ཐེ་བོ་སངས་རྒྱས།
ཉིན་བརྒྱད་པ།
ཕྱི་ཟླ་༢ ཚེས་༥ གནམ་ལོ་གསར་ཚེས་ནངས་མོར། ང་ཚོས་ཞོགས་ཇ་ཡག་པོ་ཞིག་འཐུང་དགོས་བསམས་ཏེ། ཧུའེ་ཁཱང་སྲང་ལམ་གྱི་Huai Khwang, <<བོད་ཀྱི་ཐབ་ཚང་།>> Tibet Kitchen, ཞེས་པའི་ཟ་ཁང་གི་སྒོ་ཁར་སོང་དུས་དེ་ཚང་སྒོ་བརྒྱབ་འདུག་པས། འོ་་་འདི་ཚང་ལྟ་བོད་པ་ངོ་མ་ཞིག་རེད་ཡ་དྲན། རྗེས་སུ་ཤེས་གསལ་ལ་ཟ་ཁང་དེའི་སྦྱིན་བདག་བལ་ཡུལ་གྱི་ཤར་པ་ཞིག་རེད་འདུག ཟ་ཁང་དེ་ཡོད་ས་ང་ཚོས་རང་འདོད་ཀྱིས་བོད་མིང་བཏགས་པའི་<<ཀ་རིང་མགྲོན་ཁང་།>>སྟེ།swissotel ratchada, དང་ཧ་ལམ་ཁྱིམ་མཚེས་རེད། དེང་སང་བོད་པའི་མིང་བྱང་འདི་ཚོང་རྟགས་བྲིན་རྒྱུག་ཅན་ཞིག་ཡིན་པའང་མི་ཚོས་ཤེས་འདུག ད་ལོ་ནི་སྟེས་དབང་གིས་རྒྱ་བོད་གཉིས་ལོ་གསར་ཉིན་གཅིག་ཏུ་ཁེལ་ཅིང་། ཚེས་གཅིག་ཉིན་རྒྱ་མིའམ་ཐའེ་ལན་གང་ཡིན་མ་ངེས་པའི་ཁྱིམ་ཚང་རེའམ། སྲང་མདོ་རེ་ན་བཟའ་བཅའི་མཆོད་པ་ཅི་འབྱོར་ཕུལ་བར་མ་ཟད། མཆོད་པའི་དབུས་སུ་ཕག་མགོ་རིལ་པོ་སྣུམ་བཙོས་མཐོང་སྣང་ལ་མ་བདེ་བ་རེ་གདའ། མཆོད་གནས་ནི་ཐུབ་དབང་གི་སྐུ་ལས་གཞན། ཚོགས་བདག་གླང་སྣ་དང་། རྒྱའི་ཀོན་ཡེས་ཀྱི་འདྲ་སྐུ་དག་མཐོང་རྒྱུ་འདུག ང་ཚོས་རྒྱ་མིའི་ཟ་ཁང་ཞིག་ཏུ་ཞོགས་ཟས་སི་ཁྲོན་གྱི་དམིགས་བསལ་བྱ་ཤ་ཁ་ཚ་མ་དང་། ཚོད་མ་རེ་བརྔོ་རུ་བཅུག སྐབས་དེར་གཡས་གཡོན་གྱི་སྐུ་མགྲོན་འགས་ཟ་ཁང་དེའི་ཞབས་ཞུའི་རྣམ་འགྱུར་ལ་སྐྱོན་བརྗོད་བྱས། དེ་ནས་ང་ཚོ་གླ་འཁོར་ཞིག་གླས་ནས་ཐའེ་རྒྱལ་ཁང་གཙོ་བོ་ grand palace, ལ་ལྟད་མོ་ལྟ་རུ་ཕྱིན། ང་ཚོ་རྒྱལ་ཁང་སྒོར་སླེབས་དུས་མི་ཚོགས་མང་པོ་འཚང་ཁ་ཤིག་ཤིག་གིས་འཛིན་བྱང་ཉོ་བར་བྲེལ། བདེ་སྲུང་རྒན་པོ་ཞིག་གིས་ང་ཚོ་ལ་འཛིན་བྱང་ཉོ་རོགས་བྱས། འཛིན་བྱང་རེ་ལ་ཐའེ་སྒོར་ལྔ་བརྒྱ་ཐམ་པ་རེད། དེར་རྒྱ་རིགས་ཡུལ་སྐོར་བ་ཧ་ཅང་མང་ཞིང་སྐད་ཅོར་ཡང་ཚ། རྒྱལ་ཁང་གི་མཐའ་བཞིར་རྩིག་པ་མཐོན་པོས་བསྐོར་ཞིང་། ནང་རོལ་ཏུ་སྐྱེད་མོས་ཚལ་ནེ་ཙོའི་གཤོག་སྒྲོ་བཏིང་འདྲ་ལ་སྣ་ཚོགས་ལྗོན་ཤིང་ཚར་དུ་དངར་བ། བྱང་ཤར་མཚམས་ཀྱི་ར་སྐོར་དུ་རྟོགས་དཀའི་བཟོ་བཀོད་ཅན་གྱི་མཆོད་རྟེན་དང་། ལྷ་ཁང་། མཆོད་ཁང་རྣམས་གཅིག་ལས་གཅིག་མཚར་བ་ཤ་སྟག་སྣང་། གཙུག་ལག་ཁང་དུ་འཇིག་རྟེན་ན་དཀོན་པའི་སངས་རྒྱས་ཀྱི་རིང་བསྲེལ་ཡང་བཞུགས་པར་བཤད། སྒོར་བུད་དུས་ཚ་བ་འབར་གྲབས་ཡོད་པས་ཚོང་ཁང་ཞིག་ཏུ་སྐོམ་ཆུ་རེ་ཉོས། དེ་ནས་ང་ཚོ་བྷོ་ཝོན་ནི་ཝེ་ཐྲི་Bowon Niwet, ཞེས་པའི་ཉེ་སྐོར་དུ་འཁྱམས་ཏེ། དེར་ང་ཚོས་ཉིན་གུང་ཡོལ་ཙམ་ལ་ཟ་ཁང་ཞིག་ལས་ཟ་མ་དང་མཉམ་དུ་ཁོལ་ཁུ་ཁུ་ནག་རེ་བཏུང་། རྩིས་རྒྱག་སྐབས་བཏུང་བ་དག་གི་རིན་པ་བླངས་མ་སོང་། ཟ་ཁང་གི་སྦྱིན་བདག་མས་མཚམས་སྦྱོར་བྱས་དོན་ལྟར། ང་ཚོ་ཐའེ་རྒྱལ་ཐོག་རིམ་པ་རབ་ཏུ་བྱུང་སའི་དགོན་པར་མཇལ་སྐོར་དུ་སོང་། འདིའི་ཡུལ་སྲོལ་ཞིག་ལ་འགོ་རྒྱལ་པོ་ནས་མཇུག་སྤྲང་པོའི་བར་སྐྱེས་པ་རྣམས་ཉུང་མཐར་ཉིན་གཅིག་ལ་གྲྭ་བ་བྱེད་དགོས་ཟེར། ཡུལ་འདིར་དར་བའི་སངས་རྒྱས་ཆོས་ལུགས་ཀྱང་སཾསྐྲིཏའི་ཆོས་བརྒྱུད་དང་། པཱ་ལིའི་ཆོས་བརྒྱུད་གཉིས་ལས་པཱ་ལིའི་ཆོས་བརྒྱུད་དུ་གཏོགས།འདུལ་བའི་ཉམས་ལེན་ཞིབ་ཅིང་ཕྲ་བ་བྱེད། དགེ་འདུན་པ་རྣམས་འཚོ་བ་བསོད་སྙོམས་ལ་བརྟེན་ཀྱང་། ཤ་དང་ཐ་མ་ཁ་ཅི་མི་སྙམ་པར་རོལ། དེ་ལྟ་ནའང་། ཡུལ་ལུང་འདིར་ང་ཚོ་སྟོན་པ་གཅིག་གི་རྗེས་འཇུག་པ་ཡིན་པའི་ཚོར་བ་ངེས་པར་སྐྱེ། སྲང་ལམ་དུ་ཉིན་གུང་ཉི་མས་གདུངས་པས་འཚིག་ཇ་ཁང་ཞིག་ཏུ་ཤིང་ཏོག་ཁུ་བ་དང་ཆུ་གྲང་མོ་རེ་བཏུང་། དེ་ནས་ང་ཚོ་གསེར་གྱི་རི་བོ་Golden Mountain, ལ་སོང་། ས་མིང་འདི་ཐོས་དུས་ལ་ལ་ནི། རྒྱལ་པོ་ཤཱཛྷང་གི་བུ་ཡིས་ཡར་ཀླུང་ཤེལ་བྲག་ཅེས་པ་ཤེལ་གྱི་བྲག་རི་ཡིན་པ་གཞིར་བཞག་གིས། བོད་ལ་ཤེལ་སློང་དུ་བཏང་བའི་གཏམ་རྒྱུད་ཀྱི་རྗེས་སུ་མི་འབྲང་བའི་ངེས་པ་མེད།
ང་ཡང་ནམ་རྒྱུན་འགྲོ་མྱོང་ཡེ་ནས་མེད་ས་ཞིག་གི་སྐོར་ཐོས་པ་ཙམ་གྱིས་ཡུལ་དེའི་སྐོར་སེམས་ནང་རྩོལ་མེད་དུ་རྟོག་བཟོ་ཞིག་བྱེད། དེར་བརྟེན། “ཐོས་པ་བརྒྱ་ལས་མཐོང་བ་གཅིག་” ཅེས་པ་དངོས་པོའི་གཤིས་ལ་ཉེ་བའི་སྡོམ་ཚིག་ཅིག་ཏུ་གོ ། གནས་དེ་ཡི་སྤྱིའི་ཆགས་དབྱིབས་སོགས་བལ་ཡུལ་གྱི་འཕགས་པ་ཤིང་ཀུན་དང་འདྲ་སེ་བ། ལྗོན་པ་ཚང་ཚིང་འཁྲིགས་པ་ཞིག་གི་རྩེ་མོར་གསེར་གྱི་མཆོད་རྟེན་དྲིལ་བུ་ཁ་སྦུབས་པ་ལྟ་བུ། ཕྱི་ནང་གི་བཟོ་བཀོད་གཞན་གྱིས་དོ་ཟླ་མི་ཕེར་བ། མཆོད་རྟེན་གྱི་རྩེ་ཇེ་ཕྲ་ནས་ཇེ་ཕྲ་གནམ་ལ་ཟུག་པ་ཞིག་མཇལ། རི་འདབས་ནས་རི་སྐེད་ལྷ་ཁང་བར་རྡོ་སྐས་རིང་མོ་ཞེང་ལ་འདོམ་པ་དོ་ཙམ་ཡོད་པ་ཞིག་བརྒྱབ་འདུག རི་སྐེད་ལྷ་ཁང་དུ་ཐུབ་པ་ལོངས་སྐུའི་རྣམ་པ་ཅན་ཡང་བཞུགས། རི་འདབས་བྱང་ངོས་སུ་རྡོའམ་ཅི་ཞིག་ཐོག་སངས་རྒྱས་ཀྱི་ཞབས་རྗེས་སྤར་བའི་བཟོ། སྲིད་དུ་ཁྲུ་དོ་ཞེང་དུ་སོར་བཅུ་གྲངས་ཅན་ཞིག་བདོག་ཀྱང་ཐའེ་རྣམ་པ་དོད། ལར་ཐའེ་དགོན་པ་དང་གནའ་ཤུལ་དག་ཏུ་སྔོན་གྱི་དུས་བྲིས་ངེས་པའི་དཀར་ཆག་རེ་མཐོང་ཡང་། དེ་དག་ནི་ཐའེ་ཡི་གེ་ཡིན་པར་སོང་། བཀླག་པའི་སྨྲ་ལྕེ་ནི་ཞ་ཞིང་། གོ་བའི་བློ་གྲོས་ནི་རྡུགས་སོ། ། གང་དུ་ལོ་རྒྱུས་ཀྱི་ཤུལ་བཞག་དང་། དཔལ་ཡོན། ངོ་མཚར། རང་བྱུང་གི་མཛེས་སྡུག་སོགས་ཡོད་ན། དེར་ཕི་གླིང་མགོ་སེར་པོ་ཚོ་སླེབས་ཏེ་འདྲ་པར་ལེན་པའམ། ཡི་གེར་འབེབས་པ་མཐོང་ངེས། ”རྒྱལ་ཁམས་རིག་པས་བསྐོར་བ” ཞེས་པ་དེང་གི་དུས་སུའང་ཁོང་ཚོས་ལག་ལེན་དུ་འདེབས་ཀྱིན་འདུག དགོང་མོ་ང་ཚོ་མགྲོན་ཁང་ནས་ཐག་དེ་ཙམ་མི་རིང་བ་ན་ཁྲོན་ཆིན་རྒྱ་ཁོག་ཟ་ཁང་ཞེས་པར་ལོ་སར་དགོང་ཟས་ལ་རྒྱ་ཁོག་རྒྱས་པ་ཞིག་བཟས།
ཉིན་དགུ་པ།
ཕྱི་ཚེས་༦ གཟའ་ལྷག་པ་ལོ་གསར་ཚེས་གཉིས་ཉིན། ང་ཚོ་ཧོང་ཀོང་ཆུང་ཆུང་Little Hong Kong, ཞེས་པ་དང་། འཛམ་གླིང་ལྟེ་བ་Center World, ཞེས་པའི་ཁྲོམ་ར་དག་ཉུལ་ནས་ཉོ་ཆ་ཙག་ཙིག་རེ་བརྒྱབ། ཁྲོམ་ར་དེ་དག་ནི་ཉིན་གང་པོར་ཉུལ་རུང་མཇུག་རྫོགས་རྒྱུ་མི་འདུག་པས། ཁང་བརྩེགས་རེ་རེའི་ནང་ཞིབ་མོར་ཉུལ་ན་ཆུ་ཚོད་ཆ་རེ་འགོར། མཚམས་རེར་ཐང་ཆད་ཅིང་ཁ་ཡང་སྐོམ་པས་ཇ་ཁང་རེའི་ནང་འཛུལ། དགོང་མོ་ཧོང་ཀོང་ཆུང་ཆུང་གི་ཟ་ཁང་ཞིག་ཤ་བསྲེག་སྡེར་མ་རེ་ཟོས། སྤྱིར་ལུང་པ་གསར་པ་དག་ཏུ་སླེབས་དུས་ཅ་ལག་གི་གོང་ཚད་དྲིས་ཏེ། རིན་གོང་དེ་གནས་ཡུལ་རྒྱལ་ཁབ་ཀྱི་སྒོར་མོའི་འཛའ་ཐང་གིས་གོང་ཚད་ཆེ་ཆུང་བརྟག་པ་ནི་ཀུན་གྱི་བྱེད་སྟངས་ཤིག་ཡིན་པ་འདྲ། ཐའེ་ལན་ཡུལ་འདིར་མགྲོན་ཁང་དང་། ཟ་ཁང་། འགྲིམ་འགྲུལ་སོགས་ཀྱི་གོང་ཚད་དེ་ཙམ་མི་མཐོ་ལ། ཉེར་སྤྱོད་མཁོ་ཆས་རིགས་གོང་ཁེ་ཞིང་སྤུས་ཀའང་བཟང་། འོན་ཀྱང་རྒྱས་སྤྲོས་ཅན་ཏེ། མགྲོན་ཁང་སྐར་མ་ཅན་དང་། ཟ་ཁང་དང་འཚིག་ཇ་ཁང་མིང་གྲགས་ཅན་རྐྱང་རྐྱང་དུ་སོང་ན་སྒོར་ཤེད་ཅན་ཚོས་མ་གཏོགས་ལྕོགས་དཀའ། ཤིང་ཏོག་རིགས་ཅུང་གོང་ཆེ་བ་ནི། ཕུ་ཁེ་ཐྲིར་ཤིང་ཏོག་བེ་ཏ་༼ཀོ་ཀོ་ནར༽གཅིག་ལ་ཐའེ་སྒོར་༨༠རེ་དགོས་པ་ལས་ཤེས། ངའི་འགྲུལ་བཞུད་ཀྱི་དུས་ཡུན་ཐུང་ངུའི་ཟིན་ཐོ་རགས་ཙམ་བྲིས་པ་འདིའི་ཐོག་ནས། ཁོ་བོ་རྒྱ་བལ་དུ་མི་ལོ་ཉེར་གཉིས་བསྐྱལ་ཀྱང་། ཡུལ་དེ་དག་གི་སྐོར་བྲིས་པ་ཧ་ཅང་ཉུང་བའི་རྒྱུ་རྐྱེན་ཐད་ཆིག་ལབ་ཀྱིས་རང་ཉིད་ལ་དྲི་བ་ཞིག་བཏང་མོད། ལན་ད་དུང་མ་ཐེབས།
ཉིན་བཅུ་པ།
ཕྱི་ཚེས་༧ གཟའ་ཕུར་བུའི་ཉིན་ཡང་ཐག་རིང་དུ་འགྲོ་འདོད་མེད་པས་ཉེ་འཁོར་གྱི་ཁྲོམ་ར་དག་ཏུ་ཉི་མ་སྐྱེལ་ཐབས་བྱས། དོ་ནུབ་ང་ཚོ་ཕྱིར་རྒྱ་གར་དུ་ཆས་དགོས་རེད། ང་ཚོས་ད་ལན་འགྲུལ་བཞུད་འདི་སྐྱིད་རབས་བཤད་ཀྱིན་བཤད་ཀྱིན། དུས་ཚོད་ཀྱི་དབང་གིས་འགྲོ་མ་ཐུབ་ས་སྟེ། གནམ་ངོར་གོམ་སྤོ།sky walking, གྲུ་ནང་ཁྲོམ་ཉུལ། བ་སོའི་གནམ་ཟམ་སོགས་གླེངས་ནས་འདོད་པ་མ་ཁེངས་པའི་རྣམ་པས་ཡང་བསྐྱར་ཡོང་རྒྱུའི་བསམ་བློ་འཁོར། བྷན་ཀོག་གནམ་ཐང་དུ་ཞབས་ཞུ་མས་ཁ་པར་ཐོག་འབྲེལ་བ་བྱས་ཏེ་ང་ཚོར་རྐུབ་བཀྱགས་བཟང་ཤོས་དག་སྤྲད། གནམ་ཐང་དུ་འཚིག་ཇ་རེ་བཏུང་ནས་ཆུ་ཚོད་གཅིག་ཙམ་ལ་གནམ་གྲུ་བསྒུགས། ཚུར་ལམ་སྐུ་ཞབས་Jack, ལགས་དང་ང་གཉིས་གནམ་གྲུའི་ནང་འདུག་སྟེགས་ཆ་ལ་ཁེལ་ཞིང་། གནམ་གྲུ་འཕུར་ནས་ཆུ་ཚོད་ཕྱེད་ཀ་ཡས་མས་སུ་མཁའ་ཞབས་མ་གཉིས་རེས་བཟའ་བཏུང་འདྲུད་སྒམ་དེད་ནས། སྐུ་ཞབས་ལགས་ཤ་ཡོད་དམ་ཡང་ན་ཞེས་དྲིས། ཤ་ཡོད་ནི་མཚོ་ཟས་རེད་འདུག་པས། Jack,ལགས་རྒྱལ་ཁམས་པ་ཞིག་ཡིན་པས་མཚོ་ཟས་ལ་ཅི་དགར་རོལ། མཚོ་འབུ་རྐང་དམར་གྱི་ཤ་ཟ་མ་མྱོང་ཡང་དོ་ནུབ་ཚོད་ལྟའམ་བྲོ་བ་ཅིག་མྱང་དགོས་བསམ། གནམ་གྲུ་ནི་འབར་མའི་རྒྱལ་ས་ཡར་གྷོན་གྱི་མཁའ་དབྱིངས་དང་། དེ་ནས་བྷང་ལ་ངྷེ་ཞིའི་མཁའ་ལམ་བརྒྱུད་རྒྱ་གར་དུ་འཕུར་གྱི་ཡོད་ཚོད་རེད།
ནམ་གུང་གི་ཆུ་ཚོད་༢ ཡོལ་ཙམ་ན་ལྡི་ལིའི་གནམ་ཐང་དུ་ཕྱིར་སླེབས་དུས་མཐིལ་གཅལ་སྟེང་དང་། སྒེའུ་ཁུང་དག་ཏུ་ཐལ་རྡུལ་སྲབ་ཙམ་བབ་ཡོད་པ་ཚོར། གནམ་གཤིས་གྲང་བའི་ཁར་གནམ་ཐང་ནང་གི་ཞབས་ཞུ་བ་ཚོའི་གྲང་ཤུར་ཤུར་གྱི་རྣམ་འགྱུར་དག་གིས་ཁོག་འདར་ཞིག་རྒྱག་ཏུ་བཅུག ང་ཚོ་ཕྱི་སྐྱོད་ལག་དེབ་སེར་པོ་འཆང་མཁན་ང་ཚོ་ཟུར་དུ་སྒུག་བཅུག་པར་མ་ཟད། ང་ཚོའི་ཐོག་དཔོན་ཉམས་བསྟན་ཅིང་སྐབས་སུ་མ་བབ་པའི་མི་སྒེར་གྱི་གནས་ཚུལ་རེ་དྲི་བ་བཏང་། མཐར་ང་ཚོ་གནམ་ཐང་གི་ཕྱིར་ཐོན་པ་དང་ཧིན་སྒོར་ཆིག་སྟོང་ཡས་མས་ཀྱིས་གླ་འཁོར་ཞིག་གླས། ལྡི་ལི་གྲོང་ཁྱེར་ཆེན་པོ་འདིའི་གད་སྙིགས་གང་སར་གཡུག་པའི་རྣམ་པ་དག་མིག་ལ་བརྒྱུས་བཞིན། ནམ་མ་ལངས་ཙམ་ལ་བོད་སྒར་བསམ་ཡས་གླིང་གི་ཤར་ཕྱོགས་མགྲོན་ཁང་དུ་འབྱོར།
ད་ལན་ང་ཁྲོན་པའི་སྦལ་པ་ཞིག་གི་མཐོང་རྒྱ་ཏོག་ཙམ་བསྐྱེད་པའི་བརྒྱུད་རིམ་ཅན་གྱི་ཟིན་ཐོ་འདི་ཟླ་འགའི་རྗེས་སུ་བྲིས་པས། གནས་ཚུལ་ལ་ལ་བརྗེད་ངས་ཀྱི་རྐུན་པོས་ཁྱེར་བ་དང་། ཡང་དོན་དག་རེ་ཟུང་གི་སྔ་ཕྱིའི་གོ་རིམ་འཁྲུགས་པ་སོགས་བྱུང་ཡོད་ངེས། ཁ་བརྡ་དྲ་ཚིགས་སུ་སྤེལ་བ་ན་བསམ་ཚུལ་འདོན་མཁན་གང་ལ་གང་འཚམ་བྱུང་བ་ལས། སྐྱོན་གྱི་ཕྱོགས་ནས་མང་སེ་བ་ཡིན་པ་འདིས་གུས་པའི་རྩོམ་རྩལ་ནར་མ་སོན་པ་བསྟན་ཅིང་། “ཕྱག་རྡོར་ཞིག་བྲིས་ཡིན་ཏེ། སྦལ་པར་ཆགས་འདུག” ཅེས་པའི་དཔེ་ལྟར་སོང་བ་མ་ཡིན་གྲང་།(རྫོགས་སོ།།)
ཐ་ཡི་ལེནྜ་རྒྱལ་ས་བྷེང་ཀོག་ནང་དུ་་་་་་དགེ་ཆོས་ཀྱི་གནས་ཡིག་ནང་གསལ་་་ཚིག་གསལ་པོ་དག་ཆ་མི་དྲན་ཡང་་་དོན་དག་་་ལྷ་བརྒྱ་་བྱིན་གྱི་བཟོ་བཀོད་ལས་གྲུབ་པསི་སྟོན་པ་བེ་ཌུརྱའི་རྒྱུ་ལས་གྲུབ་པའི་ཕ་ཀོ་རའམ་་གསལ་པོ་མི་དྲན་་་གང་ལྟར་ལྷ་་ཁང་ཆེན་པོ་ཞིག་ནང་ཀུན་དགའ་ར་བའི་ཁྲི་མཐོན་པོ་ཞིག་སྟེང་་སྟོན་པའི་སྐུ་ཕྲུ་གཅིག་ཙམ་ཡས་མས་བྱིན་ཅན་བཞུགས་འདུག་པས་དེར་གནས་མཇལ་བྱུང་སོང་ངམ། དཔར་འཐེན་ཆོག་མིའདུག
བཀུར་འོས་ཁ་བརྡ་དྲ་བའི་རྩོམ་སྒྲིག་པ་རྣམ་པ་དང་། སྔ་ཕྱིར་དཔྱད་བརྗོད་ཀྱི་མཆན་བུ་འདེབས་མཁན་གྱི་དྲ་གྲོགས། ཀློག་པ་པོ་ཚང་མར་ཐུགས་རྗེ་ཆེ་ཞུ།
ཐེག་ཆེན་ཐེག་དམན་དད་པའི་རྗེས་འབྲངས་དང།
ཚན་རྩལ་རིག་པས་རྗེས་འབྲངས་རིག་པའི་རྗེས།
དད་པའི་རྗེས་འབྲངས་དུས་རབས་བདུན་པར་དར།
རིག་པའི་རྗེས་འབྲངས་དུས་རབས་ཉི་ཤུར་དར།
དད་རིག་གཉིས་ཀྱི་སྤྱི་ཚོགས་འཚོ་ལམ་བསྟན།
འཇིག་རྟེན་བདེ་ན་དད་རིག་གཉིས་ཀ་མཁོ།
འཛམ་གླིང་ས་གཞི་ཕྱོགས་བཞི་མཚམས་བརྒྱད་ལ།
སྟོན་པའི་བསྟན་པ་མ་དར་ཡུལ་ལུང་གཅིག་ཀྱང་མེད།
སྐལ་བའི་འཕེལ་སྒྲིབ་དུས་ཀྱི་འགྱུར་བའི་འོག།
མི་གི་བྱེད་ལས་འོག་ཏུ་སྤྱི་ཚོགས་དར་རྒུད་གནས།
ཤར་ཕྱོགས་དད་པའི་རྗེས་འབྲངས་དང།
ནུབ་ཕྱོགས་རིག་པའི་རྗེས་འབྲངས་གཉིས།
དུག་སྦྲུལ་དཀར་ནག་ཤེལ་དམ་གཅིག་གི་ནང།
མཉམ་གནས་ཐུབ་པའི་གདེངས་ཚོད་སུ་ལ་ཡོད།
སྔོན་དུས་དད་པའི་རྗེས་འབྲངས་བསྟན་པ་རྒྱས།
དེང་དུས་རིག་པའི་རྗེས་འབྲངས་བསྟན་སྲུངས།
མགོ་ནག་དད་རྗེས་མགོ་སེར་རིག་རྗེས་གཉིས།
བསྟན་པ་སྲུངས་བའི་བསྟན་དག་ཡོང་བ་ཤོག།