ཡེ་ཤེས།
ཨ་རིའི་རྩོམ་པ་པོ་སཱོ་ལོ་ལགས་ཀྱི་བརྩམས་ཆོས་མཚེའུ་ཝར་ཏིན་ཞེས་པ་རུ། ཐོ་རངས་སྐབས་ནི་ཇི་འདྲའི་དུས་སྐབས་ཁྱད་པར་བ་ཞིག་ཡིན་པ་བརྗོད་ཡོད་དེ། ཁོང་གིས་སྟོན་པ་ཤཱཀྱ་ཐུབ་པ་ཐོ་རངས་སྐབས་སུ་སངས་རྒྱས་པ་རེད་ལ། རང་ཉིད་ཀྱང་ཐོ་རངས་སུ་མཚེའུ་ཝར་ཏིན་འགྲམ་དུ་གཅིག་པུར་བསྡད་དེ། ལྷིང་འཇགས་ཀྱི་ངང་ནས་མཚེའུ་དང་རྒྱང་རིང་གི་མཚམས་སྤྲིན་ལ་མྱོང་སྐབས། འཇིག་རྟེན་དང་མི་ཚེ་ཡི་ཆོས་ཉིད་མང་པོ་གསལ་ལེར་སེམས་སུ་ཤར་ཐུབ་པའི་ཚོར་སྣང་ཞིག་འདུག་ཅེས་གསུངས་འདུག
སཱོ་ལོ་ལགས་ཀྱི་གསུང་དེར་བལྟས་པ་ནས་བཟུང་། བདག་གི་སེམས་སུ་ཐོ་རངས་སྐབས་དེ་ཅིས་ཀྱང་དོན་མེད་དུ་མ་ཤོར་བ་བྱ་དགོས་སྙམ་ཡང་། ལོ་ཟླ་དུ་མ་དེ་ལྟར་དོན་མེད་དུ་ཟད་སོང་བ་ལས་འཆར་གཞི་འདི་ཙམ་ཡང་ལག་བསྟར་བྱ་མ་ཐུབ།
གུང་གསེང་སྐབས་སུ་རང་ཡུལ་དུ་ལོག་ཐེངས་རེར། ཞོགས་པ་སྔ་མོ་ནས་ཡར་ལངས་ཏེ་དགོན་པར་ཕྱི་བསྐོར་དུ་འགྲོ་བའི་གོམས་སྲོལ་ཞིག་ཡོད་ནའང་།དེ་དུས་རྒྱུན་པར་ཉི་མ་རི་རྩེར་བརྒྱབ་ཡོད་པ་མ་ཟད་མཐའ་འཁོར་ན་མིའང་མང་པོ་ཡོད་པས།ཐོ་རངས་སྐབས་ཀྱི་ལྷིང་འཇགས་དང་ལྷིང་འཇགས་ཀྱིས་བསྩལ་བའི་ཚོར་བ་ཁྱད་པར་ཅན་དེ་མྱོང་མ་ཐུབ།
ད་རེས་ཕ་ཡུལ་དུ་ཉིན་དུ་མར་བསྡད་པའི་རིང་། གྲོང་ཁྱེར་ནས་རྒྱ་མི་མང་པོ་མཚོ་སྔོན་པོའི་ཁ་རུ་ཡོང་ཞིང་། ཁོ་ཚོས་མཚོ་རྒན་མ་མཐོང་དུས་མིག་ལ་མཆི་མ་འཁོར་བཞིན་ཁ་ནས་སྙན་ངག་འཐེན་པ་དང་། མཐོ་སྒང་ནས་མཚན་མོའི་སྐར་མ་དང་ཞོགས་པའི་ཉི་མ་ལ་བལྟ་རྒྱུར། ཁོ་ཚོར་ཞོག་ལངས་བཞིན་ཡོང་ཚུལ་དེས་བདག་ལ་དྲན་སྐུལ་ཅི་ཞིག་བཏང་སོང་བས། དེ་རིང་ཞོགས་པར་བདག་ཀྱང་ཆུ་ཚོད་ལྔ་ཙམ་ནས་མལ་ནས་ལངས་ཏེ་ཕྱི་རོལ་དུ་ཆས་དུས། ང་ལ་དངོས་གནས་རང་ཉིད་ཀྱིས་ད་བར་དུ་ཐོ་རངས་སྐབས་ཀྱི་དུས་ཚོད་དེ་ཆུད་ཟོས་སུ་བཏང་བ་ནི་ཇི་འདྲའི་ཡིད་ཕངས་པའི་དོན་ཞིག་ཡིན་པའི་ཚོར་སྣང་སྐྱེས་སོང་།
བདག་གི་ཁྱིམ་ནི་མཚོ་སྔོན་པོའི་འགྲམ་གྱི་དགོན་པ་ཞིག་གི་མཐའ་རུ་ཡོད་ཅིང་། སྒོ་ཁ་ནས་ཕར་ལ་ཅུང་ཙམ་སོང་ཚེ་མཚོ་སྔོན་པོ་སྔོ་ལྟེམ་མེར་འཁྱིལ་ཡོད་པ་མཐོང་ཐུབ།
ཞོགས་པར་རང་ཁྱིམ་གྱི་སྒོ་ཁ་རུ་བུད་དུས། ག་ས་གང་ནི་སྟོང་འཇགས་སེར་གནས་ཤིང་། སྒོ་ཁའི་ཕྱུགས་ཟོག་ཀྱང་གཉིད་ལ་ཤོར་ཡོད་པ་དང་འདྲ་བར། འཇམ་ཇག་གེར་ཉལ་ལེབ་བྱས་འདུག་ནའང་། ཟླ་འོད་འོག་ནས་ང་དང་ཐག་མི་རིང་བའི་རྩྭ་ཐང་དུ་འབྲོག་ཁྱི་ཞིག་གིས་ས་ལ་སྣོམ་སྣོམ་བྱེད་ཞོར་ཡར་མར་རྒྱུགས་བཞིན་པ་མཐོང་།
མདུན་ཕྱོགས་ཀྱི་རི་བོ་ནི་བརྟན་བརླིང་གི་རྒད་པོ་ཞིག་དང་མཚུངས་པར་ཧ་ཅང་ལྷུན་ཆགས་སུ་གནས་ལ། ལྷུང་ལྷུང་དུ་འབབ་པའི་གཙང་བོའི་སྒྲ་ནི་སྟོང་འཇགས་ཀྱི་ཞོགས་པ་འདིར་དེ་འདྲའི་སྙན་ཞིང་འཇེབས་པ་ཞིག་རེད།
རྒྱབ་ཕྱོགས་ཀྱི་རི་ངོས་སུ་འགོས་ཏེ་མར་ལ་ལྟ་དུས། སྔོ་ལྟེམ་མེར་འཁྱིལ་ཡོད་པའི་མཚོ་རྒན་མའི་ཞི་འཇགས་དང་རྒྱ་ཡངས་ཀྱིས་རང་སེམས་ལ་བརྗོད་མི་ཤེས་པའི་ཚོར་བ་ཞིག་སྦྱིན་པར་བྱེད་ལ། སྐབས་སྐབས་སུ་ཁེར་རྐྱང་དང་ལྷིང་འཇགས་ཀྱི་ཁྲོད་ནས་སྟོབས་ཤུགས་དང་སྤོབས་པས་ཁེངས་པའི་རླབས་སྒྲ་མཆེད་འོང་དུས། མིག་ལམ་དུ་རང་དབང་མེད་པར་རང་ཉིད་ཆེས་དགའ་སའི་མི་བུ་ཞིག་གི་སྣང་བརྙན་འཆར་འོང་།
བདག་གི་ཁྱིམ་དང་ཐག་མི་རིང་བའི་མཚོ་ཁ་དེ་རུ། མཚན་ལ་ཁ་བ་སྙིང་ལྕགས་ཟེར་བའི་ལོ་གཞོན་རྩོམ་པ་པོ་ཞིག་གིས་རང་སྲོག་བློས་བཏང་པ་རེད་ལ།ཡང་སྔོན་ཆད་གནས་དེར་སྙན་ངག་པ་ཡི་དམ་ཚེ་རིང་གིས་མཚོ་རྒན་མ་མཐོང་དུས། བྱིས་པ་ཞིག་དང་འདྲ་བར་སྐད་ཆེན་པོས་ངུས་པ་རེད་ཟེར། མཚོ་ཁ་འདིར་རྒྱང་ལྟ་ཐེངས་གཅིག་མཛད་དུས། ཡིད་སེམས་སུ་རང་དབང་མེད་པར་ཁོང་ཚོའི་སྣང་བརྙན་དང་ཡིག་འབྲུ་དག་འཆར་འོང་ལ། ཡང་བསྐྱར་སེམས་པ་ཞིབ་མོས་སྐད་ཆ་ཅིའང་མེད་པར་བབ་བརླིང་དང་དྭངས་གཙང་། ཧ་ཅང་ཞི་འཇགས་ཀྱི་ངང་ནས་གནས་པའི་མཚོ་ངོས་སུ་ཐེངས་གཅིག་ལྟ་དུས། མ་གཞི་ཁོང་ཚོ་རང་ཉིད་མཚོ་རྒན་མ་འདི་ཡིན་པ་རྟོགས་ཡོང་།
ཅུང་རྒྱང་ཐག་རིང་བའི་ནམ་མཁའ་རུ་ངང་བ་ཁྱུ་ཞིག་སྟར་ཀ་བསྒྲིགས་ཏེ་ཤར་ཕྱོགས་སུ་འཕུར་བཞིན་འདུག་ཅིང་། སྐབས་འདིར་ད་དུང་ནམ་ཡོངས་སུ་གསལ་མེད་པས། སྟོང་འཇགས་ཀྱི་མཁའ་དབྱིངས་སུ་ངང་བ་དག་ནག་ཐིག་དུ་མ་རུ་གྲུབ་སྟེ་འགུལ་ཙམ་འགུལ་ཙམ་བྱེད།
གོམ་པ་བརྒྱབ་སྟེ་མཚོ་ཁར་ཕྱིན་དུས། ནམ་ཡང་ཇེ་གསལ་ནས་ཇེ་གསལ་དུ་གྱུར།
རྒྱང་རིང་གི་གནམ་ས་འབྲེལ་མཚམས་སུ་ཉི་མ་འཆར་བའི་སྔ་ལྟས་ཀྱི་མཚམས་སྤྲིན་དམར་པོ་ཞིག་འཆར་བྱུང་ལ། ཡུད་ཙམ་ནས་སྤྲིན་དམར་གྱིས་ཐག་རིང་གི་ནམ་མཐའ་ཡོངས་ཁྱབ་པར་བྱས་སོང་། མཚམས་སྤྲིན་དམར་པོ་དེ་ནི་སྟོབས་དང་ལང་ཚོས་ཕྱུག་པའི་ན་གཞོན་ཞིག་དང་མི་མཚུངས་པར། ཤེས་རབ་དང་བློ་གྲོས་ཀྱིས་ཕྱུག་ཅིང་འཚོ་བའི་ཉམས་མྱོང་དང་ལྡན་པ།མི་ཚེའི་བདེན་ལུགས་དུ་མ་ཁོང་དུ་ཆུད་པ་ལས་ཞལ་ལ་བག་ལྷོད་དང་ཞི་འཇགས་ཀྱི་འཛུམ་གྱིས་ཁེངས་ཡོད་པའི་རྒད་པོ་ཞིག་དང་མཚུངས་པར་དེ་འདྲའི་བག་ཕེབས་ཤིག་དང་རང་བྱུང་ཞིག ལྷོད་འཇགས་ཤིག་ཡིན་པས། དེ་ནི་ང་རང་འཚོས་ཡོད་པའི་དུས་རབས་འདི་དང་ཁོར་ཡུག་འདིའི་ཁྲོད་ཀྱི་མི་རྣམས་ཀྱི་ངང་ཚུལ་དང་ཇི་འདྲའི་ལྡོག་པ་ཞིག་ཡིན་པའི་ཉམས་སྣང་སྐྱེས་སོང་།
སེམས་པ་ལྷོད་ལ་བབས་ཏེ་མཚོ་ངོས་སུ་ཐེངས་གཅིག་ལྟ་བའམ་མཚོ་རྦབས་ལ་ཐེངས་གཅིག་ཉན་པ་ཙམ་གྱིས། ང་རང་དངོས་གནས་རང་ཉིད་ཀྱི་ཨ་གསར་ཆེ་བའི་གཤིས་ཀ་དེར་ཁ་སྐྱེངས་དགོས་པ་ཞིག་བྱུང་འགྲོ།
ལུས་པོ་མར་ལ་སྒུར་ཏེ་ལག་པ་ཡ་གཅིག་མཚོ་ནང་དུ་བསྲིངས་དུས།འཇམ་ཞིང་དྲོད་པའི་ཚོར་བ་ཞིག་གིས་ལུས་ཡོངས་ཁྱབ་པར་བྱས་སོང་ཞིང་། གློ་བུར་མཚོ་མོའི་གཏིང་རིམ་གང་ཞིག་ལས་སྒྲ་སྙན་མོ་ཞིག་གྲག་འོང་བ་ཐོས། དེ་ནི་རྣམ་ཤེས་ལ་འབོད་བརྡ་གཏོང་བའི་དྲིལ་བུའི་སྒྲ་དེ་རེད། དེ་སྔོན་ལྷ་སའི་དགོན་པ་དག་ལ་མཇལ་སྐོར་དུ་འགྲོ་དུས་རྣ་ལམ་དུ་གཏིང་རིམ་གང་ཞིག་ལས་མཆེད་པའི་དྲིལ་བུའི་སྒྲ་དེ་ཐོས་པ་དྲན་གྱི་འདུག་ལ། སྒྲ་དེ་ནི་ཕྲ་ཞིང་རིང་བ་དང་སྙན་ཞིང་འཇེབས་པ་ཞིག་ཡིན་པ་མ་ཟད། ཐོག་མར་སྒྲ་དིང་སིང་སེར་གྲགས་པ་ནས་བར་དུ་དང་ལྷོད་ལྡན་པ།མཇུག་ཏུ་རིམ་གྱིས་ཇེ་གཉོམ་དུ་གྱུར་བ་ནས་ཡལ་བ་ཞིག་ཡིན་པའང་དྲན་གྱི་འདུག་པས། དྲིལ་བུའི་སྒྲ་དེ་བདག་ལ་རྒྱུས་མངའ་ཆེ་བ་ཞིག་ཡིན། རླུང་གི་རྒྱུ་བ་དང་བསྟུན་ནས་སྐབས་སྐབས་སུ་དིང་སང་སང་དུ་གྲག་བཞིན་པ་ནི་གཉིད་དུ་ཡུར་བའི་མི་རྣམས་ལ་འབོད་བརྡ་གཏོང་བ་དང་ཡོངས་སུ་མཚུངས།
ལུས་པོ་མཚོ་ཁར་འགྲེང་སྟེ་ཡུན་རིང་དྲིལ་བུའི་སྒྲ་དེ་ལ་ཉན་དུས། མཚོ་ངོས་སུ་གསལ་ལ་མི་གསལ་བའི་རང་ཉིད་གཞན་ཞིག་མཐོང་མགོ་བརྩམས་བྱུང་། དེ་ནི་དེ་འདྲའི་རང་བྱུང་ཞིག་དང་བབ་ཆགས་ཤིག་རེད་ལ། རང་གི་མ་ཡིན་པའི་ཁ་དོག་དང་མིང་བྱང་གང་ཡང་མེད་པར་དེ་འདྲའི་གདོད་མ་གདོད་མ་ཞིག་རེད་ཨང་།
སྔོན་ཆད་རི་མགོ་དང་ཆུ་ཁ་སོགས་སུ་རང་ཉིད་གཅིག་པུ་སྡོད་དུས། ད་གཟོད་དེ་འདྲའི་རང་ཉིད་ཅིག་གསལ་ལ་མི་གསལ་བའི་ངང་ནས་མཐོང་ཐུབ་ལ།དེ་འདྲའི་སྐབས་སུ་རྩོལ་བ་གང་ཡང་རྒྱག་མི་དགོས་པར་བདག་འཛིན་ཀྱི་བློ་དེའང་བག་ལ་ཞ་བ་ཞིག་ཏུ་གྱུར་འགྲོ་བ་དྲན་གྱི་འདུག