ཆང་སྐྱེས།
གཡོ་སྒྱུ་ཆེ་ན་འཇོན་ཐང་ཅན་ལ་རྩི།།
ཁྲེལ་མེད་ཁྲམ་པ་དེང་གི་དུས་ལ་བྲིན།།
སྒོར་མོ་རིག་ན་ངོ་ཚ་མི་དགོས་པ།།
ཁ་སང་དེ་རིང་ཇེ་མང་ཇེ་མང་རེད།།
ཅ་ཅོ་གཏམ་གྱིས་ཕྱུག་ན་མཁས་པར་རློམ།།
བཅོས་མའི་འཛུམ་གྱིས་བསུ་ན་མི་སེམས་དགའ།།
ཁ་ཡག་བཤད་ན་ཁ་ངོ་སྟེར་མཁན་མང་།།
ཤ་ཚའི་གཏམ་ལ་ཉན་མཁན་ཉུང་ཉུང་རེད།།
གནས་ལུགས་བཤད་ན་དཔོན་པོའི་ཐུགས་ལ་ཕོག།
དྲང་་བདེན་བསྐྱངས་ན་དམངས་ཀྱི་མྱི་ཁ་འཁོར།།
སྤྲེལ་ལད་ཟློས་གར་འཁྲབ་ན་མི་སེམས་འགུག།
ང་ཡང་འདི་ཚོ་གྲལ་གྱི་མི་སྣ་གཅིག།
བདེན་པ་ཡོད་ཚད་རང་གི་ཕྱོགས་སུ་གཏུགས།།
རྫུན་གཞི་ཐམས་ཅད་གཞན་གྱི་མགོ་ལ་གཡོག།
མི་སེམས་བདུད་ཀྱིས་བསྒྱུར་བའི་དུས་རབས་ལ།།
དྲང་བདེན་བྱ་བ་སྒྲུབ་མཁན་ག་ཙམ་ཞིག།
ལ་རྒྱའི་ཁུ་ཚུར་རང་གི་ནང་ལ་གཏད།།
ཁོག་དཔུང་ཀི་རིང་ལུང་ཚན་བར་ནས་བཏབ།།
འཐེན་འཁྱེར་ཐག་པ་སོ་སོའི་སྐེ་ལ་བསྐོན།།
ཆོལ་ཁའི་ནད་པ་ད་དུང་ཞོར་ན་ཡོད།།
རང་གི་ཕྱོགས་དེ་དཀར་པོ་ཡིན་པར་འདོད།།
གཞན་གྱི་མི་དེ་ནག་པོ་ཁོ་ནར་བསྒྲུབ།།
མ་བརྟག་མ་དཔྱད་ཅི་ཡང་མ་བྱས་པར།།
དོན་མེད་ཉ་ཉོག་བཤད་མཁན་ཧ་ཅང་མང་།།
མི་ཚེ་རི་ན་རྫོགས་པའི་ཁེར་རྐྱང་ངས།།
དོན་གོ་མ་ཆོད་ཐག་རིང་ཡུལ་ན་ལུས།།
མ་གསང་ཁོག་གི་སྙིང་གཏམ་དམར་བོ་འདི།།
རང་མགོ་རང་གིས་གཅོག་བྱེད་ཡིན་ཡང་སྲིད།།
གཡོ་ཁྲམ་མེད་ན་ཆབ་སྲིེད་མེད། །
འོནད་ཀྱང་བྱང་སེམས་དེ་ལྟར་མིན། །
ཚོགས་སྡེ་མེད་ན་ཆབ་སྲིད་མེད། །
ས་མཚམས་མེད་ན་དེ་ལྟར་མིན། །