རྫ་ཚེ་རིང་བཀྲ་ཤིས།
༡༽ ང་ལ་གསལ་བཤད་ཀྱི་འོས་འགན་ཡོད།
ཁར་རྩང་ངས་༧སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེས་དྲ་ལམ་ནས་རྒྱལ་སྤྱིའི་ཁྱོན་གྱི་སློབ་མ་ཚོར་གནང་བའི་དྲིས་ལན་ཕྲན་གྱིས་བོད་སྒྱུར་ཞུས་པ་དེ་ལ་ལོ་རྒྱུས་སྨྲ་བ་ཐུབ་བསྟན་ཕུན་ཚོགས་ཀྱིས་དོགས་སློང་བྱས་པ་ཞིག་མཐོང་བྱུང་། མཁྱེན་བརྩེ་རིན་པོ་ཆེ་དང་ཁོང་གི་གསུང་ལ་རྒྱུས་མེད་པ་དང་། བཀའ་སློབ་ཀྱི་མ་དཔེ་ལ་ཞིབ་དཔྱོད་ཀྱི་ཆ་རྐྱེན་མི་ལྡན་མཁན་ཚོའི་ཆེད་དུ་འདིར་གསལ་བཤད་ཅིག་བྱེད་རྒྱུ་ཡིན། རང་ཉིད་རྩོམ་དེ་སྒྱུར་མཁན་ཡིན་པའི་ཆ་ནས་སྐད་ཆ་ཉུང་ཉུང་ཞིག་བཤད་རྒྱུའི་འོས་འགན་ཡང་ཡོད་པ་རེད་ལ། སྤྱི་ཚོགས་དང་ཀུན་སྤྱོད་ལ་འགན་མི་ཁུར་བའི་མིའི་སྐད་ཆ་ལ་ཐེར་འདོན་བྱེད་པ་ནི་དགེ་བ་ཞིག་རེད།
༢༽ ལོག་བཤད་ཀྱི་རྒྱབ་ལྗོངས་གསུམ།
ཐུབ་ཕུན་གྱིས་བསམ་བཞིན་ལོག་བཤད་འདི་འདྲ་ཞིག་བྱེད་པར་རྒྱབ་ལྗོངས་གསུམ་ཡོད་པ་རེད།
དང་པོ། ནམ་རྒྱུན་ཁོ་གསེར་རྟའི་མཁན་པོ་དེ་ཚོར་སྐད་ཆ་འདྲ་མིན་བཤད་རྒྱུར་གོམས་ལབ་སོང་ཡོད་པས་གསེར་རྟའི་མཁན་ཆེན་ཚོར་བསྟོད་པ་ཤུགས་ཆེན་པོ་བྱས་པ་དེ་འདྲ་ཐོས་ན་ཉན་ཐོས་ལ་ཐེག་ཆེན་བསྟན་པ་ལྟར་འགྱུར་གྱི་ཡོད།
གཉིས་པ། མཁྱེན་བརྩེ་རིན་པོ་ཆེས་བཀའ་ལན་དེའི་ནང་དུ། བླ་རུང་དང་འབྲེལ་བའི་ཐོག་ནས་ཆོས་སྐྱོང་གེ་སར་ལ་དྲ་ཐོག་ནས་ཟུར་ཟ་བྱེད་མཁན་གྱི་སྐོར་ལ་དངོས་སུ་གླེང་སློང་གནང་བ་དེས་ཁོ་ལ་ཕོག་ཐུག་བཟོས་པ་རེད། མཁྱེན་བརྩེ་རིན་པོ་ཆེས་སུ་ལ་གསུང་གི་ཡོད་མི་ཤེས་མོད། ཐུབ་ཕུན་གྱིས་གསེར་རྟ་སྒར་བཤིག་དུས་སྲུང་མ་ཇོ་རུ་གར་སོང་མི་འདུག་ཅེས་པའི་ཟུར་ཟའི་ཚིགས་བཅད་བྲིས་ཡོད་པ་དེ་རྒྱ་གྲགས་བོད་གྲགས་ཡིན་སྟབས། ཁོ་ལ་གནོང་ཅན་ཁྲོ། རྒྱབ་ཆད་འཕག ཟེར་བ་དེ་བྱུང་བ་རེད།
གསུམ་པ། མ་གཞི་ཐུབ་ཕུན་ཁོ་རང་སྐད་ཆ་ཆོ་མེད་པ། ལོ་ཚད་དང་མིང་གནས་གཉིས་ཆར་དང་མི་འཚམས་པའི་སྐད་ཆ་བཤད་རྒྱུར་གོམས་ལོབ་ཆེན་པོ་འདུག
༣༽ རྫོང་སར་མཁྱེན་བརྩེ་གཞུང་ཕྱོགས་ཀྱི་སྤྱི་སྟེགས།
དེ་ཡང་། རྩོམ་ཡིག་གི་མ་དཔེ་རྒྱ་ཡིག་དེ་ཁོ་རང་གི་མཐོང་ཡོད་ལབ་འདུག རྒྱ་ཡིག་གི་མ་དཔེ་ནི། ༼རྫོང་སར་མཁྱེན་བརྩེ་རིན་པོ་ཆེ། ཡང་དག་པའི་ལྟ་བའི་དྲ་ཚིགས་༽ཞེས་པའི་སྤྱི་སྟེགས་(宗薩欽哲仁波切-正見網站)ཀྱི་ཐོག་ཏུ་བཀོད་པ་དེ་ག་རང་རེད། རྒྱ་ཡིག་གི་མཇུག་ཏུ་དབྱིན་ཡིག་གི་མ་དཔེ་ཡང་ཆ་ཚང་བ་བཀོད་འདུག ད་དུང་། རྒྱ་ཡིག་གི་རྩོམ་བྱང་ཁོ་རང་ལ་རྒྱ་དབྱིན་ཤན་སྦྱར་མ་དཔེ(中英文版)ཞེས་ཁ་གསལ་བྱས་འདུག ད་དུང་དབྱིན་ཡིག་གི་མ་དཔེ་ཡོད་མེད་ལ་དོགས་པ་ཟ་སོང་ཟེར་ན་སུས་ཡིད་ཆེས་སམ།
དེ་ཡང་། དྲ་ཚིགས་འདི་ནི་རྒྱ་རིགས་སློབ་མ་དང་འབྲེལ་བའི་མཁྱེན་བརྩེ་རིན་པོ་ཆེ་གཞུང་ཕྱོགས་ཀྱི་དྲ་ངོས་འཁྲུལ་མེད་རེད། འདིའི་ཐོག་ཏུ་མཁྱེན་བརྩེ་རིན་པོ་ཆེའི་གསུང་འཕྲིན་དང་མཛད་རིམ་གལ་ཆེན། དྲི་བ་དྲིས་ལན་ལེ་ཚན། མཁྱེན་བརྩེ་ཐེབས་རྩའི་ལས་འཆར་སོགས་ཁོ་ན་སྤེལ་གྱི་ཡོད། མ་ཟད་སྤེལ་ཐེངས་ཚང་མའི་འོག་ཏུ། མཁྱེན་བརྩེ་རིན་པོ་ཆེའི་གཞུང་ཕྱོགས་དྲ་ཚིགས་ཕྲིན་ཕྲན་སྤྱི་སྟེགས་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་ཡང་དག་པའི་ལྟ་བ་དྲ་ཚིགས་ལ་དོ་ཁུར་གནང་བར་ཐུགས་རྗེ་ཆེ་(感謝關注宗薩欽哲仁波切-正見網站)ཞེས་བྲིས་ཡོད།
༤༽ དབྱིན་ཡིག་མ་རྩོམ་དང་མཁྱེན་བརྩེའི་ངོ་དེབ།
ཡང་སྤྱི་ཟླ་དང་པོའི་ཚེས་༢༣ཕྱི་དྲོ་མཁྱེན་བརྩེ་རིན་པོ་ཆེ་སྐུ་སྒེར་གྱི་ངོ་དེབ་དྲ་ངོས་སུ་མཁན་ཆེན་རྣམ་གཉིས་དང་འབྲེལ་བའི་དྲིས་ལན་ལྗགས་རྩོམ་དེ་བཀོད་གནང་ཡོད། ངོ་དེབ་དེར་རྗེས་འབྲངས་པ་འབུམ་ཕྲག་གཅིག་ལ་ཉེ་བ་ཙམ་ཡོད་པ་དང་། དེ་ནི་མཁྱེན་བརྩེ་རིན་པོ་ཆེ་སྐུ་སྒེར་གྱིས་བདག་གཉེར་གནང་བཞིན་པ་དང་། གཙོ་བོ་ཁོང་སྐུ་སྒེར་གྱི་འཚོ་བ་དང་དགའ་ཕྱོགས་མཚོན་པའི་རྩོམ་ཡིག་དང་། སྒྱུ་རྩལ་པར་རིས། གློག་བརྙན་སྔོན་བརྡ་སོགས་སྤེལ་ས་རེད། མཁྱེན་བརྩེ་རིན་པོ་ཆེའི་གསུང་དེ་རྒྱ་ཡིག་ཏུ་ཐ་མའི་ཞུས་དག་གནང་མཁན་མཁྱེན་བརྩེ་ཐེབས་རྩའི་དྲུང་ཡིག་རེད། བོད་འགྱུར་གྱི་མ་དཔེ་དེ་ཡང་དྲུང་ཡིག་རང་གིས་ང་ལ་བཏང་བ་ཡིན།
༥༽ དྲི་བ་འདྲི་མཁན་གྱི་མིང་རྩོམ་ཡིག་ཏུ་འཁོད་དགོས་སམ།
འདི་ནས་ངས་དོགས་པ་བཅུ་ཟེར་བ་དེའི་ནང་གི་ཁག་ཅིག་ལ་དཔྱད་པ་རགས་རིམ་ཞིག་བྱེད། ཡང་སློབ་མས་དྲིས་ཟེར་ན་མིང་ཡོད་དགོས་པ་རེད་ཅེས་ཟེར་མོད། སློབ་མས་དྲི་བ་དྲིས་པ་ཚང་མར་སློབ་མའི་མིང་འཁོད་དགོས་པའི་ཁྲིམས་ཤིག་སུས་བཅས། མཁས་པ་ཁག་གིས་མཐོ་སློབ་གཏམ་བཤད་སོགས་དང་འབྲེལ་བའི་དྲི་བ་དྲིས་ལན་གྱི་བརྩམས་ཆོས་ཅི་བས་མང་བར་གང་ཟག་སུ་དང་སུས་དྲིས་པ་མ་མཁོད་པ་ཧ་ཅང་རྒྱུན་ལྡན་རེད། ཉེ་ཆར་ཟླ་བ་འདིའི་ཚེས་༢༤ དང་། ༢༩སོ་སོར་ཡང་། ཀྲུང་གོའི་གཞོན་སྐྱེས་དང་ཕྲུ་གུ ཕ་མ་བཅས་དང་འབྲེལ་བའི་དྲི་བ་གཉིས་ལ་དྲ་ཚིགས་དེ་ཀ་རང་བརྒྱུད་ནས་ལན་འདེབས་གནང་འདུག
༦༽ འབྱུང་འགྱུར་གྱི་གཟིགས་རྒྱང་།
སྐྱེས་བུ་དམ་པ་འགའ་ཞིག་ལ་དོན་གྱིས་འཛམ་གླིང་ནང་བསྟན་གྱི་དབུ་ཁྲིད་ཀྱི་ཆེ་མཐོང་རང་བཞིན་གྱིས་ཡོད་པ་ལྟར། མ་འོངས་པར་དེ་འདྲ་ཡོད་མི་ཆོག་པ་ཞིག་མ་རེད། གལ་ཏེ་མཁྱེན་བརྩེ་རིན་པོ་ཆེས་དེ་ལྟར་ཚོད་དཔག་གནང་བའི་དབང་དུ་བཏང་ན་ཡང་ངའི་ངོས་ནས་ཁོང་ལ་རྒྱལ་སྤྱིའི་དང་འབྱུང་འགྱུར་གྱི་གཟིགས་རྒྱངས་དེ་འདྲ་ཞིག་ཡོད་པའི་ཡིད་ཆེས་ཡོད། ཁོང་ལ་རྒྱལ་སྤྱིའི་རང་བཞིན་གྱི་གཟིགས་རྒྱང་རིང་པོ་ཅི་ཙམ་ཡོད་པ་དེར་ང་ཧང་སང་གིས་ཡོད། ངས་རང་ལ་དཔེ་མཚོན་ཆུང་ཆུང་ཞིག་བཤད།
༧༽ ཨ་རིའི་སྲིད་འཛིན་སྔོན་དཔག་གནང་བ།
ཨ་རིའི་སྲིད་འཛིན་འོས་འདེམས་ཀྱི་ཆེས་ཐོག་མའི་དུས་རིམ་སྟེ། སྤྱི་ལོ་༢༠༡༦ལོའི་ཟླ་༣ཚེས་༡༠ཉིན་ཁོང་གི་འཕྲིན་ཕྲན་གྱི་ཐོག་ད་ལྟའི་ཨ་རིའི་སྲིད་འཛིན་གསར་པའི་འདྲ་པར་ཞིག་དང་མཉམ་དུ་ཉི་མ་གཅིག་ལ་འདྲ་པར་འདི་ཕོ་བྲང་དཀར་པོའི་སྲིད་འཛིན་རིམ་པའི་འདྲ་པར་བཀལ་སའི་རྩིག་ངོས་ལ་འགེལ་གྱི་རེད། ཅེས་གསུངས་པ་རེད། སྐབས་དེར་འཛམ་གླིང་གི་ནང་ན་ཁོང་སྲིད་འཛིན་ལ་འདེམས་ཐོན་འབྱུང་རྒྱུ་ཡིན་པར་ཚིག་ཐག་ཆོད་པོས་སྔོན་དཔག་ཐུབ་མཁན་ཧ་ལམ་བྱུང་མེད། ཁོ་ལ་སྲིད་འཛིན་ཐོབ་པ་དེ་འཛམ་གླིང་གི་དཔྱད་བརྗོད་པ་དང་གསར་འགོད་པ་སྲིད་གཞུང་ཕལ་མོ་ཆེར་བསམ་ཡུལ་ལས་འདས་པའི་དོན་རྐྱེན་ཞིག་ཏུ་གྱུར་ན་ཡང་། ཁོང་གིས་སྔ་ས་ནས་སྔོན་དཔག་གནང་ཡོད།
༨༽ སྣེ་ཁྲིད་པ་དང་དབང་འཛིན་མི་སྣ་གཅིག་པ་མིན།
འོན་ཀྱང་སྐབས་འདིའི་དྲི་བ་དྲིས་ལན་དངོས་དེ་འཛིན་སྐྱོང་གཅིག་གི་དཔོན་པོ་དང་གཡོག་པོ་ལྟར་གཅིག་འོག་ཏུ་གཅིག་སྡུད་མཁན་སུ་ཆགས་མིན་གྱི་སྐད་ཆ་རེད་མི་འདུག
དྲི་བ་མདོར་བསྡུས་ན། མ་འོངས་པའི་ནང་པའི་ཁྲོད་ཀྱི་ཆེས་འབུར་དུ་ཐོན་པའི་མི་སྣ་དེ་སུ་ཆགས་ས་རེད་དྲིས་པའི་ལན་དུ། མཁྱེན་བརྩེ་རིན་པོ་ཆེས། ནང་པ་སྤྱིའི་གནས་སྟངས་ཤེས་ཀྱི་མེད། བོད་བརྒྱུད་ནང་བསྟན་གྱི་ཁྲོད་མཁན་པོ་ཁོང་གཉིས་ལ་དམིགས་བསལ་གྱི་རེ་བ་ཆེན་པོ་བཅོལ་གྱི་ཡོད་ཅེས་ལན་བཏབ་པ་ཙམ་རེད།
གསུང་འདི་ཧ་ཅང་དོན་ལ་གནས་པ་ཞིག་རེད། མ་མཐའ་ཡང་བོད་ནང་དུ་ད་ལྟའི་ཆར་མཛད་པ་དང་ཕྲིན་ལས། ཤུགས་རྐྱེན་དང་ཆེ་མཐོང་གང་ཐད་ནས་ཡང་ཁོང་གཉིས་འདྲ་བ་ཞིག་ཧ་ལམ་མེད་པ་ཁས་ལེན་ཐུབ་པ་ཞིག་མ་རེད་དམ། དེ་འདྲའི་རྒྱབ་ལྗོངས་འོག་ཚོད་དཔག་གམ་ཐུགས་རེ་དེ་འདྲ་ཞིག་གནང་བར་ཐལ་ཆ་གང་ཡང་མི་འདུག
༩༽ མཁྱེན་བརྩེའི་དགོངས་གཞི་ངོ་མ།
མཁྱེན་བརྩེ་རིན་པོ་ཆེའི་དགོངས་གཞི་དངོས་དེ་ནི། དྲི་བ་དེ་དང་འབྲེལ་བའི་ཐོག་ནས་མཁན་ཆེན་རྣམ་གཉིས་ད་ལྟའི་སྤྱི་ཚོགས་ཁྲོད་ཧ་ཅང་དམིགས་བསལ་བ་ཞིག་ཡིན་པའི་དངོས་ཡོད་ངོས་འཛིན་ཐོག་ཆེ་བསྟོད་ཞུས་པ་ཡིན་ན་རྒྱལ་སྤྱིའི་སྤྱི་ཚོགས་སུ་ཁོང་གཉིས་ཀྱི་མཛད་པ་དང་ཤུགས་རྐྱེན་ཆེ་རུ་འགྲོ་རྒྱུ་དང་། ཁོང་གཉིས་ཀྱི་མཛད་པ་དང་ཤུགས་རྐྱེན་མ་འོངས་པའི་བོད་བརྒྱུད་ནང་བསྟན་མདུན་ལམ་ལ་མ་རྩ་ཆེན་པོ་ཞིག་ཆགས་རྒྱུ་ཡིན་པར་གཟིགས་པ་རེད།
དེ་མིན་བོད་ཀྱི་བླ་ཆེན་དག་གི་ལམ་ལུགས་རང་བཞིན་གྱི་གོ་གནས་དེ་ཚོ་མཁན་པོ་ཚུལ་ཁྲིམས་བློ་གྲོས་དང་མཁན་པོ་བསོད་དར་རྒྱས་གཉིས་ཀྱིས་འཕྲོག་འགྲོ་གི་རེད་ཅེས་པའི་གོ་དོན་མེད་ལ། ཐ་ན་ཁོང་གཉིས་སྔ་འགྱུར་རྙིང་མའི་བསྟན་བདག་ཆགས་མི་ཆགས་ཀྱི་སྐད་ཆ་ཙམ་ཡང་མ་རེད། སུ་ཞིག་གིས་ཁྲི་འཛིན་བྱེད་དང་མི་བྱེད་དང་། སུ་ཞིག་ལ་ཆོས་རྗེ་ཡི་མིང་ཐོབ་ཡོད་མིན་དེ་གནད་དོན་ཞིག་ལ་བརྩི་མཁན་ཞིག་ཡིན་ན་དེ་རྫོང་སར་མཁྱེན་བརྩེ་མ་རེད།
༡༠༽ རྫོང་སར་མཁྱེན་བརྩེས་སངས་རྒྱས་གསོན་པོ་ལབ་མི་འདུག
འདིར་བརྗོད་དགོས་པ་གཞན་ཞིག་ནི། སྤྱིར་༧རྒྱལ་དབང་ཀརྨ་པ་ལ་སངས་རྒྱས་ཀརྨ་པ་ཞེས་གོང་མ་མང་པོས་གསུངས་ཡོད། འོན་ཀྱང་། རྫོང་སར་མཁྱེན་བརྩེས་༧རྒྱལ་དབང་ཀརྨ་པ་བཅུ་བདུན་པ་དང་འབྲེལ་བའི་ཐོག་ནས་སངས་རྒྱས་གསོན་པ་རེད་ཅེས་པའི་བཀའ་མོལ་གནང་བའི་ཁུངས་ལུང་རྩ་བ་ནས་མི་འདུག འདིའི་ཐད། ངས་ཞིབ་དཔྱོད་ནན་ཏན་བྱས་པ་ཡིན།
ཐོག་མར་ཉེ་ཆར་རྒྱལ་དབང་ཀརྨ་པ་རྫོང་སར་བཤད་གྲྭར་ཕེབས་སྐབས་ཀྱི་གོ་སྒྲིག་གནང་གནང་མཁན་དག་ལ་དྲིས་པ་ཡིན། སྐབས་དེར་མཁྱེན་བརྩེ་རིན་པོ་ཆེས་གཏམ་བཤད་གཏན་ནས་གནང་མི་འདུག དེ་ནས་མཁྱེན་བརྩེ་ཐེབས་རྩའི་དྲུང་ཡིག་སོགས་ལ་བཀའ་འདྲི་ཞུས་པ་ཡིན། དབྱིན་ཡིག་ཐོག་རིན་པོ་ཆེས་དེ་འདྲ་ཞིག་བརྩམས་མྱ྄ོང་མི་འདུག མཐར་རིན་པོ་ཆེ་སྐུ་དངོས་ལ་ཐད་ཀར་བཀའ་འདྲི་ཞུས་པ་ཡིན།
ཉེ་ཆར་དྲ་ལམ་དུ་རྫོང་སར་མཁྱེན་བརྩེས་ཀརྨ་པ་གླེང་བ་ཞེས་པའི་ཡིག་འཁྱམས་ཞིག་འགྲོ་བཞིན་པ་མི་གཞན་གྱིས་དེ་ག་ཙམ་བཟོས་བཞག་པ་ཞིག་ཡིན་པ་ལས་ངའི་བཤད་པའི་སྐད་ཆ་ཞིག་མ་རེད། ཅེས་ལན་གནང་བྱུང་།
༡༡༽ ༧རྒྱལ་དབང་ཀརྨ་པའི་འབྲེལ་ཡོད་གསལ་བཤད།
དེ་དང་མཉམ་དུ། རྒྱལ་དབང་ཀརྨ་པའི་གཞུང་ཕྱོགས་ནས་རྩོམ་ཡིག་དེ་རྫོང་སར་མཁྱེན་བརྩེས་བཀའ་སློབ་མིན་པ་དང་། ད་དུང་བླ་རུང་ཞབས་བརྟན་ཟེར་བ་དེ་ཡང་༧རྒྱལ་དབང་ཀརྨ་པའི་གསུང་མིན་པ་བཅས་དོན་ཚན་གཉིས་ཀྱི་ཐོག་མཉམ་དུ་གསལ་བཤད་གནང་འདུག་པའི་ཡི་གེ་ལག་སོན་བྱུང་། གསལ་བཤད་དེ་སྤྱི་ལོ་༢༠༡༦ལོའི་༡༡ཚེས་༢༤སྟེ། ཟླ་བ་གཉིས་ལྷག་གི་སྔོན་ལ་ཀརྨ་བཀའ་བརྒྱུད་ཀྲུང་གོའི་བགྲོ་གླེང་(嘎瑪噶舉中國論壇)ཞེས་པའི་འཕྲིན་ཕྲན་སྤྱི་སྟེགས་ཐོག་བཀོད་འདུག
ཁྱོད་ཀྱིས་ཡིན་ངེས་ཀྱི་མཁྱེན་བརྩེ་རིན་པོ་ཆེའི་གཞུང་ཕྱོགས་དྲ་ངོས་ཀྱི་ཡིག་ཆ་དངོས་ལ་ཐེ་ཚོམ་ཡོད་འདོག་བྱེད་བཞིན། ཁུངས་ལུང་རྩ་བ་ནས་མེད་པའི་རྩོམ་འཆལ་རྫུན་མ་མཁྱེན་བརྩེ་རིན་པོ་ཆེའི་གསུང་ཡིན་ཤག་ཤག་གིས་ལུང་དུ་དྲངས་ནས་སྐད་ཆ་བཤད་ཀྱི་ཡོད་པ་འདི་ལ་ངོ་མི་ཚའམ།
༡༢༽ བསྟན་པ་ལ་སེམས་ཁྲལ་གནང་ན་སྡུག་ཅག་རེད་དམ།
ཡང་ཐུབ་ཕུན་གྱིས། མཁྱེན་བརྩེ་རིན་པོ་ཆེས་སངས་རྒྱས་ཀྱི་བསྟན་པ་ལ་སེམས་ཁུར་ཡོད་ལབ་པ་གང་མིན་ཚད་རེད་ཟེར། འོན་ཀྱང་མཁྱེན་བརྩེ་རིན་པོ་ཆེར་དེའི་ཕྱོགས་ལ་སེམས་ཁུར་ཡོད་པ་བདེན་པ་རེད་འདུག སྤྱི་ལོ་༢༠༡༦ཟླ་བཅུ་གཉིས་པའི་ནང་བསྩལ་བའི་སྤྱི་ལོའི་ལོ་སར་གྱི་གསུང་འཕྲིན་མཁྱེན་བརྩེ་ཐེབས་རྩའི་དྲ་ངོས་ལས་མཁན་པོ་ཆོས་དབྱིངས་རྡོ་རྗེ་མཆོག་གིས་བོད་ཡིག་ཏུ་བསྒྱུར་བ་དེའི་མཇུག་ཏུ།
དོལ་པོ་བ་ཤེས་རབ་རྒྱལ་མཚན་གྱིས། བདག་ནི་སྐྱེ་བ་ཐམས་ཅད་དུ། བསྟན་པའི་ཁུར་ཆེན་ཁུར་བར་ཤོག །ཁུར་ཆེན་ཁུར་བར་མ་ནུས་ཀྱང་། བསྟན་པ་ཉམས་ཀྱིས་དོགས་པ་ཡིས། སེམས་ཁྲལ་ཙམ་ཡང་འབྱུང་བར་ཤོག ། ཅེས་གསུངས་པའི་སྨོན་ལམ་འདི་མཁྱེན་བརྩེ་ཐེབས་རྩ་ཚོགས་པའི་སྨོན་ལམ་ཡང་ཡིན་པས་ང་ཚོ་ཚང་མས་ངག་ཏུ་འདོན་དགོས་ཞེས་འཛམ་བུ་གླིང་གི་མཁྱེན་བརྩེ་ཐེབས་རྩའི་འབྲེལ་ཡོད་ཡོངས་ལ་འབོད་སྐུལ་གནང་འདུག
སེམས་ཁུར་ཟེར་བ་དེ་ཡང་། ནང་པའི་བསྟན་པ་འདི་དར་ཞིང་རྒྱས་ལ་ཡུན་དུ་གནས་པ་ཞིག་ཡོང་ན། བསྟན་པ་ལ་ཕན་ཐོགས་མཁན་དེ་ཚོ་དབུ་འཕངས་མཐོ་ཙམ་བྱུང་ན། དེ་ལ་ཕྲག་དོག་ཟུར་ཟ་བྱེད་མཁན་དེ་ཚོ་ཉུང་ཙམ་བྱུང་ན་སྙམ་པ་དེ་རེད། ད་གོ་སོང་ངམ།
༡༣༽ གཞི་རྒྱ་ཆེ་བའི་སེམས་ཁྲལ།
ད་དུང་། མཁྱེན་བརྩེ་རིན་པོ་ཆེས་སྤྱི་ལོ་༢༠༡༥ཟླ་༡ཚེས་༡༡་དགུང་མོ་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་རུ་མི་མང་སྟོང་ལ་ཉེ་བར་གནང་བའི་བཀའ་སློབ་ཅིག་ཏུ། ངས་ང་ཚོས་སངས་རྒྱས་ཀྱི་བསྟན་པའི་འཚོ་གནས་ཀྱི་ཆེད་དུ་སེམས་ཁུལ་ངེས་པར་བྱེད་དགོས་པ་དེ་ཤེས་ཀྱིན་ཡོད། དེ་ལྟ་བུའི་སེམས་ཁྲལ་དང་སེམས་ཁུལ་དེ་ནི་རྒྱུ་མཚན་ཡོད་པ་ཞིག་ཡིན། དངོས་གནས་བྱས་ན། ང་ཚོ་ཧ་ཅང་བློ་གཡེང་དང་འཇིགས་སྐྲག་སྐྱེ་དགོས་པ་ཞིག་ཆགས་ཡོད།
ཡིན་དང་ཡིན། ང་ལ་བསམ་བློ་འདི་འདྲ་ཞིག་ཡོད་པ་ཙམ་འདི་ཡང་ཚང་མ་ངའི་རླབས་ཆེན་གྱི་རྩ་བའི་བླ་མ་དེ་དག་གི་བྱིན་རླབས་རེད། ཁོང་རྣམ་པས་དུས་ཚོད་དང་སེམས་ཤུགས་ཤིན་ཏུ་མང་པོ་སྤྱད་དེ་སངས་རྒྱས་ཀྱི་བསྟན་པའི་འཚོ་གནས་ཆེད་ཐུགས་ཁྲལ་གནང་བ་དང་། དགེ་རྒན་དེ་དག་གིས་བྱིན་རླབས་དང་ལམ་སྟོན་འོག་ངས་ཀྱང་རང་ཉིད་ཀྱི་རང་གི་དགོན་པ་དང་། ཡང་ན་བོད་བརྒྱུད་ནང་བསྟན་ཙམ་ཁོ་ན་ལ་སེམས་ཁུར་བྱས་ཏེ་བསྡད་ན་འགྲིག་རྒྱུ་མིན་པའི་བསླབ་བྱ་ཐོབ་ཡོད། ངས་འཇར་པན་གྱི་ཀྲིན་ཡན་(真言宗)ཆོས་བརྒྱུད་ལ་སེམས་ཁུར་བྱེད་ཀྱི་ཡོད་ལ། ཤྲི་ལངྐའི་གནས་བརྟན་སྡེ་པ་དག་གིས་མཚོན་པའི་ནང་པ་ཡོངས་ཀྱི་འཚོ་གནས་ལ་སེམས་ཁུར་བྱེད་ཀྱི་ཡོད། ཅེས་གསུངས་འདུག
བསྟན་པ་ལ་སེམས་ཁུར་བྱེད་ཟེར་དུས། སེམས་ཅན་གྱི་བདེ་སྡུག་སངས་རྒྱས་བསྟན་པའི་དར་རྒུད་དང་འབྲེལ་བ་ཡོད་པར་གཟིགས་ནས་སེམས་ཁུར་གནང་གི་ཡོད་པ་ལས། སངས་རྒྱས་ཀྱི་བསྟན་པ་མེད་ན་སངས་རྒྱས་ལ་དཀའ་ངལ་འཕྲད་ས་རེད་ཅེས་སེམས་ཁུལ་བྱེད་པ་དེ་འདྲ་མ་རེད། ད་གོ་ཨི་ཐལ།
༡༤༽ རྫོང་སར་མཁྱེན་བརྩེའི་བཀའ་མོལ་དང་རྩོམ་གཤིས།
དོགས་གཞི་ལྔ་བའི་ནང་དོན་ཐད། ཁྱོད་རང་འདོད་ཀྱང་མ་འདོད་ཀྱང་། ང་རང་མཐོང་དང་ང་རྒྱལ་ཆེན་པོ་ཅན་ཞིག་ཡིན་པས་ལས་སླ་པོས་མི་ལ་བསྟོད་ར་གཏོང་ཐུབ་ཀྱི་མེད་པས་ངས་བསྟོད་ར་བཏང་བ་འདིས་ཁྱེད་ཚོས་དམིགས་བསལ་གྱི་དོ་སྣང་བྱེད་འོས་པ་ཞིག་རེད་ཅེས་པ་འདི་མཁྱེན་བརྩེ་རིན་པོ་ཆེའི་བཀའ་མོལ་གནང་སྟངས་ཀྱི་གཤིས་ཀ་རང་རེད། སྤྱི་ལོ་ཉིས་སྟོང་བཅོ་ལྔའི་ལོའི་ལོ་མགོར་ཐའེ་ཝན་དུ། ང་ནི་དག་སྣང་གཏན་ནས་མི་ཤེས་མཁན་ཞིག་དང་། རྒྱུན་དུ་མི་ལ་སྐྱོན་བརྗོད་ཁོ་ན་བྱས་ནས་སྡོད་མཁན། དེ་ལས་ཀྱང་ང་རྒྱལ་ཆེན་པོ་ཡོད་མཁན་གྱི་མི་ཞིག་ཡིན་པས། དེ་འདྲའི་མི་ཞིག་གི་ཁ་ནས་ཐོན་པའི་སྐད་ཆ་ཡིན་ན་སྐད་ཆ་དེ་དོན་སྙིང་ཆེན་པོ་ཡོད་པ་ཞིག་ཏུ་བརྩིས་ན་འགྲིག ཅེས་གསུངས་པ་རེད། བཀའ་མོལ་འདི་གསུང་སའི་ཡུལ་ངོས་རང་དུ་མི་སྟོང་ལ་ཉེ་བ་ཡོད། ང་ཡང་དེར་ཡོད། དེ་ནི་སྤྱི་ལོ་༢༠༡༥ཟླ་༡ཚེས་༢༢ཉིན་རེད། འདི་ཡང་མཁྱེན་བརྩེ་སྐད་ཆ་མ་རེད་ལབ་ཀྱི་ཡིན་ནམ།
༡༥༽ མཁྱེན་བརྩེ་དང་སྤྲུལ་སྐུའི་ལམ་ལུགས།
ཡང་ཐུབ་ཕུན་གྱིས་རྫོང་སར་མཁྱེན་བརྩེས་སྤྲུལ་སྐུ་ལ་དགག་པ་གནང་བ་གོ་བ་ཐེངས་དང་པོ་ཡིན་ཟེར། རྫོང་སར་མཁྱེན་བརྩེ་ཚང་གིས་སྤྲུལ་སྐུའི་སྐོར་ལ་བཀའ་སློབ་དང་རྩོམ་ཡིག་མང་པོ་སྤེལ་ཟིན་པ་རེད། ཁོང་གི་སྤྱི་ལོ་༢༠༡༥ ལོའི་བཀའ་སློབ་ཅིག་ཏུ་འདི་འདྲ་ཞིག་གསུངས་ཡོད།
དེང་གི་སྤྱི་ཚོགས་འདིར། བླ་མ་དང་སྐྱེ་སྤྲུལ་སོགས་ཀྱིས་ང་ཚོར་ཕོངས་པ་མེད་པ་ཙམ་དུ་མ་ཟད། འདི་རིགས་ང་ཚོས་བེད་སྤྱོད་བྱེད་མྱོང་བའི་གཙང་ཤོག་ལས་ཀྱང་མོད། བླ་མའི་ཡང་སྲིད་ལ་མཚོན་ན་དངོས་གནས་ཧ་ཅང་མང་པོ་རེད། དེང་སང་གི་དུས་འདི་ནི་ཐ་ན་ལོ་ན་ཧ་ཅང་ཆུང་བའི་ཕྲུ་གུ་ཞིག་ལ་ཡང་ཆོས་ཀྱི་རྒྱལ་པོ་ཞེས་པའི་མཚན་བྱང་ཐོགས་ཀྱི་ཡོད་པའི་དུས་རབས་ཤིག་རེད། འོན་ཀྱང་།དངོས་གནས་དྲང་གནས་ཀྱིས བསྟན་པ་འཛིན་མཁན་གྱི་མི་ནི་ཧ་ཅང་དཀོན་པ་ཉིན་མོའི་སྐར་མ་ལྟ་བུ་རེད། ཅེས་གསུངས་ཡོད། ད་དུང་མང་པོ་འདུག་སྟེ་དེ་ཙམ་གྱིས་ཆོག
༡༦༽ ཆེས་མུན་སྤྲུལ་གྱི་སྐད་ཆ་གཞན་ཞིག
ཡང་ཐུབ་ཕུན་གྱིས་སྤྲུལ་སྐུའི་ཡང་སྲིད་མི་འདོད་པ་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱི་ཐུན་མིན་གྱི་དགོངས་པ་རེད་ཅེས་ལབ་འདུག སྐད་ཆ་འདི་ནི་མུན་སྤྲུལ་རང་རེད། མཁན་པོ་ཚུལ་ཁྲིམས་བློ་གྲོས་ལ་མཚོན་ན། སྤྲུལ་སྐུའི་ལམ་ལུགས་འདི་ཡང་ན་གཏན་ནས་མཚམས་འཇོག་དང་། ཡང་ན་རུལ་སུངས་ཅན་དུ་འགྱུར་བ་སྔོན་འགོག་གིས་ལེགས་བཅོས་དགོས་པའི་དགོངས་ཚུལ་འཛིན་གྱི་ཡོད། ཁོང་གིས་སྤྲུལ་སྐུའི་ལམ་ལུགས་ལ་འཛིན་པའི་ལྟ་ཚུལ་ཧ་ཅང་ཁ་གསལ་རེད། ཁོང་གིས་སྤྲུལ་སྐུའི་ཡང་སྲིད་ལམ་ལུགས་ཟེར་བ་དེ་ངེས་པར་དུ་མེད་དགོས་ཞེས་ནམ་ཡང་གསུངས་མི་འདུག
༡༧༽ ཞིབ་ཏུ་མི་འཇུག་པའི་ཞིབ་འཇུག་པ།
གོང་གི་གསལ་བཤད་དག་གིས་ཐུབ་ཕུན་གྱི་སྐད་ཆ་ཡོངས་རྫོགས་ཞིབ་འཇུག་མ་བྱས་པར་བཤད་པ་ཡིན་པ་ཧ་ཅང་གསལ་པོ་ཡིན་ན་ཡང་། ཁོས་དོགས་བཞི་བདུན་པའི་ནང་དུ། མའོ་ཡི་སྐད་ཆ་ཞིག་དྲངས་ཏེ་ཞིབ་འཇུག་མ་བྱས་ན་སྐད་ཆ་བཤད་དབང་མེད་ཅེས་ལབ་འདུག ཁོའི་གཏམ་སྤྱོད་འདིས་དངོས་ནས་མའོ་དང་དེའི་གཞུང་གི་ལས་སྟངས་དངོས་གནས་དེ་མཚོན་གྱི་འདུག
མཚམས་འདི་ནས་ངས་དྲི་བ་ཞིག་འགོད།
དང་པོ། ཁྱོད་ཀྱིས་དབྱིན་ཡིག་གི་མ་དཔེ་མ་མཐོང་ན་དབྱིན་ཡིག་ཐོག་མེད་དགོས་པ་རེད་དམ།
གཉིས་པ། ཁྱོད་ཀྱིས་མཁྱེན་བརྩེའི་གཞུང་ཕྱོགས་དབྱིན་ཡིག་དྲ་ཚིགས་མཐོང་ཡོད་དམ།
གསུམ་པ། ཁྱོད་ལ་ཞིབ་འཇུག་མེད་པར་སྐད་ཆ་བཤད་རྒྱུའི་དབང་ཚད་ཡོད་དམ། ལན་ཐད་ཀར་ཐོབས།
༡༨༽ སྤྲུལ་སྐུ་དང་དགོན་པའི་སློབ་གསོ།
དོགས་གཞི་བདུན་པའི་ཐད། སྤྲུལ་སྐུ་ཚང་མ་དགོན་པའི་སློབ་གསོ་ཐོབ་མཁན་རེད་ཟེར།
དགོན་པའི་སློབ་གསོ་ནི། ལུང་གི་ཆོས་ལ་འཆད་ཉན་དང་རྟོགས་པའི་ཆོས་ལ་ཉམས་ལེན་བྱེད་པ་གཉིས་ཀྱིས་ཁོག་དབུབས་དགོས་རེད། ཁྱོད་ཀྱིས་དགོན་པའི་ཁོར་ཡུག་ནས་བསྡད་པ་ཚང་མ་དགོན་པའི་སློབ་གསོའི་འོག་མཚར་ལོང་བྱུང་བ་རེད་བསམ་གྱི་འདུག་གམ། དེ་ནོར་བ་རེད། དགོན་པ་དོ་དམ་ཨུ་ཡུན་ལྷན་ཁང་གི་ཁོང་མི་ཡིན་ན་དགོན་པའི་སློབ་གསོ་མྱངས་ཡོད་རེད་བསམ་གྱི་འདུག་གམ། དེ་ཡང་ནོར་བ་རེད། མདོར་ན། སྤྲུལ་སྐུའི་མཚན་གནས་ཡོད་མཁན་ལ་དགོན་པའི་སློབ་གསོ་ཚད་ལྡན་ཐོབ་མེད་མཁན་ཧ་ཅང་མང་པོ་ཡོད་སྟབས་གཞི་ནས་སྤྲུལ་སྐུའི་རུལ་སུངས་ཀྱི་གནད་དོན་འདི་བྱུང་བ་རེད།
༡༩༽ ཆོས་རྗེ་ཡི་གོ་དོན་དང་ལོ་རྒྱུས་ཀྱི་གལ་གནད།
མཚམས་འདི་ནས་གླེང་དགོས་པ་གལ་ཆེན་ཞིག་ནི་ཆོས་རྗེ་ཡི་སྐོར་རེད། འདི་ལ་རྒྱ་སྐད་དུ་ཧྥ་ཝང་(法王)ཟེར་ཞིང་། བོད་སྐད་དུ་ཆོས་ཀྱི་རྒྱལ་པོ་ཞེས་ཀྱང་སྒྱུར། རྒྱ་ནག་གོང་མས་བོད་ཀྱི་བླ་ཆེན་ཁག་ཅིག་ལ་མཚན་གནས་འདི་འདྲ་འབུལ་མྱོང་བ་བདེན་པ་རེད། འོན་ཀྱང་། ད་ལྟ་བོད་རང་གི་ཆོས་རྗེ་དང་སྐྱབས་རྗེ་ལ་འཛིན་པའི་གོ་དོན་གཏིང་ཚུགས་པ་ཞིག་ཡོད་པ་རེད། དེ་སུས་ཀྱང་ཁས་ལེན་གྱི་རེད། དེ་རྒྱ་ཡིག་ཏུ་བྲིས་ན་ཧྥ་ཝང་དང་ཙུན་ཀྲི་སོགས་ཟེར་གྱི་ཡོད་པ་རེད། བོད་རང་གི་གོ་བ་ལེན་སྟངས་ཀྱི་གོ་དོན་འདི་ཚོ་རྒྱ་ནག་གོང་མའི་བཀའ་ལུང་སྒྲོམ་གཞིའི་འོག་ཏུ་ངེས་པར་དུ་འཇུག་དགོས་པ་ཞིག་མ་རེད། ཆོས་རྒྱལ་མེ་དབོན་རྣམ་གསུམ་གྱི་མཚན་ལ་ཡང་རྒྱ་སྐད་དུ་ཧྥ་ཝང་ཞེས་བསྒྱུར་ཡོད།
མེས་དབོན་གནམ་གསུམ་ལ་ཆོས་ཀྱི་རྒྱལ་པོའི་མཚན་གནས་འབུལ་མཁན་དེ་ཡང་རྒྱ་ནག་གོང་མ་རེད་ཟེར་རྒྱུ་ཡིན་ནམ།
ཐ་སྙད་གཅིག་ལ་འབྱུང་ཁུངས་ལ་ལྟོས་པའི་མིང་ཞིག་དང་། དུས་དང་བསྟུན་པའི་འཕེལ་འགྱུར་གྱི་གོ་དོན་ཞིག་སྟེ་གཉིས་རེ་ག་དུས་ཡིན་ན་ཡང་ཡོད་ཆོག་པ་ཞིག་རེད། ཆོས་བརྒྱུད་ཁག་གི་གཙོ་འཛིན་དང་། བོད་བརྒྱུད་ནང་བསྟན་གྱི་བསམ་བློའི་དབུ་ཁྲིད་དག་ལ་ཧྥ་ཝང་ལབ་པ་འདི་ང་ཚོའི་གོ་བ་ལེན་སྟངས་རེད་ལ། ད་ལྟའི་བོད་ཀྱི་ཡོངས་ཁྱབ་ཀྱི་གོ་བ་ལེན་སྟངས་རེད།
དཔེར་ན། སློབ་དཔོན་ལྟ་བུའི་མིང་ཚིག་གཅིག་ཀྱང་། འདུལ་བའི་གཞུང་ཁོ་ནར་རྣམ་པ་ལྔ་ཡོད་པ་དང་། དེང་སང་ཤེས་ཡོན་ལམ་ལུགས་དང་འབྲེལ་བའི་མཇུག་ཡུལ་མང་པོ་ཡོད་པ་ནང་བཞིན་རེད། ཁྱོད་ཀྱིས་ཧྥ་ཝང་ཡིན་ན་རྒྱ་ནག་གི་ལོ་རྒྱུས་ཀྱིས་བཀའ་བཅད་པ་ཁོ་ན་ལྟར་ཡིན་དགོས་ཟེར་བ་འདི་དང་། ཏང་ཀྲུང་དབྱང་གིས་སྤྲུལ་སྐུའི་ལམ་ལུགས་ནས། རྒྱལ་པན་གྱི་མཚན་གནས། གསེར་བུམ་སྤྲུགས་འདོན་ནས་དགོན་པའི་འཛིན་སྐྱོང་ཡོངས་རྫོགས་རྒྱ་ནག་གིས་གཏོད་པའི་ལམ་ལུགས་ཡིན་པ་དང་། དེ་ལས་བརྒལ་མི་རུང་བ་གཉིས་ལྟ་གྲུབ་གཅིག་པ་རེད། ལོ་སྔ་མ་ཞིག་ལ་ཨ་ལག་དོར་ཞིས་མཁན་ཆེན་འཇིགས་མེད་ཕུན་ཚོགས་ལ་ཆོས་རྗེ་ལབ་མི་ཆོག་པའི་རྒྱུ་མཚན་དུ་རྒྱ་ནག་གོང་མས་མ་གནང་བའི་ཕྱིར་གསུངས་པ་རེད།
ཉེ་ཆར་སྲིད་གཞུང་གིས་སྤྲུལ་སྐུ་ཡང་དག་དང་རྫུན་མའི་ཁྱད་པར་འབྱེད་སྟངས་འབྲེལ་ཡོད་ལས་ཁུངས་ཀྱིས་བཟོས་པའི་དྲ་ཚིགས་ཀྱི་བཤེར་འཚོར་མ་ལག་ཏུ་ནས་འཚོལ་ཐུབ་མིན་གྱིས་འབྱེད་དགོས་ཞེས་ལབ་པ་རེད། དེ་ཚོ་ཚང་མ་གཏན་ཚིགས་གཅིག་དང་ཞེ་ཕུགས་གཅིག་རེད། འདི་ཁྱེད་ཚོ་བོད་ཀྱི་དགེ་རྒན་ཆེན་མོ་བ་དང་ལོ་རྒྱུས་སྨྲ་བ་དག་གིས་བོད་རང་གི་གཞོན་ནུ་ཕྱི་རབས་པ་དག་ལ་གནང་བའི་ལོ་རྒྱུས་རིག་པའི་ལྟ་གྲུབ་ཀྱི་གསང་གནད་རེད་དམ།
ཁྱོད་ཀྱི་ལབ་སྟངས་ལྟར་ན་རྒྱལ་པན་རྣམ་གཉིས་ལ་ཡང་ཧྥ་ཝང་ཟེར་མི་ཆོག་པ་རེད་འདུག
༢༠༽ བོད་ནང་གི་དྲ་ཚིགས་གཟིགས་ཡོད་དམ།
ཡང་རྫོང་སར་མཁྱེན་བརྩེས་ཀྲུང་གོའི་དྲ་ཚིགས་དང་འཕྲིན་ཕྲན་སོགས་ཀྱི་རྩོམ་ཡིག་ཕལ་ཆེར་ལྟ་ཐུབ་རྒྱུ་མ་རེད་ཟེར། སྐད་ཆ་འདི་ནི་ཧ་ཅང་དགོད་བྲོ་བ་ཞིག་རེད། ཀྲུང་གོའི་དྲར་ཞུགས་པས་ཕྱི་རྒྱལ་གྱི་དྲ་ཚིགས་ལྟ་ཐུབ་ཀྱི་མེད་པ་ལས། ཕྱི་རྒྱལ་ན་ལྕགས་རི་རིང་མོ་ཡོད་ལེ་མ་རེད། མཁྱེན་བརྩེ་རིན་པོ་ཆེས་ལུག་ཚང་དཔལ་ཡོན་སོགས་ལ་དམིགས་བསལ་དོ་སྣང་གནང་བཞིན་ཡོད་པ་ངས་ཀྱང་མཇལ་མྱོང་།། མ་ཟད། ཁོང་སྒེར་གྱི་འཕྲིན་ཕྲན་རྒྱབ་ལོགས་སུའང་བོད་ཡིག་གི་གཞན་རྩོམ་དེ་འདྲ་བརྒྱུད་འགོད་གནང་གི་རེད། དེས་ན་ཕྲིན་ཕྲན་དག་ཏུ་སྤེལ་བའི་རྩོམ་ཐུང་དེ་ཚོ་ཁོང་ལ་གཟིགས་རྒྱུའི་གོ་སྐབས་ཡོད་རྒྱུ་མ་རེད་ཟེར་ན་སྨྱོ་བཤད་རང་རེད། མདོར་བསྡུས་ན། ཁྱོད་ཀྱིས་རྫོང་སར་མཁྱེན་བརྩེ་ཟེར་བ་དེ་ག་འདྲ་ཡིན་གཏན་ནས་ངོ་ཤེས་མི་འདུག
༢༡༽ བརྩམས་ཆོས་མ་མཐོང་རྩོམ་གཤིས་དཔྱོད་པ་འགལ།
ད་དུང་ལོ་འདི་དག་གི་རིང་གི་མཁྱེན་བརྩེ་རིན་པོ་ཆེས་བརྩམས་པའི་བོད་ཡིག་ཐོག་ཏུ་འཁོད་པའི་རྩོམ་ཡིག་གལ་ཆེན་ཁག་རྒྱ་གར་གྱི་ནང་བསྟན་ཆོས་ལུགས་ཀྱི་གནས་བབ་ལ་དཔྱད་བརྗོད་གནང་བ་དང་། སྤྲུལ་སྐུའི་སློབ་གསོའི་སྐོར་གྱི་རྩོམ་ཡིག་སོགས་བོད་ཡིག་ཏུ་ཡོད་པ་དག་ལའང་བལྟས་མི་འདུག དེས་ན་རང་ལ་རྫོང་སར་མཁྱེན་བརྩེའི་རྩོམ་གཤིས་ལ་དཔྱོད་རྒྱུའི་ཐོབ་ཐང་གཏན་ནས་མེད་པ་རེད།
༢༢༽ རྫོང་སར་མཁྱེན་བརྩེའི་བརྩམས་ཆོས་ཀྱི་ཤུགས་རྐྱེན།
སྤྱིར་བཏང་། ཁོང་གིས་བཀའ་མོལ་གནང་སྟངས་ཀྱི་ཁྲོད་དུ་དེ་འདྲའི་ཚིག་ཉམས་དམིགས་བསལ་བ་མང་པོ་ཡོད་པ་རེད། ཁོང་གི་རྩོམ་སྐད་གྲགས་ཅན་དེ་ཚོའི་ནང་དུ་ཡང་སངས་རྒྱས་ལ་མང་ཆེ་ཤོས་རྒྱལ་བུ་དོན་གྲུབ་ཅེས་བོས་པ་ཤས་ཆེ། ཁོང་གི་ཚིག་བརྗོད་ཚང་མ་ཁྱོད་ཀྱི་སྨྱུག་རྩེ་ན་ལད་ཟློས་བྱེད་བཞིན་པའི་འཆར་ཅན་གྱི་བརྗོད་པ་དེ་འདྲ་མ་རེད། ཁོང་གི་སྐད་ཆའི་སྒྱུ་རྩལ་དང་འགུག་ཤུགས། བསམ་བློའི་ཟབ་ཚད་གཏན་ཚིགས་ཀྱི་ཆིངས། འཚོ་བ་དངོས་དང་དོན་དངོས་ཟུང་འབྲེལ་གྱི་གོ་བརྡ་སྤྲོད་སྟངས་སོགས་ཧ་ཅང་དམིགས་བསལ་རེད། ཤར་ནུབ་ཀྱི་སྐྱེ་བོ་ས་ཡ་མང་པོའི་ཡིད་དབང་འཕྲོག་གིན་ཡོད་པའི་རྒྱུ་མཚན་ཡང་དེ་རེད། པེ་ཅན་དང་ཐའེ་ཝན་སོགས་སུ་བོད་བརྒྱུད་ནང་བསྟན་དང་འབྲེལ་བ་མེད་པ་དང་། ཐ་ན་ནང་པའང་མིན་པ་ཚོས་ཀྱང་མཁྱེན་བརྩེ་རིན་པོ་ཆེའི་ཕྱག་དེབ་མང་པོ་ཉོས་ནས་རང་གི་གྲོགས་པོ་གྲོགས་མོ་ཚོར་ལག་རྟགས་སུ་སྤྲོད་པ་དང་། སྐྱེ་བོ་འབུམ་ཕྲག་མང་པོའི་འགྲོ་འོངས་བྱེད་སའི་འབབ་ཚུགས་ཆེན་པོ་དག་གི་གྱང་ལྡེབས་སུ་འབྲི་བ། དྲ་ཐོག་གི་ཚོགས་པ་ཆེད་བཙུགས་ཀྱིས་སློབ་སྦྱོང་བྱེད་པ་སོགས་ངས་དངོས་སུ་མཐོང་མྱོང་། ཁོང་གི་དེབ་ཀྱིས་ཡིད་འཕྲོག་ནས་བསྟན་པ་ལ་ཞུགས་པའི་ལོ་རྒྱུས་ཉུང་ཉུང་མ་རེད།
དགེ་སྦྱོང་གི་ཆོས་བཞི་ཡང་། རྒྱ་ཡིག་གི་ནང་དུ་མཐར་ཆགས་སུ་ཆ་ཚང་བགྲངས་མི་འདུག དོན་གྱིས་དགེ་སྦྱོང་གི་ཆོས་བཞིའི་དགོངས་དོན་གསུང་གིན་འདུག ཧ་ཅང་སྟབས་བདེ་ཞིང་། ཡིད་ལ་རན་པའི་དེང་དུས་ཀྱི་སྐད་ཆའི་སྡེབ་སྦྱོར་གྱིས་གསུང་བཞག་པ་དེ་ཚོ་ངས་ཆེད་དུ་ཆོས་ཀྱི་རྣམ་གྲངས་ཀྱི་ཚིག་སྦྱོར་དུ་བཅོས་མེད། གལ་ཏེ་དེ་ལྟར་བཅོས་ན་ཁོང་གི་རྩོམ་སམ་སྐད་ཆའི་ཉམས་ཅུང་མ་འདྲ་བ་ཆགས་ནས་རྨད་དུ་བྱུང་བའི་རྩོམ་ཡིག་གི་བྲོ་བ་ལ་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་བྱེད་ཀྱི་འདུག
རྫོང་སར་མཁྱེན་བརྩེ་ལྟ་བུའི་སྨྲ་བ་ལ་དབང་ཐོབ་པའི་རྒྱལ་སྤྱིའི་རང་བཞིན་གྱི་གཏམ་བཤད་པ་དང་། རྩོམ་པ་པོ་དག་གི་སྐད་ཆ་བཤད་སྟངས་ཚང་མ་སློབ་གྲྭ་ཆུང་འབྲིང་གི་ཡིག་ཚད་ཀྱི་དྲི་གཞིའི་རེ་མིག་ལྟར་འགྲོ་དགོས་པ་ཞིག་ག་ལ་ཡིན།
༢༣ ༽ཆོས་སྐྱོང་གི་གོ་དོན་དངོས་གནས་རྟོགས་མཁན།
དོགས་གཞི་ཐ་མར་ཡང་སྙིང་པོ་གང་ཡང་མི་འདུག སྲུང་མའི་གོ་གནས་ཡར་སྤར་ལོས་ཆོག ས་ཐོབ་ན་ཡེ་ཤེས་ཀྱི་ཆོས་སྐྱོང་ཆགས་པ་རེད། ཡར་འཕར་བ་རེད། འཇིག་རྟེན་པའི་སྲུང་མ་ཡིན་ཡང་། བསྟན་པའི་སྙིང་པོ་སྲུང་ན་གོ་གནས་འཕར་ཆོག་པ་རེད། བསྟན་པ་ཡག་པོ་མ་སྲུང་ན་གོ་གནས་མར་ལྷུང་གི་རེད། མ་གཞི་ཁོང་གིས་གེ་སར་སྲུང་མ་ཡག་ཤོས་ཡིན་ཆོག་ས་རེད་གསུང་པ་དེ་དྲ་འབུའི་སྐད་ཆའི་བབས་དང་བསྟུན་པའི་བཀའ་ལན་གྱི་རིགས་པ་ལྡོག་ཏུ་མེད་པ་ཞིག་རེད། དྲ་འབུ་དེས་བླ་རུང་གི་གྲྭ་ཁང་མང་པོ་སྟོར་ཤོར་སོང་བའི་རྒྱུ་མཚན་གྱིས་གེ་སར་གྱིས་སྐྱོབས་མི་འདུག་ལབ་པ་ལ། རིན་པོ་ཆེས་བླ་རུང་གི་དོན་དམ་པའི་རིན་ཐང་དེ་ཆོས་ཀྱི་ཉམ་ལེན་གྱི་དཔའ་རྟགས་ཡག་པོ་བཞག་པ་དེ་ཡིན་སྟབས་དེ་ནི་གེ་སར་གྱི་བྱིན་རླབས་དང་མགོན་སྐྱབས་མཐར་ཐུག་པ་པ་དེ་རེད་གསུངས་པ་རེད། དོན་ལ་ཡང་ཡེ་ཤེས་ཀྱི་སྲུང་མ་ཁྱད་པར་བ་དག་གི་ལས་དངོས་དེ་རྣལ་འབྱོར་བའི་ཉམས་ལེན་དང་དགེ་སྦྱོར་སོགས་ས་དང་ལམ་གྱི་ཡོན་ཏན་གོང་དུ་འཕེལ་བར་ནུས་པ་བཏོན་རྒྱུ་དེ་ཡིན། དེས་ན་གསུང་འདི་ལ་འགལ་བ་མེད་པར་མ་ཟད། སྨྲ་ངན་འཇོམས་པའི་རལ་གྲི་དང་ཆོས་ཀྱི་གནད་མཁྱེན་པའི་ཉམས་ལེན་ཅན་གྱི་བཀའ་མོལ་རེད།
སླར་སྨྲས་པ།
ཀྲུང་དབྱང་མི་རིགས་སློབ་ཆེན་ན། །
ཐུབ་བསྟན་ཕུན་ཚོགས་ཞལ་རྫུན་མཁན། །
རྫུན་གཏམ་གྱིས་གཞན་མགོ་སྐོར་སྐོར་ནས། །
དོན་མཐུན་གྱི་སྐད་ཆ་ཤོད་དུས་མེད། །
འཁྱོགས་བཤད་སྤོངས་ཤིག་དགེ་མིང་པ། །
ཞེས་པ་འདི་ཡང་། བདེན་གཏམ་སྨྲ་བ་ལ་མི་འཇིགས་པའི་སྤོབས་པ་ཅན་ངེས་པ་དོན་གྱི་རྒྱལ་ཁམས་པ་རྫ་ཚེ་རིང་བཀྲ་ཤིས་ཀྱིས་ཞི་བདེ་རྒྱ་མཚོའི་ཉེ་འགྲམ་དུ་ཆགས་པའི་ཨོ་གླིང་གི་གྲོང་ཁྱེར་ཆེན་པོ་སིད་ནི་ཡི་བྷྲ་ལན་གྲུ་ཁའི་ཡིད་དུ་འོང་བའི་མགྲོན་མཁར་ཞིག་ཏུ་རྫོགས་པར་སྦྱར་བའོ།། ༢༠༡༧ ཟླ་༡ ཚེས་༣༡ ལའོ།།
རྫ་ཚེ་ལ་བཀའ་དྲིན་ཆེ། གསལ་བཤད་ཡག་པོ་གནང་འདུག བཀའ་དྲིན་ཆེ།
བོད་མི་ས་ཡ་དྲུག་གི་ནང་དུ་མཁས་པ་གཅིག་ཡོད་པ་དེ་ལ་བླ་གོག་སྤྲུལ་གོག་ཁྱོད་ཚོས་དཔུང་སྒྲིག་ནས་དགག་པ་ག་འདྲ་ཞིག་རྒྱབ་རྩིས་ཡིན་ཨ། རྒྱ་བླ་མཇེ་བཙོང་བ་ཁྱོད་ཚོས་སངས་རྒྱས་བསྟན་པ་ལ་ཕན་ཐོགས་ཀྱི་ཡོད་ཨེ། སྐད་ཆ་དེ་འདྲ་བཤད་ནུས་པ་དཔེ་རེད་ད། ཁྱོད་རང་ཚོ་བསྟན་དགྲ་ངོ་མ་དེ་རེད་ད།
རྒྱ་བླ་ཁྱོད་ཚོ་ལ་རྒྱ་རིགས་གདུལ་བྱ་ས་ཡ་དང་ས་ཡ་ཡོད་ཟེར་ནས་བོད་མི་ཉམ་ཆུང་ཚོའི་ཐོག་ཏུ་རྫིག་མདོག་སྟོན་བསྡད་ན་ཅི་ཕན་གྱི་འདུག་གམ། སྒར་མཐའ་དམག་གིས་སྐོར་ནས་བླ་རུང་སྒར་གཏོར་དུས་ཁྱོད་ཚོའི་རྒྱ་རིགས་གདུལ་བྱ་དེ་དག་ཤི་སོང་བ་ཨེ་རེད། སྦྲང་སྐད་ཙམ་ཡང་གོ་གྱི་མི་འདུག་ག
སྐྱ་མིན་སེར་མིན་མཁྱེན་བརྩེ་སྤྲུལ་སྐུའི་སྐད་ཆ་ལ་རྒྱུས་ཡོད་་་་མ་ཐུབ་དགྲ་བོའི་མདུན་དུ་པུས་མོ་བཙུགས་པ་དེ་བཟོད་པའི་ཕར་ཕྱིན་ལག་ལེན་སྟར་བ་ག་ལ་ཡིན། འཚེ་མེད་ཞི་བདེའི་ལམ་དུ་ཕྱིན་པ་ག་ལ་ཡིན།་་་་ཧཧཧ་་་དགོད་བྲོ་བའི་སྐད་ཆ་དེ་དག་མཚམས་ཞོག་ཨ
ཧམ་བཤད་འགྲན་ཟླ་མེད་པ་དེ་འདུ་རེད།{གསུང་འདི་ཧ་ཅང་དོན་ལ་གནས་པ་ཞིག་རེད། མ་མཐའ་ཡང་བོད་ནང་དུ་ད་ལྟའི་ཆར་མཛད་པ་དང་ཕྲིན་ལས། ཤུགས་རྐྱེན་དང་ཆེ་མཐོང་གང་ཐད་ནས་ཡང་ཁོང་གཉིས་འདྲ་བ་ཞིག་ཧ་ལམ་མེད་པ་ཁས་ལེན་ཐུབ་པ་ཞིག་མ་རེད་དམ། དེ་འདྲའི་རྒྱབ་ལྗོངས་འོག་ཚོད་དཔག་གམ་ཐུགས་རེ་དེ་འདྲ་ཞིག་གནང་བར་ཐལ་ཆ་གང་ཡང་མི་འདུག}རྒྱ་ནག་ན་གདུལ་བྱ་ཆེ་ཤོས་རེད་ཟེར་ན་བདེན་ཙམ་རེད།བོད་ན་ཤུགས་རྐྱེན་དང་ཆེ་མཐོང་ཆེ་ཤོས་ག་འདྲས་རེད།ལབ་གླེང་ཆེ་ཤོས་རེད་ཟེར་ན་བདེན་པ་རེད།དེ་མིན་སྐད་ཆ་འདི་ཧམ་བཤད་ཆེ་དྲག་པ་རེད།རྩོམ་ཡིག་ཆ་ཚང་ནང་གི་གནད་འགག་ཀྱང་འདི་རེད།
སྐྱ་མིན་སེར་མིན་མཁྱེན་བརྩེ་སྤྲུལ་སྐུའི་སྐད་ཆ་ལ་རྒྱུས་ཡོད་་་་མ་ཐུབ་དགྲ་བོའི་མདུན་དུ་པུས་མོ་བཙུགས་པ་དེ་བཟོད་པའི་ཕར་ཕྱིན་ལག་ལེན་སྟར་བ་ག་ལ་ཡིན། འཚེ་མེད་ཞི་བདེའི་ལམ་དུ་ཕྱིན་པ་ག་ལ་ཡིན།་་་་ཧཧཧ་་་དགོད་བྲོ་བའི་སྐད་ཆ་དེ་དག་མཚམས་ཞོག་ཨ
xxxxxx མཁྱེན་བརྩེ་སྤྲུལ་སྐུ་དེ་སྡོམ་ཤོར། སྨྱོན་པ་ཞིག་རེད། དེ་ཙང་མས་ཧ་གོ་གི་རེད།
ཧཧ་་ཧ་
རང་ཕྱོགས་ལ་བསྐོར་ན་ཉོན་མོངས་དང་ཞེ་སྡང་གི་མེ་འབར་གྱིན་འདུག་ག ་
ཕྱོགས་རིས་རིང་ལུགས་པ་དང་ཕྱོགས་རིས་རིང་ལུགས་པའི་རྩོམ་ཟེར་བ་རང་རེད།
དི་རིང་འདིར་བླ་མ་མཁས་པ་མཁན་པོ་ཚང་མར་ཁ་གཏོང་བའི་སྒོ་སྐབས་ཤིག་འདུག དམ་འཛིན་བྱེད་ཀྱི་ཡིན།
མཁྱེན་བརྩེའི་ཡང་སྲིད་འདི་བསྟན་པ་གཤིག་མཁན་རེད་དམ་བསྟན་པ་འཛིན་མཁན་རེད་ཅེས་སྐད་ཆ་དྲིས་ན། ལན་གཙང་མ་ཞིག་མེད་ཀི། སྡོམ་རྒྱུན་གཙང་མ་ཡོད་མེད་ཀྱི་ལན་ཡང་མེད།
རྫ་བཀྲ་ཤིས་ཚེ་རིང་ནི་མི་དྲང་པོ་ཞིག་དང་སེམས་འདུལ་ཞིང་གཞན་ཕན་གྱི་བསམ་བློ་ཡོད་མཁན་གྱི་མི་ཞིག་རེད། ངས་ཁོང་རྒྱུས་ཡོད། ང་ལ་མཚོན་ན་མཁྱེན་བརྩེ་ལས་རྫ་བཀྲ་ལ་གུས་ཞབས་མང་བ་ཡོད་མཁན་ཞིག་ཡིན།
ད་རེས་རྫ་བཀྲ་ཤིས་ཀྱིས་དྲང་མོའི་ཐིག་ལ་གནས་ནས། མཁྱེན་བརྩེའི་སྐོར་ང་ཚོར་ངོ་སྤྲོད་གནང་རོགས། ང་ཁྱེད་ལ་ཡིད་ཆེས་ཡོད་མཁན་ཞིག་ཡིན། ཐེ་ཝན་ནང་ཆོས་ཞིབ་འཇུག་ཚོགས་པའི་ནང་ལ་ཀུན་གྱིས་དགའ་མོས་ཆེ་ཤོས་བྱེད་པ་འདི་ཁྱེད་རེད་འདུག
མགོ་བླ་མ་ནས་འོག་སེམས་ཅན་ཚང་མར་བཏང་སྙོམས་གནང་ནས། ད་རེས་ལན་གསལ་པོ་ཞིག་གནང་རོགས།
དང་པོ། མཁྱེན་བརྩེར་རབ་བྱུང་སྡོམ་པ་ཡོད་དམ།
གཉིས་པ། མཁྱེན་བརྩེའི་སྤྱོད་པ་ཡ་མ་ཟུང་དེ་ཚོར་ཁྱེད་ལ་དགོངས་པ་གང་ཡོད།
གསུམ་པ། མཁྱེན་བརྩེས་རྒྱལ་བ་རིན་པོ་ཆེ་དང་ཆོས་འབྲེལ་བྱེད་ཀྱི་མིན་ཞེས་པའི་རྒྱབ་ལྗོངས་འདི་ཅི།
ལན་དྲང་པོ་ཞིག་གསུངས་རོགས།
ལྷག་བསམ་རྣམ་དག་གི་ཐོག་ནས་ཐར་པ་དང་ཐམས་ཅད་པའི་མཁྱེན་པའི་གོ་འཕང་དོན་གཉེར་བྱས་ནས་འཇིག་རྟེན་འཁོར་བའི་བྱ་བཞག་རྣམས་སྤང་གང་ཐུབ་བྱེད་མཁན་གྱི་མཁན་པོ་བླ་སྤྲུལ་རྣམས་དང་ཆོས་པ་ཡོངས་ལ་སྔར་ཡང་ཁ་བཏང་མྱོངས་མེད་ལ་གཏོང་དགོས་དོན་ཡང་མེད།
འཇིག་རྟེན་ཆོས་བརྒྱད་ཀྱི་གཞན་དབང་དུ་སོང་ནས་ཆོས་མིན་སྲིད་མིན་གྱིས་བོད་རྒྱལ་ཁབ་ཀྱི་མདུན་ལམ་གནོད་བསྐྱལ་མཁན་དང་། སངས་རྒྱས་བསྟན་པ་ལ་རྨ་ཁ་བཟོ་མཁན། ཁྱིམ་པ་སུན་འབྱིན་པའི་ལས་ཀ་བྱེད་མཁན་འདི་དག་ལ་དགག་ཚིག་རེ་མི་འཕེན་ཀ་མེད་རེད་དོ།
རྒྱུ་དཔལ་འབྱོར་དང་མཚན་སྙན་གྲགས་ཀྱི་ཆེད་དུ་འཛམ་གླིང་སྐོར་ནས་དམར་ཉར་རུ་ཉར་རུ་རྒྱུགས་བསྡད་མཁན་འདི་ཚོ་ནི་སངས་བསྟན་གྱི་དགྲ་བོ་ངོ་མ་དེ་རེད་ཅེས་ཐག་བཅད་ནས་བཤད་ཕོག་པ་ཡོད།
རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་མགུལ་གླུ་འདི་ལྟར་ལེན་མྱངས་བ་རེད་ད།
སྤྲིན་པ་ཁ་སེར་གཏིང་ནག །
སད་དང་སེར་བའི་གཞི་མ། །
བན་དེ་སྐྱ་མིན་སེར་མིན། །
སངས་རྒྱས་བསྟན་པའི་དགྲ་བོ།
རྫོང་སར་ཡར་ལ་མ་འཐེན། །
རྫོང་སར་ཡོད་སར་སྡོད་ཆུགས། །
མཁྱེན་བརྩེ་མར་ལ་མ་འཐེན། །
མཁྱེན་བརྩེ་བཞུགས་སར་བཞུགས་བཅུག །
་
རྫ་བརྩེས་བསྒྱུར་དོན་ཅི་རེད། །
ཐུབ་ཕུན་དགག་དོན་ཅི་རེད། །
རང་མེད་སྤྱི་མེད་དོན་མེད། །
ཁ་བརྡར་དཀྲུགས་དོན་མི་འདུག །
ཀུ་(ཅོ)་ངུ་སྐད་འདོན་སོང་།། (རི་)ལུང་སྲིན་བྱ་ལྟ་བུས། །(ཉི་མའི)འོད་ལ་ཡིབ་པ།།དེ་འདྲ་བོད་ཕྲུག་ཐ་ཆད།།
ང་ཚོའི་སྤྱི་ཚོགས་ལ་བླ་མ་དང་གྲྭ་བའི་དབང་བརྒྱུར་གྱི་ལམ་ལུགས་འདི་གཏན་དུ་རྫོགས་པའི་རེ་བ་ཡོད།
མཁས་པའི་མཁས་རྩོད་ལ་ངོས་འཛིན་ཞུ་དགོས་པ་རེད་དམ་།
བླུན་པོའི་བླུན་རྩོད་ལ་ཆ་བཞག་དགོས་པ་རེད་།
xxxxརྫ་ཚེ་རིང་བཀྲིས་ལགས་ནས། འདས་པའི་ལོ་གཉིས་ཙམ་གྱི་ནང་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་བརྗོད་བྱར་བཟུང་ནས་འཆལ་རྩོམ་ཐན་ཐུན་ཁ་ཤས་སྤེལ་སོང་། བོད་ཕྱི་ནང་ལ་ཤུགས་རྐྱེན་ངེས་ཅན་ལྡན་པའི་བླ་ཆེན་མཁས་ཆེནམང་དག་ཅིག་མཚན་འབོད་གནང་སོང་། དམིགས་ཡུལ་མཐར་གཏུགས་ན་གང་ཟག་སྒེར་རང་ཉིད་ཁྱབ་བསྒྲགས་ཁོ་ནའི་ཆེད་དུ་རེད། ཅོན་ཏ་རྫོང་སར་བཤད་གྲྭ་ནས་ཁྱེད་རང་མཁན་པོ་ཐོན་ཡོད་དམ། xxx ……….
བདེན་པ་སྨྲ་བ་ལ་མི་འཇིགས་པའི་སྤོབས་པ་ཡོད་ན་འདི་ལ་ལན་ཐོབ་ཅིག གཅིག རྫ་ཆུ་ཁ་ཨ་མདོ་དང་ཁམས་པ་གང་ཡིན་བདེན་པ་གཙིགས་སུ་བཟུང་ལོ་རྒྱུས་གཞི་ལ་བཞག་ནས་ལན་འདེབས་རོགས། གཉིས རྫོང་སར་ཚང་དང་ཐེ་ཝན་གྱི་རྒྱ་མོ་ཞིག་གི་བར་གྱི་རྙོག་དྲའི་བརྒྱུད་རིམ་ཁ་གསལ་བཤད་ཕོད་དམ། གསུམ རྫོང་སར་ཚང་གི་ཁོང་གི་རྒྱུན་དུ་བཞེས་པའི་ན་བཟའ་དམར་པོ་དེ་གྲྭ་ཆས་མ་ཡིན་ཞེས་ཨུ་ཚུགས་སྐྱོན་པ་དེ་ངོས་ལེན་ཡོད་དམ་ཡོད་ན་གྲྭ་ཆས་མ་ཡིན་པའི་གསལ་བཤད་བྱེད་ཐུབ་བམ། འདི་རྣམས་ལ་ལན་མེད་ན་རྗེས་མ་ནས་ཁ་ཕོ་མ་སྒྲོགས་རོགས།
སྤྱིར་བརྗོད་དོན་ཉིད་གཙོ་བོར་བྱེད་དུས། དག་ཆ་ནི་གླེང་རན་ཡོད་པ་ཞིག་མ་རེད་མོད། མཁན་པོའི་བྱེད་སྟངས་འདི་ལ་ཡི་རྩ་ནས་མི་རང་ངོ་། །
གུས་པས་ “རྗེས་འབྲངས་པ” ཞེས་བྲིས་ན་རྟགས་འཇུག་གི་ནོར་འཁྲུལ་ཡིན་ཚུལ་གསལ་བཤད་བྱས་ཀྱང་། ཁོས་མུ་མཐུད་ནས་ “རྗེས་འབྲངས་པ” ཞེས་བྲིས་དང་འབྲི་མུར་མ་ཟད། ཁ་ཤོའི་སྟེང་སྣ་ཤོ་བསྣན་ཏེ། “སྣེ་ཁྲིད་པ” “དབུ་ཁྲིད” “དཔྱད་བརྗོད་པ” “ཚིག་བརྗོད” ཞེས་སོགས་མ་དག་པ་མང་པོ་བྲིས་ཡོང་གི། ཤེས་བཞིན་བྲིས་ན་ནི་ཁྱད་གསོད་རེད། འོན་ཀྱང་བོད་རང་གི་རིག་གཞུང་ལ་ཁྱད་གསོད་བྱས་པ་ལས་གཞན་སུ་ལའང་མིན་ནོ། །གལ་སྲིད་མ་ཤེས་ན་ནི་སྐྱོན་ཅི་སྟེ། རྣམ་མཁྱེན་རྒྱུད་ལྡན་གྱི་སེམས་ཅན་མི་སྲིད་པས་སོ། །
སྨྲ་བོ་ཚད་ལྡན་ཞིག་བྱེད་ན་ནི། བརྡ་སྤྲོད་གཞུང་ལུགས་ཀྱི་བསྟན་དོན་ལྟར། “རྗེས་འབྲང་བ” “སྣེ་འཁྲིད་པ” “དབུ་འཁྲིད” “དཔྱད་རྗོད་པ” “ཚིག་རྗོད” ཅེས་སོགས་སུ་བྲི་བར་བྱའོ། །གཞན་དུ་ན། ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། ། ཞེས་པའམ། མོ་ནི་བདག་ད་མ་འོངས་ཕྱིར། །ཞེས་སོགས་ཕྱི་མོའི་རྩ་ཚིག་རྣམས་དང་། དུས་གསུམ་བྱེ་བྲག་པའི་སྐབས་ཀྱི། བྱ་ཚིག་ཕོ་ཡིས་འཕལ་ལ་འདས་པའང་དེ། །བྱེད་ཚིག་ཕལ་ཆེར་འཕུལ་མེད་ཅན་དུ་ངེས། ། ཞེས་པའམ། དུས་སྤྱིར་བཏང་བའི་སྐབས་ཀྱི། བྱ་ཚིག་མ་ནིང་བྱེད་པ་མོ་ཡིས་འཕུལ། །ཞེས་སོགས་ཕྱིས་བྱུང་མཁས་པའི་སྡོམ་ཚིག་རྣམས་རྒྱང་འཕུད་ཐོངས་ལ་གཞུང་ལུགས་གསར་པ་ཞིག་རྩོམས་ཤིག།།
མཁན་པོ་རྫ་ཚེས། ད་དུང་ཡང་འདི་ལྟར་ཏེ། དུས་གསུམ་གྱི་དབང་དུ་བྱས་ན། དངོས་པོ་བདག་ད་ལྟ་བས་བསྡུས་པ་དང་། དངོས་པོ་གཞན་མ་འོངས་པས་བསྡུས་པའི་རྣམ་གཞག་ཀྱང་ཤེས་མི་འདུག ཆུ་ཀླུང་བརྒལ་ཡང་ཆུ་ཕྲན་ལ་མ་ཐར་པ་འདི་ཡ་མཚན།
རྫ་ཚེས་གནད་ལ་ཁེལ་པའི་ལན་ཞིག་བཏབ་དུས། ཆབ་སྲིད་ཀྱི་མཐོང་རྒྱ་མེད་ནི། ཆོས་ཀྱི་གནད་མ་རྟོགས་པའི་མགོ་མཐོམས་ཚོའི་མཚང་ལ་ཕོག་འགྲོ་ལེ་རེད། རྫ་ཚེ་ཁམས་དང་ཨ་མདོ་གང་གི་ཡིན་བཤད་དགོས་ལེ་མ་རེད། བྱང་སྡེ་ཉི་མ་རྫ་ཆུ་ཁ་ནས་རེད། རྫོང་སར་ཚང་ཅི་འདྲ་ཞིག་ཡིན་བཤད་དགོས་ལེ་མ་རེད། རྣམ་དཔྱོད་ཡོད་ན་རྒྱལ་སྤྱིའི་ཁྱོན་འདི་ན་ལྟོས་དང་ཤེས་ལེ་རེད།
ཧཧཧཧཧ་དྲི་བ་གནད་ལ་འཁེལ་འདུག བདེན་པ་སྨྲ་བ་ལ་མི་འཇིགས་པའི་སྤོབས་པ་ཅན་རྫ་ཚེ་ཡང་རང་མིང་སྦས་ནས་རྣམ་རྒྱལ་གྱི་མིང་ཐོག་ནས་སླེབས་འདུག ཡང་བསྐྱར་དྲི་བ་གཅིག་ཞུས་ཆོག་པ་གྱིས། རྫོང་སར་ཚང་གིས་སྤྲུལ་སྐུ་ལོ་གཞོན་སྔོན་རེ་བ་ཆེན་པོ་རྒྱབ་ན་ཡང་གནང་སྟངས་མང་པོ་ཞིག་གིས་དེང་སང་མཐོང་ན་མི་འདོད་པ་ཆགས་འདུག་ཟེར་བ་སུ་ལ་གསུངས་པ་རེད་གསལ་པོ་གསུང་ཐུབ་བམ། རང་མིང་སྨོས་བདེ་བོ་མེད་ན་རྣམ་རྒྱལ་གྱི་མིང་ཐོག་ནས་གསུང་ན་ཡང་འགྲིག འོན་ཀྱང་རྗེས་མ་ནས་ཁ་ཕོ་ཆུང་ཙམ་གནང་རོགས།
དེ་ཡང་འཇམ་མགོན་གོང་སྤྲུལ་གྱིས་རང་ཉིད་བླ་གྲྭའི་སྡེ་ནས་ཐོན་ཟིན་པའི་བསྒྲགས་ཡིག་སྤེལ་རྗེས། རྫོང་གསར་མཁྱེན་བརྩེས་དེ་ལས་སྤྲོས་ཏེ་དྲ་ངོ་ལ་རྩོམ་འབྲིང་ཞིག་སྤེལ་གནང་སོང་། དེའི་ནང་དེང་སང་སྤྲུལ་སྐུ་གང་འདོད་འདོད་དང་སྤྱོད་ལམ་ཡ་མ་ཟུང་ཡིན་ཚུལ་སོགས་ཡི་མ་རང་བའི་རྣམ་འགྱུར་མང་པོ་བསྟན་སོང་། འོན་ཀྱང་སྤྲུལ་སྐུ་སུ་གཅིག་ཀྱང་དམིགས་སུ་བཀར་མི་འདུག ལྷག་པར་འཇམ་མགོན་གོང་སྤྲུལ་ལ་སྐྱོན་ཡོན་བརྗོད་པའི་གཏམ་ལ་ཡི་གེ་ན་གཅིག་ཀྱང་མ་རྙེད། འོན་ཀྱང་གོང་སྤྲུལ་གྱི་སྐུ་འཁོར་ལ་སྡིགས་པའི་རྗོད་ཚིག་ཡང་ཡང་ཐོན་ཡོང་། མཁན་པོ་རྫ་ཚེས་གསུངས་པ་ཤིན་ཏུ་བདེན། བོད་ནང་གི་མཁན་ཆེན་གཉིས་དང་། རྫོང་གསར་མཁྱེན་བརྩེ་བཅས་ཀྱིས། སྤྲུལ་སྐུ་ཡ་མ་ཟུང་ཤིན་ཏུ་མང་པོ་ཐོན་བཞིན་པར་ཡི་མ་རང་བའི་དགོངས་ཕྱོགས་གསུང་པ་ན། དབང་རྟུལ་སྐོར་ཞིག་གིས་གོ་བ་མ་ལོན་པའམ་ཡང་ན་གོ་བ་ལོག་པར་བླངས་ཏེ། ཁོང་ཚོས་སྤྲུལ་སྐུ་ལམ་ལུགས་ལ་དགག་པ་སྐྱོན་གྱི་འདུག དེ་བཀག་འགོག་བྱེད་ཀྱི་འདུག ཅེས་སོགས་སྒྲོ་སྐུར་སྣ་ཚོགས་བྱེད།
སྐབས་འདིར་རང་ཉིད་གྲོགས་པོ་ཞིག་དང་ལྷན་བགྲོ་གླེང་ངར་པོ་ཞིག་ཤོར་བ་དྲན་སོས་གི། ཁོ་ན་རེ། ༧གོང་ས་མཆོག་གིས་རི་རྒྱལ་པོ་རི་རབ་ཡོད་མ་རེད་གསུངས་སོང་ཞེས་ཟེར་རོ། །འདི་ནི་སྒྲོ་འདོགས་ཆེན་པོ་ཞིག་རེད། ༧གོང་ས་མཆོག་གིས། ངས་རི་རབ་ཁས་ལེན་གི་མེད། དེ་ཁས་བླངས་ན་མངོན་སུམ་ལ་བསྙོན་འགྲོ་གི་ཡོད། ཅེས་སོགས་གསུངས་པ་ལས། དེ་ཡོད་མ་རེད་ཅེས་གང་ན་གསུངས་འདུག དེ་འདྲ་གསུང་ཤེས་ཀྱི་མ་རེད། དེ་བཞིན་མཁན་ཆེན་གཉིས་དང་མཁྱེན་བརྩེ་སོགས་མཁས་ཆེན་འདི་རྣམས་ལའང་སྤྲུལ་སྐུའི་ཐད་ནས་དེ་མཚུངས་ཀྱིས་སྒྲོ་འདོགས་བྱེད་མོད། འོན་ཀྱང་དེ་ནི་རང་རེའི་ཤེས་ལྡན་པར་ཁས་འཆེས་པའི་ནང་ན་དབང་རྟུལ་གང་མང་མང་ཚད་མས་དམིགས་པའི་ཤེས་བྱེད་ལས་ཅང་མིན། །
མཆན་ཚང་མ་བཀླགས་ཡོད། སྐད་ཆ་དང་སྐད་ཆ་བསྡུར་ནས་གོ་བ་ལེན་ན་ཐུབ་བསྟན་ཕུན་ཚོགས་ཀྱི་སྐད་ཆ་དེ་ཆ་ཚང་གཟིགས་ནས་དེ་ནས་ངའི་རྩོམ་དེ་གཟིགས་རོགས། གཞན་འབྲེལ་བ་ཡོད་ལ་མེད་དེ་ཚོར་གསལ་བཤད་མེད། པའེ་པའེ།
ཧཧཧ
རྫ་ཚེས་དོགས་གཞི་དང་ལོག་བཤད་ཀྱི་ཁྱད་པར་ཤེས་མེད་པ་འདྲ།
རྗ་ཚེ་རིང་ལགས། ཁྱེད་ཀྱི་ངོས་ནས་ལྷག་བསམ་ཞིག་རེད། ངས་ཡིད་ཆེས་ཡོད་ལགས། མ་ཟད་ཁྱེད་ཀྱིས་འབྲི་རྩོམ་གསལ་བཤད་གནང་བར་བཀའ་དྲིན་ཆེ་ཞུ་ཡག་ཡིན། འོན་ཏང་ངོས་ནས་རེ་ཞུ་ཞིག་ཡོད། སྔོན་མ་ཐེང་གཅིག་ཞུས་པ་ཡིན། ཁྱེད་ནི་ཆབ་སྲིད་ཀྱི་མི་སྣ་ཞིག་དང་ཆབ་སྲིད་ལ་ཤེས་ཡོན་ཅན་ཞིག་རེད། དེ་ཡིན་དུས་ད་ཕན་ཆད་བླ་རུང་སྒར་དང་དེ་འཛིན་གྱི་བསྟན་འཛིན་པ་དེ་རྣམས་ཀྱི་སྐོར་རྩ་ནས་འབྲི་རྩོམ་མ་འབྲི་རོག། ཁྱེད་རང་ནས་རང་གཙན་ལུང་པ་དང་། དཔལ་འབྱོར་རམ་ཆབ་སྲིད་ཀྱི་མཛད་རྒྱ་ཅན་ཡིན་དུས་། ཁོང་རྣམས་ནི་གནས་དུས་གང་འདྲ་ཅན་ཡིན་ནམ་དགོངས་མངའ་ལྟར་ཡིན་གཤིས་ཁྱེད་རང་འཕགས་ཡུལ་ཡོང་བ་རྒྱུ་མཚན་དེ་ཡིན་སྨོས་མ་དགོས། ད་དེའི་སྐོར་ལག་པ་མ་འཆང་རོག་རེ་ཞུ་ཡིན། གལ་སྲིད་སླར་ཡང་ཆོས་སྒར་དེའི་སྐོར་རྩོམ་འབྲིས་གནང་ན་དེ་ཕྱོགས་ཀྱི་དཀའ་ངལ་གང་བྱུང་ན་ཁྱེད་རང་ལ་འགན་ཡོད། སྤྱིར་བཏང་སྨྲ་བརྗོད་རང་དབང་ཅན་ཡིན་བསམ་ནས་ཁྱེད་ཀྱི་ཐུགས་ལ་དེ་ལྟར་ཡོད་ནའང་། ཨ་ཞང་ཚང་ཞིང་ཁམས་ཀྱི་རྒྱབ་ལྗོངས་སུའམ་དེའི་ལག་མཐིལ་ནང་ལ་ཡོད་པ་ཚོ་ཐུགས་བསམ་ནན་ཏན་གནང་དགོས། དེ་དོན་ངེས་པར་དུ་བཏང་སྙོམས་སུ་འཇོག་པར་ཞུ།། གལ་སྲིད་ཁྱེད་ཀྱི་ཆོས་སྒར་སྐོར་རྩོམ་ཉོག་སླར་ཡང་སྤེལ་ན་ང་ཚོས་ངེས་པར་དུ་ཁྱེད་ཀྱི་གསང་བའི་རྣམ་ཐར་སོགས་ཕྱིར་ལ་མ་འདོན་ཀ་མེད་ཡོང་ས་འདུག་པས་དེ་ཐུགས་ལ་ཞོགས། དགོངས་འགལ་མེད་པར་རེ་ཞུ་འདི་ཐུགས་ལ་འཇོག་རོག་བཀྲིན་ཆེ། ཁྱེད་ཀྱི་མཛད་རྒྱ་གོང་འཕེལ་ཡོང་བ་བཀྲིས་བདེ་ལེགས་ཡོད།།
ཧཧཧཧ་་་་ད་ཡིན་ན་རྫ་ཚེས་ཁྱོད་ཁ་ལག་ཉུང་ཙམ་གྱིས་མ་གཏོགས་གསང་རྣམ་ཀུན་ཕྱིར་ལ་འཆོར་ཡོང་། ཅིག་བྱས་ན་རྫོང་གསར་དང་འདྲ་བ་ཕུང་གསུམ་པ་ཅིག་མིན་རེ་ཡོད།
#23 ཏི་སི་ལགས་ནས། གལ་སྲིད་ཁྱེད་ཀྱི་ཆོས་སྒར་སྐོར་རྩོམ་ཉོག་སླར་ཡང་སྤེལ་ན་ང་ཚོས་ངེས་པར་དུ་ཁྱེད་ཀྱི་གསང་བའི་རྣམ་ཐར་སོགས་ཕྱིར་ལ་མ་འདོན་ཀ་མེད་ཡོང་ས་འདུག་པས་དེ་ཐུགས་ལ་ཞོགས། ཟེར་གི་ཡོད་ཐཱ
ཏི་སེ་སོགས་ཀྱི་གཏམ་ལ་ཉན་ཡོད། འོན་ཀྱང་ཁ་ལ་ཉན་འཆར་མེད། ཧཧཧ
རྫ་ཚེ་ལགས་ཀྱིས་ནམ་རྒྱུན་བོད་ཀྱི་སྐད་ཡིག་གི་ལས་དབང་ལ་གཞིགས་ནས་རྩོམ་ཡིག་མང་པོ་སྤེལ་གནང་འདུག་པར་རྗེས་སུ་ཡིད་རངས་དང་དགའ་བསུ་ཡོད།
ཡིན་ན་ཡང་། རྫོང་སར་མཁྱེན་བརྩེས་རང་ཉིད་ཚད་གང་ཞིག་ན་ཡོད་མེད་མི་མཐོང་བར། བོད་ཀྱི་སྤྲུལ་སྐུ་དང་མཁན་པོ་བཅས་པའི་ལེགས་ཉེས་ཀྱི་ཚད་འཇལ་ཁུལ་བྱེད་པ་ནི་ཁྲེལ་དགོད་འབྱུང་གཞི་ཞིག་རེད། མ་མཐར་ཡང་བསྟན་པའི་བདག་པོ་སངས་རྒྱས་ཀྱིས་རང་གི་རྗེས་འཇུག་རབ་བྱུང་བ་ཚོར་ཆོས་འདུལ་བའི་བཅས་ཁྲིམས་ཞེས་ཧ་ཅང་གི་གཙིགས་ཆེན་གནད་ཅན་ཞིག་ཅིའི་ཕྱིར་མཛད་པའི་དགོས་དོན་ཙམ་ཡང་རྫོང་སར་མཁྱེན་བརྩེས་རྟོགས་མེད་པ་འདྲ།
གཞན་དུ་ན་སྔོན་བྱོན་དམ་པ་ཚོས། “རབ་བྱུང་ཁྱིམ་པའི་རྟགས་འཆང་བ།། བསྟན་པ་འཇིག་པའི་བརྟུལ་ཞུགས་ལགས།།” ཞེས་སོགས་གསུངས་པར་ཡང་དགོས་དོན་ཁྱད་པར་བ་ཞིག་ལོས་རེ་ཡོད།
མདོར་ན། རྫོང་སར་མཁྱེན་བརྩེ་ནི་བོད་ཀྱི་ཕ་ཆོས་གཞན་ལ་བཙོང་མཁན་གྱི་བོད་སྤྲུལ་ནག་ཚོང་བ་ཞིག་དང་། བསྟན་པ་དང་བོད་ལ་ཤ་ཞེན་མེད་པའི་བོད་སྤྲུལ་འཆལ་སྤྱོད་ཅན་ཞིག ད་དུང་་་བོད་ཀྱི་གནས་བབ་ཚིག་གཅིག་གླེང་མི་ཕོད་པའི་བོད་སྤྲུལ་ཁེ་གཉེར་བ་ཞིག་བཅས་རེད།
རྫ་ཚེ་ལགས། ཁྱེད་ཀྱིས་ངས་བསམ་ཞུ་ལ་ཉན་གསུངས་པ་དེར་བཀྲིན་ཆེ། ངས་ཁྱེད་ལ་དོན་མེད་ཞུས་པ་རྩ་ནས་མིན། ཁྱེད་རྣམ་དཔྱོད་མཁྱེན་རླབ་ཅན་ཡིན་ནི་རེད། ཕར་ཕྱོགས་ལ་ཐུགས་བསམ་གནང་དགོས་འདུག་སུ་ལ་ཡིན་ནའང་ངས་དེ་ཞུ་འདོད་ཡོད། ཕར་ཕྱོགས་གནས་སྟངས་ཧ་གོ་གི
ལ་ད་དུང་རང་དབང་ལུང་པ་ལ་བསྡད་ནས་ཕར་ཕྱོགས་གནས་སྟངས་དེ་པོ་ལོ་རྒྱབ་རྒྱབ་བྱས་ན་བློ་ཕམ་དག་སེམས་ལ་བཟོད་ཐུབ་མི་འདུག
པས་དེ་དོན་དང་། མ་ཟད་དུས་བབབ་དང་བང་ཆེན་ནང་དུ་གང་དུལའང་ཆོས་སྒར་སྐོར་མ་འབྲི་རོག་ཞུས་ཀྱིས་ཡོད་ད།
ཐུབ་བསྟན་ཕུན་ཚོགས་ཀྱིས་ཚིག་ལ་ཚིག་ལན། དོན་ལ་དོན་ལན། རེ་རེ་བསྡུར་ཞིང་དཔྱད་དེ་བཟང་སྤྱོད་མ་དོར་བའི་ཐོག་ནས་མཁྱེན་བརྩེ་སྐྱ་མིན་སེར་མིན་གྱི་སྐད་ཆར་དབྱེ་ཞིབ་བྱས་འདུག དེར་ས་རྒྱ་མ་ཆོད། གཏིང་མཐའ་མ་དཔོག་པའི་རྫ་ཚེ་རིང་བཀྲ་ཤིས་ཟེར་བ། འགྲོ་ས་མ་རག་པ། མིང་ཞིག་མ་ཐོབ་པར་ཧམ་པས་ཤི་ལ་ཉེ་བའི་སེར་གཟུགས་ཅན་དེ་ཁྲོས་དགོས་དོན་ག་རེ་འདུག ཐུབ་ཕུན་ལགས་ཀྱིས་མཁྱེན་བརྩེའི་གསུང་ཡིན་མིན་ལ་དོགས་པ་ཟེར་ཞོར་དོན་ལ་སྐད་ཆ་དེའི་ལྗིད་ཁོག་རྣམ་རྟོག་གིས་སྒྲོ་མ་བཏགས། རྒྱབ་ལྗོངས་གན་དང་འདི་རེད་ཅེས་གླེན་བཤད་འུར་གཏམ་མ་བསླངས་པར་གསལ་བཤད་དབྱེ་ཞིབ་གནང་འདུག་པ་དེ་ཧ་ལས་པའི་རྣོན་པོ་དང་ཡག་པོ་འདུག
༡ མཁན་ཚུལ་བློ་དང་མཁྱེན་བརྩེ་གཉིས་ཀ་མདོར་བསྡུས་ན་རྒྱ་བླ་གྲགས་ཅན་གཉིས་རེད། མཁྱེན་བརྩེ་ཁོ་རང་སྐྱ་མིན་སེར་མིན་ཡིན་པ་ཁོང་གིས་དང་པོར་བྱས་ཏེ་གསུངས་པ་རེད།
༢ མཁན་ཚུལ་བློ་སྔ་ཕྱི་བར་གསུམ་དུ། དཔེར་ན་དགེ་བཅུའི་ཁྲིམས་འཛུགས་དུས། དགོན་གྲོང་གཉིས་ཀ་ཁ་ཁ་བཟོ་དུས། སྐྱ་སེར་བར་ལ་ཟིང་འཁྲུགས་སློང་དུས། གསེར་རྟ་བླ་རུང་གཏོར་བཤིག་གཏོང་དུས། སྲིད་དམངས་བར་ལ་རྙོག་གྲ་ལངས་དུས། མཁན་ཚུལ་བློ་འཐབ་ཕྱོགས་གཅིག་གྱུར་ཁང་གི་གཏིང་ནག་པོའི་ལས་དོན་མཐའ་དག་གི་མཐུན་འགྱུར་བ། ལམ་དུ་ལྷོང་བར་འཇུག་མཁན། བོད་ཀྱི་གསེར་རྟའི་གྲྭ་མང་དང་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་བར་གྱི་མགོ་གཉིས་མ་དེ་རེད།
༣ དེའི་བཀའ་དྲིན་དང་མཛད་པ་ལ་བརྟེན་ནས། ཁོང་གར་འགྲོ་གར་ཕེབས་ལ་འཐབ་ཕྱོགས་གཅིག་གྱུར་གྱི་མཐུན་འགྱུར་འོག ཤར་ཤར་འཕུར་ཐུབ་ཀྱི་ཡོད།
༤ གསེར་རྟ་བླ་རུང་ནི་ས་ཆ་ཆུང་ཆུང་ལག་མཐིལ་ཙམ་ཞིག་རེད། དེར་རྒྱ་རིགས་གྲྭ་ཇོ་མཆོག་ཏུ་འདུས་པའི་རྒྱ་བླ་མང་པོ་ཡོང་གཞི་ཞིག་ཆགས། དེའི་ཁར། ཁྱིམ་སྔགས་ཚོས་དགོན་མཐའ་བསྐོར་བས་མི་འབོར་ཇེ་ཆེར་སོང་། མ་གཞི་འབྲོག་པ་ཡིན་སྟབས་ཆོས་དད་ཆེ་ཁར། ཟིང་ཆ་ཇེ་ཆེར་སོང་། དེའི་མགོ་བ་མཁན་ཚུལ་བློས་བྱེད་ཁུལ་ལ། བོད་ཀྱི་ས་ཆ་གཞན་ནས་ཁོའི་བྱ་སྤྱོད་ལ་དོགས་སློང་བྱས་ཚེ། ལམ་སེང་ཚུལ་བློས་ཆོས་པ་ཆོས་རྐྱང་ཞིག་གི་ཚུགས་ཀ་དང་རྣམ་འགྱུར་སྟོན་གྱི་ཡོད།
༥ མཁྱེན་བརྩེ་སྐྱ་མིན་སེར་མིན་ཡང་རྒྱ་ནག་ལ་ཐེངས་མང་སོང་། མཁན་ཚུལ་བློ་ལྟར་ཆབ་སྲིད་ལ་འབྲེལ་བ་མེད་མདོག་དང་། བོད་མི་སྐྱ་སེར་ཚོའི་བདེ་སྡུག་བཤད་ཁུལ། འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ལ་མཐུན་འགྱུར་གནང་རྐྱང་གིས། མདོ་དོན་མི་འདི་དག་ཆོས་མིན་སྲིད་མིན། དཀར་མིན་ནག་མིན། ཏན་ཏན་ཞིབ་འཇུག་ཏག་ཏག་བྱེད་དགོས་ས། མཁན་ཆེན་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་སོགས་ཆོས་པ་གཤའ་མ་དང་སྐྱེས་བུ་དམ་པ་ཁོང་རྣམས་ཀྱི་རིང་ལུགས་ལས་བརྒལ་ཏེ་ཆོས་མིན་སྲིད་མིན་རྐྱང་གི་ལས་དོན་ལ་ཞུགས་ཡོད་པ་ཀུན་གསལ་རེད།
དྲ་གྲོགས་རྣམས་ལ་ཞུ་རྒྱུ། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ལ་དོགས་པ་གནང་བ་ནི་ཕྲག་དོག་པ་ཙམ་ལས་གཞན་དུ་མ་མཆིས། མཁན་ཆེན་རྣམ་གཉིས་རྒྱ་ནག་གི་གྲགས་ཅན་མི་སྣའི་གྲས་རེད། ཨུ་ཐུག་མ་བྱུང་ན་གྲགས་ཅན་གྱི་སྤྱི་ཚོགས་མི་སྣའི་སྨྲ་བརྗོད་དང་འགྲོ་འདུག་ལ་མངོན་གསལ་དོད་པོའི་སྒོ་ནས་དམ་པོ་བྱ་རྒྱུ་མ་དེར། ཁོང་གང་དུ་སོང་ཀྱང་བལྟ་རྟོགས་འོག་ཡོད་པ་རྒྱུས་ཡོད་ཀྱི་གཏམ་ཡིན། བླ་རུང་གཏོར་སྐབས་ངོ་རྒོལ་མ་གནང་པ་གཅིག་པོའི་འཐབ་ཕྱོགས་གཅིག་འགྱུར་གྱི་མི་རུ་འགྱུར་ན་དེར་ཟད། མཁན་ཆེན་གྱི་དགོངས་པ་བཞེས་ཕྱོགས་འཚེ་མེད་ཞི་བ། སློབ་གཉེར་པ་དེ་དག་གི་རྒྱུན་རིང་པོའི་ཕུག་འདུན། ཕ་མ་མང་པོས་བླ་རུང་བློ་གཏད་ནས་བསྐྱལ་བའི་བུ་ཕྲུག་རྣམས་ཚེ་སྲོག་དང་ལུས་ཁམས་བདེ་ཐང་ངང་རང་ཁྱིམ་དུ་སྐྱེལ་རྒྱུའི་ལས་འགན་བསྒྲུབ་པ་རེད། མཁན་ཆེན་མཆོག་ལ་སྐུར་འདེབས་ཞུ་མཁན་ས་གནས་གསུམ་ཡོད། དེ་དག་བླ་རུང་གཏོར་དགོས་པའི་སྙན་ཞུ་ཕུལ་མཁན་དག་རེད། དགེ་བཅུ་དང་ཡིག་རྨོངས་སེལ་ཐབས་ཆབ་སྲིད་འདོད་མཁན་ཡང་དེ་ཚོ་རེད། བསྡུས་གྲྭ་དགོས་མིན་སྐོར་ཆོས་ལུགས་ཕྱོགས་རིས་སུ་སྒྱུར་མཁན་ཡང་དེ་དག་རེད། མཁན་ཆེན་རྣམ་གཉིས་གཅིག་གི་ཕྱོགས་ཡིན་མདོག་གིས་དབྱེན་བྱེདམཁན་ཡང་དེ་དག་རེད། བླ་རུང་ལ་དགའ་མདོག་མཁན་ཆེན་ལ་སྐུར་འདེབས་བྱེད་པ་མགོ་གཉིས་འཁྲབས་པ་ཙམ་ལས་དོན་དུ་མགོ་བཅད་ནས་གདོང་པ་དྲིན་ཆེ་ཟེར་མཁན་དག་རེད། བླ་རུང་གཏོར་བཤིག་གི་དོན་རྐྱེན་ལོ་གསུམ་གི་སྔོན་ནས་ཁོ་བོས་ཚོད་དཔག་བྱས་ཡོད། རྒྱ་གཞུང་ལ་བོད་ཀྱི་བླ་མ་མགོ་གཉིས་པ་མང་པོས་གཏོར་བཤིག་དགོས་པ་བསྐུལ་མ་གནང་འདུག ཁུངས་ཡོད་གནས་ཚུལ་མཐོང་སོང་། དེ་སྐབས་མང་པོས་ང་ལ་ཁ་རྡུང་བཏང་སོང་། དེ་བཞིན་བོད་རྒྱ་ཞི་མོལ་ཐ་མ་བྱེད་པའི་དུས་སུ་ཡང་སྔོན་བརྡ་བཏང་ཡོད། ཕྱིས་སུ་དངོས་སུ་མཐོང་བ་རེད། རྫ་ཚེ་བཀྲ་ངེད་གཉིས་ཀྱིས་དྲྭ་སྟེང་ནས་རྩོད་པ་བྱུང་མྱོང་། ཁོ་བོད་གཞུང་གི་གཡོ་རྒྱུ་ཡན་གར་པ་དེས་འཚོ་བ་ལས་རྒྱ་བོད་ཀྱི་དོན་དངོས་ཤེས་མཁན་ཀྱང་མ་རེད། གྲགས་པའི་རྗེས་སུ་འབྲངས་བ་ལས་བདེན་རྫུན་ཧ་གོ་མིན་ལ་ཐེ་ཚོམ་ཡོད། འོན་ཀྱང་ཁོང་གི་ལྷག་བསམ་ལ་དོགས་པ་མེད། ཁྱོད་ཅག་རྩོད་དགོས་ན་གཞན་དུ་རྩོད། མདོར་ན་ཁྱོད་ཅག་གིས་རྒྱ་བོད་ཀྱི་གནས་ཚུལ་ཤེས་པའི་རེ་བ་མེད། དེའི་སྐོར་འདིར་དྲུད་མ་འོང་ན་ལེགས། ད་ལྟ་བླ་རུང་གི་ཆག་སྒོའི་སྟེང་དུ་ཁ་རྡུང་མ་གཏོང་། སྡུག་གི་ཁ་ལ་བརྔན་མ་འཇོག རྨ་གསར་བའི་ཁ་ལ་ཚྭ་མ་འདེབས། མི་མ་ཤི་སྔོན་ལ་བྱ་འབོད་མ་གཏོང་། རྟ་མ་ཤི་སྔོན་ལ་མིག་རིལ་མ་བྲུ། བླ་རུང་ལ་གནོད་མ་བསྐྱལ་ན་ལེགས། དེ་ལས་ཡུལ་གྱལ་པ་ཚོས་བོད་དོན་ཁ་ལ་ཁྱེར་ནས་ཁྱབ་བསྒྲགས་གྱིས་དང་སྤྱི་དོན་ཞོར་ལ་རང་དོན་རེ་ཡང་འགྲུབ་ཡོང་ལས་ཆེ། །རྫོང་སར་མ་ཤི་གསོན་པོར་ཕྱི་རྒྱལ་དུ་ཡོད། སྨྲ་བརྗོད་རང་དབང་གིས་རྩེ་བཞིན་ཡོད། དེའི་སྐད་ཆ་བདེན་མིན་ཤི་བར་དོའི་སྐབས་ཀྱི་སྐད་སྐུར་ལྟ་བུ་ཤེས་དཀའ་བ་ཞིག་གཏན་ནས་མིན། ཁོ་རང་ལ་ལན་འདེབས་བཅུག་པས་ཆོག །ཁོ་རྒྱལ་པོའི་རིང་ལུགས་བླ་ཆེན་གྱི་ལད་མོ་ལ་མི་དགའ། མི་དཀྱུས་མའི་བསྒྲོ་གླེང་ལ་མཉེས་ཟེར་མཁན་ཞིག་རེད། མི་དཀྱུས་མས་ལན་ཞིག་བཏབ་པས་ཆུང་འགྲོ་རྒྱུ་གཏན་ནས་མེད། ཁོང་ལ་གཟུགས་ཡོད་སྒྲ་ཡོད་ཀྱིས་ལན་འདེབས་པར་ཞུ། །
བཅོས། རྫ་ཚེ་བཀྲ་ངེད་གཉིས་ཀྱིས་དྲྭ་སྟེང་ནས་རྩོད་པ་བྱུང་མྱོང་། ཁོ་བོད་གཞུང་གི་གཡོ་རྒྱུ་ཡན་གར་པ་དེས་དབང་བསྒྱུར་འོག་འཚོ་བ་ལས། རྒྱ་བོད་ཀྱི་ཆབ་སྲིད་དངོས་ལ་མཉེས་མཁན་ཀྱང་མ་རེད། སྐབས་རེར་གྲགས་པའི་རྗེས་སུ་འབྲངས་བ་ལས་བདེན་རྫུན་ཧ་གོ་མིན་ལ་ཐེ་ཚོམ་ཡོད། འོན་ཀྱང་ཁོང་གི་ལྷག་བསམ་ལ་དོགས་པ་མེད།
རྫ་ཚེ་ལགས། འདི་ནང་ལབ་གླེང་སྣ་ཚོགས་པ་དག་ཆགས་སྡང་མང་པོ་ཞིག་འཕེལ་རྐྱེན་ཆགས་འདུག་པ་དེ་རྩ་བ་དེ་གང་ལ་ཐུགས་ཡོད་ས་རེད། ཐུགས་བསམ་བཞེས་རོག མ་གཞི་ནས་རྫོངས་སར་བླ་བྲང་དང་། མཁན་པོ་རྒྱུན་ལས་མང་པོ་བཞུགས་དེ་རྣམས་ལས་ལྷག་པ་ཁྱེང་ཇི་རྟོག་དང་ཐུགས་འགན་དམིགས་བསལ་གནང་ཡོད་ན་ངས་ཞུས་མི་ཕོད། དེ་མིན་ན་ཁྱེད་ངོ་མ་ཕན་པ་ལས་གནོད་པ་བཟོ་རྐྱེན་ཆགས་འངུག དེ་བླ་རུང་སྒར་ངས་ཐེང་ཁ་ཤས་ཞུས་ཚར་ད་ནས་མ་འབྲི་རོག ཁྱེད་རང་ཆབ་སྲིད་པ་ཞིག་ཡིན་དུས་དྷ་རམ་ས་ལའི་སྐོར་དང་བྲིས་ན་མི་འགྲིག་གམ། ་
ལོག་བཤད་ཁྱོག་བཤད་ལྐོག་བཤད་གསུམ་།
དྲ་རྒྱའི་ནང་གི་ཁ་རྩོད་ལ་།
འགན་འཁུར་ཡིད་ཆེས་སུ་ཡིའི་ཐུབ་།
ཐུབ་བསྟན་ཕུན་ཚོགས་ལགས་ཀྱི་བརྩམས་ཆོས་མང་པོ་བཀླགས་མྱོང་ཡོད། དམིགས་བསལ་ཁོང་གིས་བྲིས་པའི་རྒྱལ་རབས་ཐེངས་མང་བཀླགས་ཡོད། ཐུབ་བསྟན་ཕུན་ཚོགས་ལགས་མི་ངོ་མ་ནི་མིག་གིས་རིག་མྱོང་མེད་ལ་སྐད་འཕྲིན་དང་ངོ་དེབ་སོགས་སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱ་ཁག་ཏུ་འབྲེལ་འདྲིས་ཙམ་ཡང་མེད།
དེ་བཞིན་རྫ་ཚེ་རིང་བཀྲིས་ཞུ་བ་ཡང་མིག་གིས་མཐོང་མྱོང་མེད། ཁོང་གིས་བསྒྱུར་ཅེས་པའི་སྒྱུར་རྩོམ་ཐེངས་མང་བཀླགས་ཡོད། གོ་ཐོས་ཤིག་ལ་ཚ་བ་མདའ་སྨྱུག་ལ་དགག་ལན་ཅིག་བྲིས་ཡོད་རེད་ཟེར་གྱི་འདུག །དགག་ལན་དེབ་ནི་མཇལ་མ་བྱུང་། གང་ལྟར་ཁོང་གྲྭ་པ་ཡིན་དང་མི་སྐྱ་ཡིན་ཡང་ཤེས་ཀྱི་མེད། ཟླ་ཤས་ཀྱི་སྔོན་དུ་སྔོན་ཆད་སློབ་གྲོགས་དང་ད་ལྟའི་ཆར་ལས་གྲོགས་ཨ་མདོ་བ་ཞིག་ལ་རྫ་ཚེ་རིང་བཀྲིས་ཀྱི་སྐོར་བཀའ་འདྲི་འགའ་ཞུས་པའི་ལན་དུ་ཐན་ཝན་དུ་བཞུགས་ཡོད་པ་འདྲ། རྩོམ་པ་པོ་ཞིག་རེད། རྩོམ་ཡིག་མང་པོ་སྤེལ་གྱི་འདུག་ཅེས་ལན་བཏབ་བྱུང་། སྤྱི་ཚོགས་འབྲེལ་མཐུད་དྲ་བ་ངོ་དེབ་དང་སྐད་འཕྲིན་སོགས་སུ་ཁོང་དང་ཡང་དམིགས་བསལ་འབྲེལ་འདྲིས་གང་ཡང་མེད། བྱས་ཙང་འདིར་ཐུབ་ཕུན་དང་རྫ་ཚེ་རྣམ་གཉིས་ལ་གང་ཡང་ཞུ་བགྱི་མིན།
གུས་པས་འདིར་ཐུབ་ཕུན་དང་རྫ་ཚེ་གཉིས་ཀྱི་རྩོམ་དོན་ལ་མཆན་པ་ཚོས་བཀོད་པའི་ཞབས་མཆན་རྣམས་བཀླགས་པ་ལས་བྱུང་བའི་ཚོར་སྣང་ཕྲན་བུ་ཞིག་ཞུ་འདོད་བྱུང་སོང་། གལ་ཏེ་བདག་གི་ཚོར་སྣང་དེ་ནོར་འདུག་ན་མགོ་ཐོག་མ་ནས་དགོངས་དག་ཞུ་རྒྱུ་ཡིན། ཐུབ་རྫ་ཟུང་གི་རྩོམ་དོན་ལ་ཞབས་མཆན་འགོད་མཁན་ཁྱེད་རྣམ་པ་ཚོ་མང་པོ་ཞིག་གི་ཞབས་མཆན་གྱི་བརྗོད་དོན་ནང་དུ་དངོས་ཤུགས་བརྒྱུད་གསུམ་ནས་ཐུབ་རྫ་རྣམ་གཉིས་ཀྱི་རྩོམ་དོན་ལས་བརྒལ་པའི་གནད་དོན་གཞན་པ་སྣ་ཚོགས་པ་ཞིག་ཐོན་འདུག་དྲན་གྱི་ཡོད། བྱས་ཙང་དེ་འདྲ་བྱས་ན་ཡག་པོ་རྩ་བ་ནས་མ་རེད། གནད་དོན་གཞན་པ་གང་ཡོད་ན་སོ་སོར་གཙང་སེལ་བྱ་དགོས་ངེས་རེད་མ་གཏོགས་རྟ་བོང་གཅིག་ཏུ་བསྒྱུར་ཐབས་ཡེ་ནས་ཡོད་མ་རེད་སྙམ་མོ།།
༼སྐུར་འདེབས་ཞུ་མཁན་ས་གནས་གསུམ་ཡོད། དེ་དག་བླ་སྒར་གཏོར་དགོས་པའི་སྙན་ཞུ་འབུལ་ཡོད༽སྐད་ཅ་འདིར་བདེན་དཔང་དང་ཁུངས་སྐྱེལ་ངོ་མ་ཡོད་དམ། ཡོད་ན་དྲ་ཐོག་འདི་ནང་འགོད་ཤོག་དང་མི་མང་གིས་ཤེས་རྟོགས་ལ་ཕན་གྱི་ཡོད། དྲི་མེད་ལྷག་བསམ་ལགས།
http://mp.weixin.qq.com/s?__biz=MzAxODMxOTAxNg==&mid=2653379746&idx=3&sn=ab3d4c53474c81c3f7897f1b034e9357&chksm=800bef65b77c667353fc50b4c8625cc63a4fe67ddf3cb53d7a083c7d7c65920afe3782d79893&mpshare=1&scene=5&srcid=02069y9YE9SuP17x9V6lcDit#rd
ད་འདི་ན་གཟིགས་དང་། རྫ་ཚེ་ལགས་ནས་མཁན་ཆེན་ལ་མཛད་འཕྲིན་ལ་རྟག་རྟག་བཟོ་ཚར་འདུག
འདུར་གཟིགས་དང་།
http://mp.weixin.qq.com/s?__biz=MzAxODMxOTAxNg==&mid=2653379746&idx=3&sn=ab3d4c53474c81c3f7897f1b034e9357&chksm=800bef65b77c667353fc50b4c8625cc63a4fe67ddf3cb53d7a083c7d7c65920afe3782d79893&mpshare=1&scene=5&srcid=02069y9YE9SuP17x9V6lcDit#rd
༅༅། སྐུ་ཕྲེང་དྲུག་པ་ཚེ་དབྱངས་རྒྱ་མཚོའི་མགུར་ལས།
པོ་ཏ་ལ་རུ་བསྡད་དུས། མིང་ལ་ཚང་དབྱངས་རྒྱ་མཚོ།
ལྷ་ས་ཤོད་ལ་བསྡད་དུས། འཆལ་པོ་དངས་སང་དབང་པོ།
མཚན་ལ་སྐྱེས་སྨན་མེད་པ་ཉལ་མ་མྱོངས། ཐིག་ལེ་ཉུང་དཀར་ཙམ་ཞིག་བཏོན་མ་མྱོངས། ཞེས་སོགས་གསུངས་ཡོད།