རླངས་འདྲེ་བཀོལ།
ཞར་དང་ཞོར་ལ་ཞི་བདེ་གླེང་བའི་ཞི་བདེའི་མི་སྣ་འགའ་ཞིག་དང་།།
ཚད་ལས་བརྒལ་བའི་དཀའ་ཚེགས་སྤྱད་ནས་འཚེ་མེད་འཚོལ་བའི་ཚུལ་ལྡན་ཁྱོད།།
འགྲན་དུ་འདོད་ཀྱང་འགྲན་ཟླ་མི་དོ་འགྲན་མེད་དེད་དཔོན་ཁྱོད་ཉིད་ཅེས།།
གོ་ལའི་ཁྱོན་གྱི་གོ་རྟོགས་ལྡན་པའི་མགོ་བོ་ཅན་ཚོས་གུག་གུག་སྨྲས།།
སྐྱབས་མཆོག་ཁྱེད་ཀྱི་སྐྱབས་མེད་སྐྱོབས་ཕྱིར་རླབས་ཆེན་སྐད་ཀྱིས་འདི་སྐད་བསྐུལ།།
ཨ་རོ་ཁམས་པ་ཨ་མདོ་བ་དང་ཨ་ལས་སྨྲ་བའི་དབུས་པ་ཚོ།།
མི་ཡི་མི་ཚེ་མི་འདོད་སྣ་དགུ་མི་མཐུན་འབྱུང་བའི་གཞི་མ་ནི།།
ནང་མི་ནང་བཞིན་ནམ་ཡང་མ་ནུས་ནང་ཁུལ་ནང་དམེ་བྱས་པས་ལན།།
འདི་ནི་མགོན་པོ་ཁྱོད་ཀྱིས་ལམ་སྟོན་ཡིན་ལ།།
དཔྱད་ན་ཁ་བ་ཅན་པའི་ཞན་ཆ་དངོས་མ།།
ཕ་རུས་གཅིག་པའི་ཤ་དང་ཟུངས་ཁྲག་བར་ལ།།
ཕ་ཤ་རྩོད་པའི་ལོ་རྒྱུས་མཐོང་རྒྱུ་ཡོད་དོ།།
འོན་ཀྱང་སྲིད་འདིའི་སྐྱེ་འགྲོའི་སྤྱོད་ཚུལ་དེ་དག།།
རྒྱུན་དུ་གཟིགས་ཀྱང་སྔོན་གོམས་ཐུགས་བསྐྱེད་གཙང་མས།།
ལྷན་སྐྱེས་ཐུགས་སེམས་གཡོ་མེད་རྡོ་རྗེའི་རང་མདངས།།
ཞུམ་དང་དངངས་པས་མི་ཤིགས་གཤིས་སུ་གྲུབ་འདུག།།
ཁྱོད་ཀྱི་ཐུགས་རྗེ་བདུད་རྩི་དྭངས་མས་གསོས་ནས།།
སྐུ་ཡི་གཟི་མདངས་ཐུགས་ཀྱི་བརྩེ་བའི་ཞགས་པས།།
ཡུན་ནས་ཡུན་དུ་དམ་པོར་བསྡམས་པའི་སྲོག་ཆགས།།
མགོ་ནག་བོད་དང་འཇིག་རྟེན་སྐྱེ་འགྲོའི་ཆེད་དུ།།
བསྐལ་པའི་བར་དང་སྐུ་ཚེ་བརྒྱ་ཕྲག་བར་དུ།།
གཡོ་མེད་བཞུགས་པའི་རེ་འདུན་རེ་སྟོང་མ་མཛད།། །།
འདྲེ་བཀོལ་རེད་དམ། འཁོལ་རེད། ཚིག་བཅད་ཡི་ག་འོང་བ་ཞིག་འདུག