ཅིང་། བོད་བརྒྱུད་ནང་བསྟན་གྱི་དབུ་བཞུགས་བླ་ཆེན་རྣམ་པའི་ངོས་འཛིན་དང་རྒྱབ་གཉེར་གནང་བའི་ཆབ་སྲིད་དང་མ་འབྲེལ་བའི་ཚོགས་པ་ཞིག་ཡིན་པ་དང་། ཚོགས་པ་འདིའི་དམིགས་ཡུལ་གཙོ་བོ་ཐའེ་ཝན་གྱི་སྤྱི་ཚོགས་དང་བོད་བརྒྱུད་ནང་ཆོས་ཀྱི་བར་ཐང་སྔར་ལས་ཉེ་རུ་གཏོང་རྒྱུ་དང་། ཐའེ་ཝན་མི་མང་ལ་བོད་བརྒྱུད་ནང་ཆོས་ཀྱི་གོ་རྟོགས་མཐོ་རུ་གཏོང་རྒྱུ། ཐའེ་བཞུགས་བོད་བརྒྱུད་ནང་བསྟན་དགེ་འདུན་པའི་མཐུན་ལམ་དང་མཉམ་འབྲེལ་གྱི་ནུས་པ་ཆེ་རུ་གཏིང་རྒྱུ་བཅས་རེད།
ལོ་སྔ་མ་ཀའོ་ཞོང་རླངས་རྫས་གས་འཐོར་དོན་རྐྱེན་དང་། གནམ་གྲུ་ལྷུང་བའི་གོད་ཆག དེ་བཞིན་བལ་ཡུལ་ས་ཡོམ་དང་། ཧྥ་རིན་སིའི་འཇིགས་སྐུལ་དོན་རྐྱེན་སོགས་ལ་ཡང་ཚོགས་པ་འདིས་སྣེ་ཁྲིད་པའི་ཐོག་ཐའེ་བཞུགས་དགེ་འདུན་པ་རྣམ་པས་ནུས་པ་མཉམ་སྤུངས་ཀྱིས་ལས་འགུལ་དུས་ཐོག་སྤེལ་བར་བརྒྱུད་ལམ་ཁག་དང་། མི་མང་གིས་དོ་སྣང་ཆེན་པོ་གནང་ཡོད་པར་མ་ཟད། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་གིས་ཀྱང་ཉེ་ཆར་ཐའེ་ཝན་དུ་ཕེབས་སྐབས་ཞིབ་ཚོགས་ཀྱི་འདས་པའི་སྤྱི་ཚོགས་ཞབས་ཞུ་དང་འབྲེལ་བའི་ལས་འགུལ་དག་ལ་དམིགས་བསལ་བསྔགས་བརྗོད་ཀྱང་གནང་འདུག
ཡི་རང་ཡོད།
ཐའེ་གཞུགས་དགེ་འདུན་པ་ཚོས་ཕྱག་ལས་གནང་སྟངས་ལ་རྗེས་སུ་ཡིད་རང་ཞུ། ོ
རྗེས་སུ་ཡིད་རང་ཡོད།།