ཧི་མ་ལ་ཡའི་འཕྲུལ་སྨྱུག
ཕྱིས་ཀྱི་གནམ་རིག་མཁས་པ་དག་གི་འདོད་པ་ལྟར་ན། སྤྱིར་འཇིག་རྟེན་ལ་མཐའ་ཡོད་མེད་གང་ཡང་མི་སྨྲ་སྟེ། ཐོག་མཐའ་ལ་དུས་ཀྱི་བསྐལ་ཞིང༌། ཕ་མཐའ་ལ་ཡུལ་གྱིས་བསྐལ་པས། ཡོད་མེད་གང་ཡང་བློ་མི་འཇུག་པའི་ཕྱིར། ད་ལྟའི་གནམ་རིག་གི་ཤེས་ཚད་ལྟར་ན། མ་འོངས་པར་ཡང་ཐག་ཆོད་པའི་རེ་བ་མཐོང་གི་མེད། ༼ཅེས་པ་དེ་ནི། འདོད་ཚུལ་ཆེས་རྙིང་པ་ཞིག་ཡིན་པར་མངོན་ཡང༌། ཁོང་གི་བཞེད་དགོངས་ནི། (ཕྱིས་ཀྱི་གནམ་རིག་མཁས་པ་དག་གི་འདོད་པ་ལྟར་ན་)ཞེས་བཀོད་པའི་ཕྱིར་རོ།།
ཉེ་དུས་ཀྱི་ཚན་རིག་པ་དག་གི་བཞེད་པ་ནི། ནང་པ་སངས་རྒྱས་པའི་ལྟ་གྲུབ་དང་དེངས་རབ་ཀྱི་ཚན་རིག་ཤེས་བྱའི་ལང་ཚོ་ཞེས་པའི་དེབ་དེའི་ནང་དུ། འཇིག་རྟེན་གྱི་ཁམས་ཆེན་པོ་ Universe ཆགས་ཚུལ་ལ། ཚན་རིག་པ་རྣམས་ཀྱི་ཁྲོད་དུ་བསམ་ཚུལ་གཉིས་ཡོད་པ་ལས། བསམ་ཚུལ་དང་པོ་ནི། འཇིག་རྟེན་ཁམས་ཆེན་པོ་འདིའི་རྒྱུན་ཐོག་མ་མེད་པའི་དུས་ནས་ཡོད་ཅིང༌། མ་འོངས་པར་ཡང་རྒྱུན་དེ་ལྟར་གནས་པར་འདོད། ཅེས་པ་ལྟར་དེ་འདྲ་བའི་བསམ་ཚུལ་དེ་ལ་དབྱིན་སྐད་དུ་ Steady State Theory ཞེས་བརྗོད།
ཡང༌། དེབ་དེའི་ནང་དུ། བསམ་ཚུལ་གཉིས་པ་ནི། ལོ་ 20 Billion འམ་བཅུ་བཞི་སྐོར་གྱི་སྔོན་དུ། ད་ལྟ་རང་རེའི་འཇིག་རྟེན་གྱི་ཁམས་འདི་གང་དུ་ཆགས་པའི་མཁའ་དབྱིངས་ཀྱི་གོ་ས་འདིར། ནུས་ཤུགས་ཐམས་ཅད་གཅིག་ཏུ་བསྒྲིལ་བའི་ནུས་པའི་གོང་བུ་དེ་ཉིད་ཀྱི་ཚ་དྲོད་ཁད་ཀྱིས་འགྲིབ་སྟེ། རྐང་རྩེ་པོ་ལེའི་བོང་ཚོད་ཙམ་དུ་འཕེལ་བ་དང་སྐར་ཆ་གཅིག་ནང་གློ་བུར་དུ་རྒྱ་བསྐྱེད་སོང་སྟེ། སྟོང་སང་མཁའ་དབྱིངས་གྲུབ་པ་དང་མཉམ་དུ། དེའི་ནང་ནུས་རླབས་གྲམ་འཐོར་གང་སར་ཁྱབ་བརྡལ་གྱུར་པ་ལས། ནུས་པ་རྣམས་རིམ་པས་ཆ་རྡུལ་ཤིན་ཏུ་ཕྲ་མོར་གྱུར་པ་དང༌། དེ་དག་འདུས་པ་ལས་ཨ་ཊོམ་གྱི་རྡུལ་ཕྲན་གྲུབ་ཐོན་བྱུང་ལ། དེ་ནས་རིམ་བཞིན་ཨ་ཊོམ་གྱི་རྡུལ་ཕྲན་རྣམས་འདུས་པ་ལས། སྐར་མ་དུང་ཕྱུར་འདུས་པའི་སྐར་འདུས་ཀྱི་འཇིག་རྟེན་ Galaxies ཞེས་ད་ལྟ་མཁའ་དབྱིངས་གང་སར་ས་ཡ་བརྒལ་བ་མཚན་རིག་པས་རྙེད་པ་དེ་དག་གྲུབ་ཚུལ་བརྗོད་ལ། བསམ་ཚུལ་འདི་ལ་དབྱིན་སྐད་དུ་ Big Bang ཞེས་མིང་བརྗོད་བྱེད། ཅེས་དང༌།
མཐའ་མར་འཇིག་ཚུལ་གྱི་སྐོར་ལ་དེབ་དེ་ཉིད་ལས། བསམ་ཚུལ་དང་པོ་ལྟར་ན། ད་ལྟ་རང་རེའི་འཇིག་རྟེན་གྱི་ཁམས་ཆེན་པོ་འདིའི་ནང་ཡོད་པའི་སྐར་འདུས་འཇིག་རྟེན་གྱི་ཁམས་ Galaxy རེ་རེ་བ་དང༌། དེ་རེ་རེའི་ནང་ནུ་ཡོད་པའི་གཟའ་སྐར་གྱི་བཀོད་པ་དཔག་ཏུ་མེད་པ་འདི་དག་ཁ་འཐོར་དུ་འགྲོ་བཞིན་པ་ལྟར། མཐར་རྡུལ་རྫས་ཐམས་ཅད་ཁ་འཐོར་དུ་སོང་སྟེ། ནུས་པ་དང་འོད་ཐམས་ཅད་ནུབ་སྟེ། མུན་ནག་ཏུ་སོང་བའི་སྒོ་ནས་འཇིག་པར་འགྱུར་ཚུལ་བརྗོད།
བསམ་ཚུལ་གཉིས་ལྟར་ན། ད་ལྟ་འཇིག་རྟེན་ཁམས་འདིའི་ནང་གི་གཟའ་སྐར་གྱི་བཀོད་པ་རྣམས་ཁད་ཇི་འཐོར་དུ་འགྲོ་བཞིན་པ་ཡིན་ཡང༌། རིམ་པས་ཁྱད་ཇི་འཐོར་དུ་འགྲོ་བའི་ནུས་པ་ཇི་ཆུང་དུ་སོང་སྟེ། སླར་ཡང་ས་ཡི་འཐེན་ཤུགས་ཀྱིས་ནམ་ཞིག་ཚུར་འདུས་ཏེ། ཐམས་ཅད་གོང་བུ་གཅིག་ཏུ་བསྒྲིལ་བ་གློ་བུར་འབར་གས་སུ་སོང་སྟེ། འཇིག་པར་འགྱུར་བའི་ཚོད་དཔག་བྱེད་ཀྱིན་ཡོད། ཅེས་སོ།།༽
བརྗོད་བྱ་རྗོད་བྱེད་གཉིས་ཀའི་ཐད་ནས་ལེགས་པ་འདུག ང་བོད་དུ་ཡོད་སྐབས་མངོན་པའི་བསྟན་བཅོས་ན། འཇིག་རྟེན་ཆགས་པ་དང་། གནས་པ་དང་། འཇིག་པ་དང་། སྟོང་སངས་གནས་པ་འདི་དག་དུས་ཚོད་མཉམ་པ་་ཡིན་ཞེས་བཀླགས་པ་དྲན། དེ་བཞིན་དུ་རྗེ་དགེ་འདུན་གྲུབ་ཀྱིས་ཚད་མ་རིགས་རྒྱན་ན། གྲངས་ཅན་པའི་སྤྱི་གཙོ་བོ་ཡོད་པའི་སྒྲུབ་བྱེད་དུ། ཁམས་གསུམ་པོ་འདི་དབྱེར་མེད་དུ་འཐིམ་པར་འགྱུར་བའི་གནས་ཡོད་པའི་ཕྱིར། ཞེས་པའི་གཙོ་བོ་དང་། ཚན་རིག་པས་བཤད་པའི་ནག་ཁུང་(black hole) གཉིས་པོ་ཆེས་འདྲ་བ་ཞིག་ཏུ་མི་སྣང་ངམ།
ཞར་དུ་ཡི་གེ་ལ་དཔྱད་ན། རབ་ ཅེས་པ་མཆོག བཟང་ ལེགས་པ་སོགས་དང་། རབས་ཞེས་པ་རིམ་པས་གཅིག་ནས་གཅིག་རྒྱད་པ་ལ་གོ་དགོས་པར་མཐོང་ངོ་།།
རྒྱད་པ་ཞེས་པ་རྒྱུད་པ་ཞེས་སོ།