ལྷ་དབང་། (ཨེ་མ་ཧོས་བརྒྱུད་སྤྲོད་བྱས།)
དགེ་རྒན་ཆེན་མོར་གྲགས་པའི་དཔལ་སྤུངས་པ་ཐུབ་བསྟན་ཕུན་ཚོགས་ཀྱིས་ཉེ་སྔོན་བྲིས་པའི་༼གསེར་རྟའི་རྩིས་རམས་པ་ལ་བརྒལ་ལན་སྦྲང་རྩིའི་མཆོད་སྤྲིན་༽ ཞེས་པའི་རྩོམ་ཡིག་དེ་ཐེངས་གཅིག་ཤར་མར་བཀླགས་པ་ན། རྩིས་རིག་དང་ལོ་རྒྱུས་ཀྱི་སྐོར་ལ་བག་ཆགས་ཐན་ཐུན་ཙམ་ལས་འཇོག་མ་མྱོང་བའི་བདག་གིས་ནོར་བའི་ཆ་དང་། འཁྲུལ་བའི་རིགས། འགལ་བའི་སྐྱོན་སོགས་དགེ་རྒན་ཆེན་མོ་ཁོང་གི་དགུང་གྲངས་ལས་ཀྱང་ལྡབ་འགྱུར་གྱིས་མང་བ་མཐོང་ཞིང་། དེ་དག་རེ་རེ་བཞིན་འདི་དང་དེ་རེད་ཅེས་བྱིས་པ་ཚོར་ཀ་ཁ་སློབ་ཁྲིད་བྱེད་པ་ལྟར་དགེ་རྒན་ཆེན་མོ་ཁོང་ལ་ར་སྤྲོད་བྱེད་དགོས་པར་སྣང་སོང་། འོན་ཀྱང་། འདི་དག་ནི་བདག་གིས་འཁུར་འོས་པའི་འགན་འཁྲི་ཡིན་མིན་དང་། ལྷག་པར་བྱ་བའི་མཇུག་འབྲས་ཡོད་མེད་སྐོར་ལ་བསམ་བློ་རེ་འདོན་དུས། ཅི་ཡང་མེད་པ་འདྲ་སྟེ།
གཅིག ཁོང་ནི་གྲྭ་པ་བྱས་ཤིང་གྲྭ་ས་ནས་སློབ་གཉེར་གནང་བ་དང་། སྐྱ་ས་རུ་བབས་ཏེ་སློབ་གྲྭ་ནས་རྒྱ་བོད་དུ་མའི་ཡིག་རིགས་ལ་སྦྱོང་བ་བྱས་པས་མི་ཚད། དགེ་རྒན་ཆེན་མོའི་མཚན་འཆང་སྟེ་མི་ལོ་བཅུ་ཕྲག་དུ་མར་སློབ་བུ་མང་པོའི་གཙུག་ཏུ་འགྱིང་མཁན་ཞིག་ཡིན་པ་དང་། ལྷག་པར་ལོ་རྒྱུས་ཞིབ་འཇུག་བྱས་ཏེ་སྐྲ་ལོ་དཀར་ཕྱེད་དུ་གྱུར་ཞིང་འཆི་བར་རེ་སྒུག་བྱས་རྒྱུ་ལས་མེད་པའི་ཚོད་དུ་ཕྱིན་ཀྱང་། ང་རྒྱལ་དང་ཕྲག་དོག་གཉིས་ཀྱི་འགག་འཕྲང་དོགས་པོ་ལས་མ་ཐར་བར་རྨོངས་ཤིང་འཐོམ་ནས་ལུས་མཁན་ཞིག་ཡིན་པས། ངས་ཇི་ལྟར་བཤད་ཀྱང་སྡོང་རྒན་སྐོམ་པོ་ལ་ཆུ་འདྲེན་པའི་དཔེ་ལྟར་ཅི་ཡང་སྨན་པ་མེད་པས་སོ། །
གཉིས། དཔལ་གསེར་ལྗོངས་བླ་མ་རུང་ལྔ་རིག་ནང་བསྟན་སློབ་གླིང་གི་རྩིས་རིག་སྨྲ་པ་མཁན་དགེ་དཔལ་མཆོག་ནི། དེང་སང་གི་རྒན་པོ་ཐུབ་ཕུན་དང་དོར་ཞི་གཙོས་པའི་སྐྱ་སེར་རེ་འགའ་བཞིན། འོལ་ཚོད་དང་བཤད་ཡོམ་གྱིས་རང་ཉིད་མཐོ་སར་བསྙེག་པའི་ལས་ལ་བརྩོན་མཁན་དེ་འདྲའི་རིགས་མ་ཡིན་པར། ཁོང་ནི་ཞི་དུལ་ཚུལ་མཐུན་གྱི་སྒོ་ནས་རིག་པའི་དཔྱད་གླེང་གནང་མཁན་ཞིག་ཡིན་པས། ད་ཐེངས་ལུང་དང་རིག་པའི་རྒྱབ་དཔུང་བཙན་པོ་ཞིག་ལ་བརྟན་ཏེ། དགེ་རྒན་ཆེན་མོའི་ང་རྒྱལ་གྱི་བྲག་རི་མཐོ་པོ་དེ་རྨིང་མེད་དུ་གཏོར་ཡོང་བའི་རེ་བ་དང་ཡིད་ཆེས་གཉིས་ཀ་ལྡན་པ་དང་། གཏམ་དཔེར། རྒྱལ་པོས་ཅི་གསུང་མ་ཤེས་གོང་། བློན་པོའི་བཀའ་ཚིག་འུར་འུར་ཅེས་པའི་དཔེ་རུ་འགྱུར་ཨེ་འགྲོར་དོགས་པས། གནས་སྐབས་རང་ཉིད་ཀྱིས་རེ་རེ་བཞིན་དུ་འབྲི་བའི་ངལ་བ་ལྷུར་མི་ལེན་རྒྱུ་བྱས་པའོ། །
འོན་ཏེ། ཐུབ་ཕུན་གྱིས་རྩོམ་ཡིག་ཤོག་ངོས་གཅིག་ཡན་ཆོད་དུ་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་ལུང་རིགས་ཀླད་ལ་སྐོར་ཏེ། འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་གསུང་ཆོས་དག་ལ་རྒྱུན་མངའ་ལྷག་མོར་ཡོད་པའི་རྣམ་འགྱུར་སྟོན་པ་དང་། ལྷག་པར་འཇམ་མགོན་བློ་གྲོས་མཐའ་ཡས་ནི་མགོན་དང་སྐྱབས་གཅིག་པུ་དེ་ཡིན་པའི་ཚུགས་ཀ་སྟོན་བཞིན་ཡོད་མོད། ད་ཐེངས་ཀྱི་རྩོམ་ཡིག་འདིར་དོན་ལ་འཇམ་མགོན་བློ་གྲོས་མཐའ་ཡས་དགག་ཡིག་ཏུ་སོང་སྟེ་ལས་ངན་པ་བསགས་ཡོད་པ་དག་རེ་རེ་བཞིན་དུ་ར་སྤྲོད་བྱེད་དེ། འཆི་ཁར་འགྱོད་བཤགས་ཆེན་པོས་ས་ཏྭ་རེ་འདོན་རྒྱུའི་ཕྱོགས་ལ་བསྐུལ་མ་བྱེད་པའོ། །
དེ་ལ་དང་པོ་ཐུབ་ཕུན་ན་རེ།
༼《 དགོངས་འདུས་སྐར་མཛོད་ནི། 》སྤྲུལ་སྐུ་ཨོ་རྒྱན་གླིང་པས་རྒྱ་གར་དང་། རྒྱ་ནག བོན་ལུགས་རྣམས་ཉ་ཉུག་ཏུ་བསྲེས་ནས་བསྒྲིགས་ཤིང་གཏེར་མ་ཡིན་པར་བརྫུས་ཏེ། བོད་ཟླ་བཅུ་གཉིས་པ་དཔྱིད་ར་སྟག་ཟླ་འཛིན་པའི་དཔེ་ཆ་དེ། དུས་ཕྱིས་བོད་ཀྱི་ཡོངས་གྲགས་ཕུག་མཚུར་གཉིས་སུ་གྲགས་པ་གང་གིས་ཀྱང་དང་ལེན་མེད་པའི་རྩིས་དཔེ་ཞིག་རེད།༽
ཅེས་ཟེར་བ་ལ་ལན་བརྗོད་པར་བྱ་སྟེ། དགོངས་འདུས་སྐར་མཛོད་ཨོ་རྒྱན་གླིང་པས་རྫུན་བཟོ་བྱས་པར་བཤད་པ་ནི་ཅི་ཟེར་འདི་ཟེར་མ་རྙེད་ནས་རྫུན་གཏམ་བྱུང་རྒྱལ་དུ་སྨྲས་པ་ཞིག་ལས་མ་འདས་ཏེ། དགོངས་འདུས་སྐར་མཛོད་གཏེར་ནས་འདོན་པ་པོ་སུ་ཡིན་ཙམ་ཡང་ཁྱོད་ཀྱིས་མ་ཤེས་པར་འདུག་ན་དག་རྫུན་ཅི་ཡིན་ག་ལ་ཤེས། དེ་ཡང་དགོངས་འདུས་སྐར་མཛོད་གཏེར་ནས་འདོན་པ་པོ་ནི་ཨོ་རྒྱན་གླིང་པ་གཏན་ནས་མ་ཡིན་ཏེ། གཏེར་སྟོན་སངས་རྒྱས་གླིང་པས་བླ་མ་དགོངས་འདུས་ཞེས་པའི་ཆོས་སྡེ་པོད་བཅུ་གསུམ་ཡོད་པ་ཞིག་གཏེར་ནས་སྤྱན་དྲངས་པའི་གྲལ་དུ་སྐར་མཛོད་དེ་ཡོད་པས་དགོངས་འདུས་སྐར་མཛོད་ཅེས་གྲགས།
ཨོ་རྒྱན་གླིང་པ་ནི་སློབ་དཔོན་པདྨའི་རྣམ་ཐར་གྲགས་ཆེན་པདྨ་བཀའ་ཐང་དང་བཀའ་ཐང་སྡེ་ལྔ། བཀའ་བསྡུས་སོགས་གཏེར་ནས་འདོན་པ་པོ་ཡིན་པ་ཁྱོད་མ་གཏོགས་གཞན་སུས་ཀྱང་ཤེས། གཏེར་སྟོན་འདི་གཉིས་བྱོན་པའི་དུས་ཚོད་མི་འདྲ་ཞིང་གཏེར་ནས་བཏོན་པའི་གཏེར་ཆོས་ཡང་མི་འདྲ་བས་ཞིབ་ཏུ་ཤེས་པར་འདོད་ན་གནའ་དུས་ཀྱི་དཔལ་སྤུངས་ལུང་པའི་མཁས་པ་ཆེན་པོ་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱིས་མཛད་པའི་གཏེར་སྟོན་བརྒྱ་རྩའི་རྣམ་ཐར་ལ་གཟིགས་ན་དེང་དུས་ཀྱི་དཔལ་སྤུངས་ལུང་པའི་མཁས་རློམས་ཁྱོད་ཀྱི་ལོག་རྟོག་ཞི་བར་འགྱུར་རོ།།
དགོངས་འདུས་སྐར་མཛོད་ཅེས་པ་འདི་ནི་ཨོ་རྒྱན་རིན་པོ་ཆེའི་གསུང་འཁྲུལ་མེད་སངས་རྒྱས་གླིང་པས་གཏེར་ནས་བཏོན་པ་སྟེ། དགེ་རྩེ་འགྱུར་མེད་བསྟན་པ་རྣམ་རྒྱལ་གྱིས། ཁྱད་པར་འཕགས་པ་འཇམ་དཔལ་གྱིས།། དགོས་པའི་དབང་གིས་རྩིས་དཔེ་རྣམས།།བསྡུས་ནས་གཏེར་དུ་སྦས་པའི་ཚེ།།སྤྱན་རས་གཟིགས་ཀྱིས་བསྐུལ་བ་ཡིས།།ཨཽ་ཌི་ཡ་ནའི་སློབ་དཔོན་ཆེས།།ཚངས་པ་གདོང་བཞིར་སྤྲུལ་ནས་ཞུས།།འཕགས་པས་དཔེ་རྣམས་གཏེར་ནས་བཏོན།།རྩིས་སྒོ་བརྒྱད་ཁྲི་བཞི་སྟོང་བཤད།།དེ་ཕྱིར་སློབ་དཔོན་པདྨ་ལ།།གཙུག་ལག་ཡོངས་ཀྱི་བཀའ་བབ་ཅིང་།།སླད་ནས་ལོ་མགོའི་ཐ་སྙད་སོགས།།འདྲ་མིན་འབྱུང་བ་ལ་དགོངས་ནས།།གཏེར་དུ་སྦས་པར་མཛད་པ་དེ།།སངས་རྒྱས་གླིང་པ་སོགས་ཀྱིས་བཏོན།།དགོངས་འདུས་སྐར་མཛོད་རྡོར་གཙུག་རྒྱུད།།ལ་སོགས་ཇི་སྙེད་པདྨའི་ལུགས།།བཅོས་སླད་མེད་པའི་བཀའ་ཚད་མ།།འཕགས་པའི་དགོངས་པ་མ་འཁྲུལ་བ།།ཡིན་ཕྱིར་འདི་ཉིད་གཙོ་བོར་བཟུང་།།འགའ་ཞིག་ཀུན་མཁྱེན་ལྔ་བ་ནས།།སྐར་མཛོད་ཟུར་དུ་ཕྱུངས་ཟེར་ན།།དེ་ལ་བཻཌཱུར་གཡའ་སེལ་དུ།།གསུང་དེ་དགོངས་པ་ཅན་ཡིན་གྱིས།།སྐར་མཛོད་ཟབ་གཏེར་དངོས་ཡིན་ཞེས།།དག་ཐེར་མཛད་ཟིན་དེ་ཉིད་ལས།།སྒྲུབ་བྱེད་གཞན་འགོད་དགོས་པ་མིན།།ཞེས་གསུངས་པ་དང་།
གཞན་ཡང་མཁས་གྲུབ་ཀརྨ་ཆགས་མེད་ཀྱི་རྩིས་སྐོར་དང་མ་ཧཱ་པཎ་ཊི་ཏ་མི་ཕམ་རྣམ་རྒྱལ་གྱི་དྲེགས་པའི་རྒྱུ་ཐེབས་བཤད་པ་སོགས་ཀྱི་སྐབས་སུ་དགོངས་འདུས་སྐར་མཛོད་ལ་ཁུངས་བཅོལ་ནས་གསུངས་ཡོད་པ་སོགས་རྩིས་གཞུང་ཁུངས་ཐུབ་ཏུ་མཁས་པ་མང་པོས་ངོས་འཛིན་གནང་ཡོད་པས་ད་དུང་ཁྱོད་ཀྱིས་རྫུན་མར་བསྒྲུབ་འདོད་པ་ནི་ངལ་བའི་རྒྱུའོ།།
ཡང་ཐུབ་ཕུན་ན་རེ།
༼སྤྲུལ་སྐུ་ཨོ་རྒྱན་གླིང་པ་ནི། རྒྱལ་བ་བཀའ་བརྒྱུད་པའི་མཁས་པ་ཆེན་པོ་འབྲི་གུང་དཔལ་འཛིན་གྱིས། 《ཆོས་དང་ཆོས་མ་ཡིན་པ་རྣམ་པར་དབྱེ་བ་ཞེས་བྱ་བ་བཞུགས་སོ།》 ཞེས་པ་ལས། ཆོས་རྒྱལ་རིན་ཆེན་གླིང་པ་དང༌། །སྤྲུལ་སྐུ་ཨོ་རྒྱན་གླིང་པ་དང༌། །ཚེ་བརྟན་རྒྱལ་མཚན་ལ་སོགས་པ། །རྫུན་གྱི་གཏེར་སྟོན་མང་པོར་བྱུང༌། །ཞེས་ཨོ་རྒྱན་གླིང་པ་གང་ཉིད་ཀྱང་གཏེར་སྟོན་རྫུན་མའི་གྲས་སུ་བཞག་ཡོད་པ་ཁྱེད་ཀྱིས་མ་མཁྱེན་ནམ།༽
ཞེས་ཟེར་བ་ལ་ལན་བརྗོད་པར་བྱ་སྟེ། ཐུབ་ཕུན་གྱིས་འབྲི་གུང་དཔལ་འཛིན་གྱི་ལོག་སྨྲའི་རྔ་མ་ལ་བཟུང་ནས་གསང་སྔགས་རྙིང་མའི་ཆོས་དང་གང་ཟག་ལ་བསྐུར་བ་འདེབས་རྒྱུའི་ཉམས་སྟོན་བཞིན་འདུག་ཀྱང་། ཀུན་མཁྱེན་སོག་བཟློག་པའི་བརྒལ་ལན་ལུང་རིགས་འབྲུག་སྒྲ་སོགས་སྔ་འགྱུར་རྙིང་མའི་མཁས་དབང་མང་པོའི་ལུང་དང་རིགས་པའི་མེ་ལྕེས་དཔལ་འཛིན་གྱི་ལོག་སྨྲའི་ཚང་ཚིང་སྔར་ནས་བསྲེགས་ཚར་བས་ད་ཁྱོད་ཀྱིས་རོ་སྐོ་དོང་སློག་བྱས་ཀྱང་ནུས་པ་ཨེ་ཐོན་ན། ཐུབ་ཕུན་རྒན་པོ་ཁྱོད་རང་ཤེས་རྒྱ་ཆུང་བ་དང་གྲུབ་མཐའི་ཆགས་སྡང་ཆེ་བའི་རང་རྐུབ་དམར་རྗེན་དུ་བུད་པ་ཙམ་མ་ཡིན་ནམ། ཧེ་ཧེ།
ཐུབ་ཕུན་ཁྱོད་ཀྱིས་དཔལ་འཛིན་གྱི་ལུང་དུམ་ངན་གྲོགས་སུ་ཁྱེར་ནས་གཏེར་ཆེན་ཨོ་རྒྱན་གླིང་པ་གཏེར་སྟོན་རྫུན་མའི་གྲལ་དུ་དྲུད་ཀྱིན་འདུག་ཀྱང་། རང་རེ་བཀའ་བརྒྱུད་པའི་མཁས་གྲུབ་ནམ་མཁའི་རྒྱུ་སྐར་ལྟ་བུའི་ཁྲོད་ནས་ཉ་གང་ཟླ་བ་ལྟར་མངོན་པར་འཕགས་པའི་སྐྱེས་མཆོག་འཇམ་མགོན་༧ བློ་གྲོས་མཐའ་ཡས་ཀྱིས་གཏེར་སྟོན་བརྒྱ་རྩའི་ཡ་གྱལ་དུ་གཏེར་ཆེན་ཨོ་རྒྱན་གླིང་པ་མི་འཇིགས་སེང་གེའི་ཁྲི་ལ་མངའ་གསོལ་ཡོད་པ་དང་། གཞན་ཡང་གླིང་པ་ཆེན་པོ་བརྒྱད་ཀྱི་ནང་གི་གཏེར་ཆེན་སངས་རྒྱས་གླིང་པ་དང་གུ་རུ་ཚེ་བརྟན་རྒྱལ་མཚན་སོགས་ཀྱི་སྐུ་ཆེ་བའི་ཡོན་ཏན་དང་གཏེར་ཆོས་ཀྱི་ཆེ་བ་སོགས་འཇིགས་མེད་སེང་གེའི་ང་རོ་ཞིག་གཏེར་བརྒྱའི་རྣམ་ཐར་དུ་བསྒྲགས་ཡོད་པས་དེ་ཐོས་པ་ཙམ་གྱིས་ལྟ་ངན་གྱི་ཝ་སྐྱེས་དཔལ་འཛིན་དང་རྗེས་འབྲང་པ་ཐུབ་ཕུན་ཁྱེད་གཉིས་ཀླད་པ་འགེམ་པར་གདོན་མི་ཟའོ། །
གཞན་ཡང་གནས་ལྔ་རིག་པའི་མ་ཧཱ་པཎ་ཊི་ཏ་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱིས་བཀའ་བསྡུ་མཛད་པའི་རིན་ཆེན་གཏེར་མཛོད་ཆེན་མོའི་ནང་དུ་གཏེར་ཆེན་སངས་རྒྱས་གླིང་པའི་གཏེར་བྱོན་བླ་མ་དགོངས་འདུས་གཙོ་བོར་གྱུར་པའི་ཆོས་ཚན་མང་པོ་དང་གཞན་ཡང་ཨོ་རྒྱན་གླིང་པ་དང་རིན་ཆེན་གླིང་པ། གུ་རུ་ཚེ་བརྟན་རྒྱལ་མཚན་སོགས་ཀྱི་ཟབ་གཏེར་རྣམས་གཏེར་ཆོས་རྣམ་དག་ཏུ་ངོས་འཛིན་མཛད་ནས་བཞག་ཡོད་པས་དེ་དག་ཚང་མ་གཏེར་སྟོན་རྫུན་མ་དང་གཏེར་ཆོས་རྫུན་མ་ཡིན་པར་ཁྱོད་ཀྱིས་ཁས་བླངས་ཤིང་ཐག་བཅད་ནས་འདུག་པས། འཇམ་མགོན་ཀོང་སྤྲུལ་ཁོང་གི་སློབ་རྒྱུད་དུ་ཁས་འཆེ་བའི་དཔལ་སྤུངས་པའི་རུས་དྲུད་ཁྱོད་ཀྱིས་ཀྱང་ཤར་དཔལ་སྤུངས་ལུང་པའི་མཁས་དབང་ཆེན་པོ་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱིས་གཏེར་སྟོན་དག་མ་དང་རྫུན་མའི་ཤན་འབྱེད་དང་། གཏེར་ཆོས་དག་མ་དག་རྫུན་མའི་དབྱེ་གསལ་མ་ཤེས་པའི་གྲལ་དུ་བཞག་འདུག་པ་འདི་ཅི་འདྲའི་མི་འོས་པ་དང་མ་གུས་པ་ཞིག་སྟེ། སྡིག་པའི་ཕྲུག་གུས་མ་ལ་བཤེ་ཟེར་བ་དང་ཅི་ཕྱིར་མི་མཚུངས།
དེ་སྔོན་རང་རེ་བཀའ་བརྒྱུད་པའི་སྐྱ་སེར་གཉིས་ཀའི་ཁྲོད་དུ་འཇམ་མགོན་ཀོང་སྤྲུལ་ལ་འདི་འདྲའི་མཐོང་ཆུང་བྱེད་པའི་རྐང་འདྲེན་པ་ཞིག་བྱུང་མྱོང་མེད་ཀྱང་། ད་ལོ་འབུམ་རམས་པའི་སློབ་དཔོན་ཆེན་མོ་དཔལ་སྤུངས་ཐུབ་ཕུན་གྱིས་ཐན་སྐད་འདི་འདྲ་ཞིག་བསྒྲགས་སོང་བས་འདི་མི་ལྷ་གཉིས་ཀས་ནམ་ཡང་གུ་ཡངས་ལ་གཏོང་དཀའ་འོ།།
སླར་སྨྲས་པ།
མི་ཤེས་ཤེས་རྫུ་བྱེད་པའི་ཐུབ་ཕུན་དེས།།
ཁུངས་མེད་ལུང་མེད་འཆལ་གཏམ་རྟག་ཏུ་སྒྲོག།
ཝ་སྐྱེས་སེང་པགས་གྱོན་པའི་བརྟུལ་ཞུགས་དེ།།
འཆི་ཁར་རྗེས་ངན་གསལ་ན་སྙིང་རེ་རྗེ།།
གཞན་ལ་ཤེད་ཀྱིས་གཡུགས་པའི་རལ་གྲི་དེས།།
རང་གི་མགོ་བོ་བཅད་ནས་ཐང་ལ་འཕངས།།
གསེར་རྟའི་རྩིས་པར་སྨྲས་པའི་རྒོལ་གཏམ་དེ།།
མེས་པོ་ཀོང་སྤྲུལ་འགོག་པའི་ཚིག་ཏུ་སོང་།།
བཀའ་དགོངས་ཕུར་གསུམ་རྙིང་མའི་ཆོས་ཀྱི་སྙིང་།།
དགོངས་འདུས་ལོག་ཆོག་གྲལ་དུ་གཡུག་པ་པོ།།
ཐུབ་ཕུན་རྒན་པོའི་བླ་ཚེ་སྲོག་གསུམ་དེ།།
མ་གཟའ་དམ་གསུམ་ཞལ་དུ་ཛྭ་ལ་རཾ།།
ཤཱཀྱ་ཐུབ་པའི་ཞལ་གསུང་ཀུན་འདུས་པའི།།
བཀའ་འགྱུར་པོད་ཏི་བརྒྱ་ལྷག་ནང་རོལ་ན།།
ཚེ་ཐར་སྲོག་བླུ་དགོས་པའི་ཚིག་གཅིག་ཀྱང་།།
མེད་ཅེས་ཐུབ་ཕུན་ཁྱོད་ཀྱིས་བཤད་ནས་ཡོད།།
སྟོན་མཆོག་ཐུབ་པའི་སྐྱེས་རབས་དག་ཏུ་ཡང་།།
ཚེ་ཐར་སྲོག་བླུ་མཛད་རབས་མེད་དོ་ཟེར།།
སྟག་མོ་ལུས་སྦྱིན་ཙམ་ཡང་མི་ཤེས་པའི།།
འབུམ་རམས་པ་ཡི་སློབ་དཔོན་ཨེ་མ་མཚར།།
དུད་འགྲོ་ཚེ་ཐར་སྲོག་བླུ་བྱེད་པ་དེ།།
སྡིག་པ་ཡིན་ཞེས་ཐུབ་ཕུན་ཁྱོད་ཀྱིས་བཤད།།
ངན་སོང་གསུམ་གྱི་སེམས་ཅན་ཚེ་ཐུང་དགོས།།
དེའི་ཕྱིར་དུད་འགྲོ་བསད་ན་བཟང་ཞེས་བཤད།།
སྐབས་རེ་ཁྱོད་ཀྱང་བཀའ་བརྒྱུད་པ་ཡིན་མདོག།
གྲུབ་མཐའི་ལ་རྒྱ་འཛིན་པའི་ཉམས་འགྱུར་སྟོན།།
ཀུན་མཁྱེན་རྒྱལ་དབང་མི་བསྐྱོད་རྡོ་རྗེ་ཡིས།།
ཤ་ཟ་བཀའ་བརྒྱུད་གྲལ་ནས་ཕུད་དོ་གསུངས།།
བཀའ་བརྒྱུད་གོང་མའི་བཀའ་གསུང་དང་འགལ་བའི།།
འཚེ་བ་ཆོས་སུ་སྨྲ་བའི་སྟོན་པ་ཁྱོད།།
ལོག་བཤད་དུག་གི་ཁ་རླངས་གཏོང་ཆེ་ན།།
བེར་ནག་ཅན་གྱིས་ཧུར་ཐུམ་བྱེད་ཉེན་ཡོད།།
ནང་བསྟན་རྨང་གཞི་མུ་སྟེགས་ཆོས་ཡིན་ཟེར།།
གསོ་རིག་རྒྱུད་བཞི་བོན་པོའི་གཞུང་ཡིན་ཟེར།།
གཡུ་ཐོག་རྙིང་མ་ཟེར་བ་མེད་དོ་ཟེར།།
རྣམ་ཐར་བཀའ་རྒྱ་མ་དེ་རྫུན་ཡིན་ཟེར།།
བོད་ཀྱི་རིག་པ་སྤྱི་བཤད་ཅེས་པ་རུ།།
ལོ་རྒྱུས་འཁྱོག་བཤད་ལོག་བཤད་མང་ཙམ་འདུག།
དེ་དག་ཐམས་ཅད་བྲི་ཚོད་ཡོད་པ་མིན།།
གཟུར་གནས་མཁས་པས་ཐེར་འདོན་བྱེད་པར་ངེས།།
ཞེས་པ་འདིའང་ཁམས་ནང་ཆེན་ཡུལ་གྱི་གྲྭ་རྐྱང་འཁྱམ་པོ་འགྲོ་མགོན་བཀའ་བརྒྱུད་པའི་གྲལ་མཐར་འཚང་བ་ལྷ་དབང་དེས་སྤྱི་ལོ་༢༠༡༥ ལོའི་ཟླ་དང་པོའི་ཚེས་༧ ཉིན་སྤྲེངས།། །།
དེང་སང་ནང་ཆེན་ལུང་པ་ལ་མྱི་སྐད་བཤད་མཁན་རེ་གཉིས་དོན་ཡོང་འདུག་པས་དགའ་འོས། ཡིན་ན་ཡང་། ནང་དོན་དངོས་ལ་ལན་འདེབས་པ་ནི་ཨ་མའི་བུ་རེད། ཟུར་ཟ་དང་འཛིག་བསྐུར་གྱི་ངན་ཚིག་མང་པོ་ཐོན་འདུག་པས་རྩོམ་ཡིག་དངོས་ཀྱི་རིན་ཐང་ཉམས་ཉེས་སུ་བཏང་འདུག
དགག་ལན་ལ་དྲོ་བ་ཡོད་པ་ཞིག་ཏུ་མ་མཐོང་ལྷག་པར་དུ་ལན་རྣམས་སྦོམ་བཤད་ཙམ་ལས་རིགས་པས་དགག་ཚུལ་རྣམ་དག་ཅིག་མི་འདུག དེར་མ་ཟད་ཁྱོད་ཀྱི་ཁ་དང་ང་ཡི་སྣ། ཞེས་ཚིག་ངན་གྱི་ཕུང་པོ་ཞིག་ཏུ་མཐོང། གཞན་ཡང་དག་ཆ་ལའང་ཅི་བྲིས་འདི་བྲིས་མི་འདུག ཡུལ་སྐད་ཀྱིས་བསླད་འདུག ཐུབ་བསྟན་ཕུན་ཚོགས་ནི་དེང་དུས་ས་བསྒྲགས་གནམ་བསྒྲགས་ཀྱི་མཁས་པ་ཞིག་རེད་འདུག
་
བཀའ་དགོངས་ཕུར་གསུམ་རྙིང་མའི་ཆོས་ཀྱི་སྙིང་།།
དགོངས་འདུས་ལོག་ཆོག་གྲལ་དུ་གཡུག་པ་པོ།།
ཐུབ་ཕུན་རྒན་པོའི་བླ་ཚེ་སྲོག་གསུམ་དེ།།
མ་གཟའ་དམ་གསུམ་ཞལ་དུ་ཛྭ་ལ་རཾ།།
་
སོགས་ཟེར། ཧཧ་། ཧོ་ཧོ། མི་དེ་ཚོ་ལ། ཆོས་སྲིད་གང་ལ་ཡང་། ལས་འགན་མེད་པ་འདྲ།། །།
གྲོང་གསེབ་རྒད་པོ་རྒད་མོ་དག་གིས་ཁ་རྩོད་བྱེད་པ་ནང་བཞིན་འདུག རིན་ཐང་ཅི་ཡང་མེད་པའི་ཉོག་བཤད་རེད།
ཚིག་རྩུབ་དང་དམའ་འབེབ། སྡིག་ར་དང་ཀླན་ཀ། ཧམ་པ་དང་རྫུན། ཐེན་འཁྱེར་དང་ཕྱང་མ་ཉུག་སོགས་ནི་རྩོམ་ཡིག་འདིའི་ཁྱད་ཆོས་ངོ་མ་རེད། རིན་ཐང་མིན་འདུག
ཐུབ་བསྟན་ཕུན་ཚོགས་ལ་ཡང་ལས་འཁོར་འདུག སྔོན་མ་ལོ་རྒྱུས་པད་མ་ར་ཀའི་རྒྱན་ལྟ་བུ་ཞིག་བྲིས་ནས་རྙིང་མའི་ཕྱོགས་ལ་ཆུ་ལྟར་རྒྱུག་སོང་། དེ་ནས་རྫོགས་ཆེན་དགོན་པའི་ས་རྩོད་མི་རྩོད་ཐོག་ལ་རྒྱུག་ནས་སྤྲེལ་ལད་ཤ་སྟག་ཁྲབ་ད་ལས་ལ་ཨེ་མ་ཧོའི་རྒྱུག་པ་ཕོག་སོང་།
ཚིག་ཐོག་ཚིག་གིས་དཔྱོད་ནས་རྩོད་གླེང་རེད་མི་འདུག། འོ་ཚོད་ཙམ་དང་ཚིག་ནག་དེས་ཐུབ་ཕུན་ལ་རྒོལ་བར་མི་འགྱུར། མ་གཞི་ནི་གཏེར་ཡིག་ཞེས་པ་དེ་ཚོར་གཞི་རྩ་གང་ཙམ་ཡོད༌མེད་བཤད་ཚད་མི་ཐུབ་པ་འགའ་ཡང་ཡོད་ཚད་འདུག།
རྒན་པོ་ཐུབ་ཕུན་དགག་འདོད་ན་གཙོ་བོ་ད་ལྟའི་ང་ཚོའི་རྩིས་གཞུང་འདི་དག་ལ་སླད་ཡོད་མེད་ཁུངས་འཕེར་མིན་ལ་ཞིབ་འཇུག་བྱེད་དགོས་མོད་རྩིས་གཞུང་དང་རྩིས་ཀྱི་བྱུང་འཕེལ་ལོ་རྒྱུས་ལ་ཞིབ་འཇུག་བྱེད་ཤེས་མཁན་ཞིག་དེང་སང་ཧ་ལམ་དཀོན་ཚོད་གདའ། སྤྱིར་བཏང་རྒན་པོ་ཐུབ་ཕན་ཁོང་ཡང་ལོ་རྒས་ཀྱིན་རྒས་ཀྱིན་ཨུ་ཚུགས་ཇེ་ཆེ་དང་བཀའ་བཀྱོན་ཇེ་མང་རེད། རང་སྐྱོན་ལ་ངོས་ལེན་བྱེད་པའི་བསམ་བློ་མེད་མཁན་གཡག་འདྲ་བོ་ཞིག་ཆགས་འདུག ད་གང་དྲག ཁྱད་མཚར་རེད
མཁས་རྩོད་མ་རེད་འབྲན་རྩོད་རེད་།
འབྲན་རྩོད་མ་རེད་ནང་རྩོད་རེད་།
ནང་རྩོད་མ་རེད་ཆེ་རྩོད་་རེད་།
བླུན་པོའི་ཚིག་གི་མཚོན་ཞིག་འདི་ན་འདུག།
དྲེད་མོ་ངན་པའི་གཏམ་ཞིག་འདི་ན་འདུག།
ཞ་ནེའི་འབུགས་ཀྱི་རྩེ་ཞིག་འདི་ན་འདུག།
འདུག་པ་གསུམ་གྱི་རྒོལ་ངན་བློ་མུན་ཅན།
བྲིས་བ་མི་བཟང་གི
དགོངས་འདུས་སྐར་མཛོད་ཞེས་པ་གང་ནས་ཐོབ་Share ངེས་པར་དུ་གནང་རོགས་ཞུ། བཀའ་དྲིན་ཆེ།