སློང་མོ་བས་བྲིས།
བརྩམས་ཆོས་དང་རྩོམ་པ་པོའི་ལོ་རྒྱུས་སྙིང་བསྡུས།
དེ་ཡང་རྒྱ་ནག་གི་རྩོམ་པ་པོའི་ཁྲོད་དུ་བརྩམས་སྒྲུང་འདིའི་རྩོམ་པ་པོ་སུ་ཡིན་མིན་གྱི་སྐོར་ལ་བཤད་སྲོལ་མི་མཐུན་པ་དུ་མ་ཞིག་འདུག ལྷག་པར་དུ་མང་པོ་ཞིག་གིས་བརྩམས་སྒྲུང་འདི་ལ་རྩོམ་པ་པོ་གཉིས་ཡོད་རབས་བཤད། གང་ལྟར་བརྩམས་སྒྲུང་འདི་ནི་ཆིང་རྒྱལ་རབས་སྐབས་སུ་ཚའོ་ཤེང་ཆིན་(曹雪芹)གྱིས་ཐོག་མར་ལག་འབྲི་བགྱིས་ནས་ལེའུ་བརྒྱད་བཅུ་བརྩམས་ཤིང་ཕྱིས་སུ་གཱིང་ཨུར་(高鹗) དང་ཁྲིན་ཝེ་ཡོན་(程伟元) གཉིས་ཀྱིས་ལེའུ་བཞི་བཅུ་ཁ་སྣོན་ལྟར་བྱས་ཏེ་ཁྱོན་བསྡོམས་ལེའུ་བརྒྱ་དང་ཉི་ཤུ་ཡིག་འབྲུ་བསྒྲིགས་ཏེ་དཔར་དུ་བཏབ་ནས་ལེགས་པར་འགྲེམས་སྤེལ་བྱས། ཡིན་ནའང་། གདོད་མའི་རྩོམ་པ་པོ་ལུའུ་ཞུན་(鲁迅)སོགས་ཀྱིས་བརྩམས་སྒྲུང་འདིའི་རྩོམ་པ་པོ་ནི་ཚའོ་ཤེང་ཆིན་ཡིན་པ་ལས་གཱིང་ཨུར་ཞེས་པའི་རྩོམ་པ་པོ་ཞིག་བྱུང་མེད་པར་བཤད་ཅིང་དེ་བཞིན་དུ་དེང་རབས་རྩོམ་པ་པོ་མང་དག་ཅིག་གིས་བརྩམས་སྒྲུང་ཧྲིལ་བོ་གཱིང་ཨུར་གྱིས་མཛད་པར་བཤད་དེ་ཉེ་ཆར་བརྩམས་སྒྲུང་འདིའི་རྩོམ་པ་པོ་སྐོར་ལ་ཉམས་ཞིབ་བྱེད་མཁན་གྱི་སྨྱུག་ཐོགས་པ་རྣམས་ཀྱི་བློ་ངོར་དོགས་སློང་ཞིག་ངང་གིས་སྐྱེ་དགོས་པ་ཞིག་བྱས་འདུག་སྟེ་སྐབས་འདིར་བདག་གིས་ནི་དེ་ཙམ་གལ་ཆེན་མ་མཐོང་པས་རྒྱས་པར་མི་བཤད།
ཐོག་མར་བརྩམས་སྒྲུང་འདིའི་དངོས་མིང་ལ་༼རྡོའི་ཟིན་ཐོ༽ཟེར་ཞིང་ཕྱིས་སུ་དེབ་ཡོངས་ལེགས་པར་ཕྱོགས་བསྒྲིགས་བྱེད་དུས་༼ཐོག་ཁང་དམར་པོའི་རྨི་ལམ༽་ཞེས་བསྒྱུར། བརྩམས་སྒྲུང་འདི་ནི་ཀྲུང་གོའི་རིག་གནས་ཀྱི་དེབ་གཙོ་གྲས་ཆེན་པོ་བཞི་ཡོད་པའི་ནང་གི་ཕུལ་བྱུང་གཅིག་ཡིན་པ་དང་དེའི་ནང་སྲིད་ཀྱི་ལམ་ལུགས་དང་། བཟའ་བཏུང་གྱོན་ཆས། ཆོས་ལུགས་དད་མོས། ཡུལ་སྲོལ་གོམས་གཤིས་སོགས་རྣམ་པ་སྣ་ཚོགས་འཛོམས་པས་དེ་ནི་རྒྱ་ནག་གི་གནའ་བོའི་རིག་གནས་ཀྱི་བང་མཛོད་ལྟ་བུ་ཞིག་ཡིན།
བརྩམས་སྒྲུང་གི་བསྟན་དོན་གཙོ་བོའམ་བསམ་བློའི་ཁ་ཕྱོགས།
༡༽བརྩམས་སྒྲུང་འདི་ནི་མི་སྣ་དང་དོན་དངོས་ཀྱི་བར་ལ་བསྡུམ་དུ་མེད་པའི་འགལ་བ་བྱུང་བས་ཡ་ང་བའི་མཇུག་འབྲས་བྱུང་ཚུལ་རྩ་བའི་ཁྱད་ཆོས་སུ་བྱས་པའི་སྐྱོ་གར་ཞིག་ཡིན། བཀས་བཀོད་རྒྱུད་འཛིན་ནམ་སྲོལ་རྙིང་གི་དྲ་བར་ཚུད་པའི་སྐུ་དྲག་གི་ཁྱིམ་རྒྱུད་ཆེན་པོ་ཁག་གི་བྱུང་འཕེལ་རྒུད་གསུམ་ཕྲ་ཞིང་ཞིབ་པར་བྲིས་ཏེ་མི་ཐོག་གསུམ་གྱི་འཚོ་བ་སྐྱོ་བའི་ཡོལ་བས་ཡོངས་སུ་བསྒྲིབས་པ་ལས་བདེ་སྐྱིད་ཀྱི་ཉི་འོད་ཐིགས་པ་ཙམ་ཡང་ཟགས་མེད་པར་མཚོན་ཐུབ་བྱས་ཡོད་པ་མ་ཟད། རྩོམ་པ་པོས་སྙིང་སྟོབས་ཆེན་པོ་བསྐྱེད་དེ་སྐབས་དེའི་བཀས་བཀོད་རྒྱུད་འཛིན་གྱི་སྐུ་དྲག་གི་ཁྱིམ་རྒྱུད་ཀྱི་ཁྲེལ་མེད་མི་ཆོས་བྲལ་བ་དང་མུན་ནག་རུལ་སུངས། གཡོ་ཟོལ་དང་མགོ་སྐོར། འདོད་རྔམ་དང་ནག་ཉེས་བཅས་ཀྱི་བྱ་སྤྱོད་སོགས་དཔྱིས་ཕྱིན་ཅིང་གཏིང་ཟབ་པའི་ལམ་ནས་མངོན་སུམ་དམར་རྗེན་དུ་བཏོན་ཡོད་པ་དང་། བཀས་བཀོད་རྒྱུད་འཛིན་གྱི་ལམ་ལུགས་ལ་ཁ་རྡུང་དྲག་པོ་བཏང་པ་མ་ཟད་སྲོལ་རྒྱུན་དང་ལྟ་རྙིང་ལ་ཡང་ཤུགས་སུ་ངོ་རྒོལ་ཆེན་པོ་བྱེད་འདུག་སྙམ། དོན་དངོས་སུ་བརྩམས་སྒྲུང་འདིས་བཀས་བཀོད་རྒྱུད་འཛིན་གྱི་སྐུ་དྲག་གི་ཁྱིམ་རྒྱུད་ལ་ཤི་མཚམས་སླེབས་པའི་སྔོན་བརྡ་བཏང་པ་ཞིག་ཡིན་ཡང་ཤུགས་སུ་སྐབས་དེའི་རྒྱ་ནག་གི་སྤྱི་ཚོགས་ཧྲིལ་བོའི་ཁ་གཏད་དུ་ལངས་ཏེ་ངོ་རྒོལ་བྱས་ཡོད།
༢༽བརྩམས་སྒྲུང་འདི་གསར་རྩོམ་བྱེད་པའི་བརྒྱུད་རིམ་ཁྲོད་རྩོམ་པ་པོ་ཚའོ་ཤེང་ཆིན་གྱིས་དུས་རབས་ཀྱི་རྒྱབ་ལྗོངས་དང་མི་སྣའི་མྱོང་ཚོར། བསམ་པའི་འཆར་སྣང་། མི་སྣའི་ཁ་བརྡ་སོགས་བྲིས་པར་མ་ཟད། ད་དུང་སྒྲ་མཚུངས་པའི་ཡི་གེ་བཀོལ་ནས་མི་སྣ་ལ་མིང་འདོགས་པ་སོགས་ཀྱི་ཐབས་ལ་བརྟེན་ནས་མི་སྣའི་ལས་དབང་ཞིབ་འབྲི་བྱས་ཡོད། ལྷག་པར་དུ་བརྩམས་སྒྲུང་འདིའི་ནང་དུ་ཁྱིམ་ཚང་ཆེན་པོ་བཞི་སྟེ་ཅཱ་ཚང་(贾)དང་། ཝང་ཚང་།(王)ཤོའེ་ཚང་།(薛)ཧྲི་ཚང་།(史)བཅས་ཀྱི་དར་རྒུད་མངོན་པར་མཚོན་ནས་བཀས་བཀོད་རྒྱུད་འཛིན་གྱི་ལམ་ལུགས་ཉམས་ཆགས་སུ་འགྲོ་བཞིན་པའི་ཆེས་མཐའ་མཇུག་གི་སྤྱི་ཚོགས་ཀྱི་རང་བཞིན་ངོ་མ་ཕྱིར་བཏོན་པ་དེ་བརྩམས་སྒྲུང་གི་རྒྱབ་ལྗོངས་བྱས་ཤིང་ཅཱ་པོ་ཡུས་(贾宝玉)དང་། ལིན་ཏེ་ཡུས་(林黛玉)ཞུའེ་པོ་ཁྲེ་(薛宝钗)བཅས་བར་གྱི་བརྩེ་དུང་དང་གཉེན་སྒྲིག་གི་སྐྱོ་གར་དེ་བརྩམས་སྒྲུང་འདིའི་བསྟན་དོན་གཙོ་བོར་བཟུང་སྟེ་གཡོག་པོ་དང་གཡོག་མོའི་བར་གྱི་གཉེན་སྒྲིག་དང་། ཕ་དང་བུའི་བར་གྱི་འགལ་ཟླ། གཅེན་གཅུང་བར་གྱི་ཁེ་ཕན་འཐབ་རྩོད། ཆེན་ཆུན་བར་གྱི་གཡོ་སྒྱུ། རིག་གནས་དང་སློབ་གསོ། ཀུན་སྤྱོད་དང་དཔལ་འབྱོར། ཆབ་སྲིད་ཀྱི་མུན་ནག དཔོན་རིགས་ཀྱི་རུལ་སུངས་སོགས་ཀྱི་ཐད་ལ་སྣེ་མང་རྙོག་འཛིང་གི་མིའི་ཚུལ་ལུགས་སམ་འཇིག་རྟེན་མི་ཆོས་དང་འབྲེལ་བའི་བྱ་བ་མཐའ་དག་ཞིབ་ཅིང་རྒྱས་པར་བྲིས་ཏེ་སྐབས་དེའི་རྒྱ་ནག་གི་སྤྱི་ཚོགས་དང་སྲིད་གཞུང་། མི་དམངས་ཀྱི་འཚོ་བ་དང་བསམ་བློ། ཐོབ་ཐང་དང་འདྲ་མཉམ། རང་དབང་དང་ལས་དབང་དག་ནི་ཉམ་ཐག་པ། འཇིགས་སུ་རུང་བ། ཡ་ང་བ་ཞིག་ཡིན་པར་བརྩམས་ཆོས་ནང་གི་བཀས་བཀོད་རྒྱུད་འཛིན་གྱི་ཁྱིམ་ཚང་ཆེན་པོ་བཞི་ཡིས་སྤྱི་ཚོགས་ཏེ་མི་སྣའི་འཚོ་བས་རྒྱ་མི་རིགས་ཀྱི་འཚོ་བ་མཚོན་པར་བྱས་ཏེ་བྲིས་ཡོད།
༣༽འདི་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལོ་རྒྱུས་ཁྲོད་ཤུགས་རྐྱེན་ཆེས་ཆེར་ཐེབས་པའི་དངོས་ཡོད་རིང་ལུགས་ལ་ངོ་རྒོལ་བྱས་པའི་བརྩམས་སྒྲུང་ཞིག་ཡིན་པ་དང་། རྩོམ་པ་པོས་ཚིག་ཉུང་ཡང་བརྡ་སྤྲོད་ཀྱི་འགྲོས་གསལ་བ་དང་། དོན་གནད་ལ་ཁེལ་ཞིང་བློ་ལ་ཇི་བཞིན་འཆར་སླ་བ། སྙན་ཚིག་དང་གླུ་དབྱངས། བཅད་ལྷུག་སྤེལ་མའི་འབྲི་ཐབས་སྣ་ཚོགས་བཀོལ་སྤྱོད་བྱས་ཏེ་སྤྱི་ཚོགས་ཀྱི་འཚོ་བ་ཞིབ་འབྲི་བྱས་ཏེ་འགལ་འདུའི་ཁྲོད་དུ་ཚུད་པའི་མི་སྣ་གང་མང་ཞིག་གི་གཤིས་ཀ་དང་བསམ་བློ་སོགས་བཞེངས་བསྐྲུན་བྱས་ནས་ཀྲུང་གོ་ནི་བཀས་བཀོད་རྒྱུད་འཛིན་གྱི་ལམ་ལུགས་དང་སྲོལ་རྙིང་གི་དྲ་བ་ལས་ཁ་བྲལ་ཐུབ་མེད་པའི་མི་རིགས་ཤིག་ཡིན་པར་སུན་འབྱིན་དང་ངོ་རྒོལ། དམའ་འབེབས་དང་འཐབ་འཛིང་བྱས་ཏེ་ནམ་ཞིག་བཀས་བཀོད་རྒྱུད་འཛིན་གྱི་ལམ་ལུགས་ལ་འགྱུར་བ་ཞིག་ཐེབས་ནས་མིི་མང་གི་ཐོབ་ཐང་དང་འདྲ་མཉམ་སོགས་ལ་བཟུང་བའི་དགོས་འདུན་དང་དམངས་གཙོ་རིང་ལུགས། ཁ་ཕྱོགས་གསར་བ་ཞིག་གི་སྣེ་ལ་འཇུས་ཏེ་གསར་གཏོད་ཀྱི་སྙིང་སྟོབས་དང་མདུན་སྐྱོད་ཀྱི་སྤོབས་པ་ཞིག་བསྐྱེད་ཐུབ་པའི་རེ་བ་དང་འབོད་སྐུལ་བྱས་སོ།།
•ཟུར་བཀོད།
བརྩམས་སྒྲུང་འདི་ཡང་དག་པ་ཞིག་རྟོགས་དགོས་ན་ངེས་པར་དུ་རྒྱ་ནག་གི་སྲོལ་རྒྱུན་རིག་གནས་ལ་ཆ་རྒྱུས་ཅུང་ཙམ་ཡོད་དགོས་པར་མ་ཟད། ད་དུང་དུས་རབས་ཀྱི་རྒྱབ་ལྗོངས་དང་མི་སྣའི་རུས་མིང་གི་དོན་སྙིང་ལ་སོགས་པར་ཡང་རྒྱུས་ལོན་བྱེད་དགོས་འདུག་སྙམ།
༢༠༡༧/༠༢/༢༠
སློང་མོ་བས་བྲིས།
རྒྱུ་མཚན་མི་འདུག་
ཁྱེད་ལ་རྒྱུ་མེད་ན་་་་་ང་དང་གཞན་ལའང་རྒྱུམཚན་མེད་པ་མི་སྲིད་་་་