ཆང་སྐྱེས།
གཞན་ཡུལ་འཁོར་ཡུག་མེ་ཏོག་ཇི་ལྟར་མཛེས་ན།།
རང་གི་ཕ་ཡུལ་སྙིང་ནས་དེ་ལྟར་དྲན་སོང་།།
སྤྲིན་པ་དཀར་པོ་འཕུར་བའི་ས་ཕྱོགས་གན་ལ།།
མིག་གི་དབང་བོ་གཏད་དེ་ཡང་ཡང་བལྟས་ཡིན།།
ལེ་བར་སྟོང་གིས་བཅད་པའི་ས་མཐའ་འདི་ནས།།
འཚོ་བའི་ཁ་དོག་འདྲ་མིན་བཅོ་བརྒྱད་ཡོད་རུང་།།
དྲིན་ཆེན་ཨ་མས་བརྫིས་པའི་སྦྲང་དཀར་རྩམ་པ།།
སྣ་བརྒྱའི་ཟས་མཆོག་ལས་ཀྱང་ཞིམ་མངར་ལྡན་སོང་།།
སྐྲ་སེར་བུ་མོའི་སྐྱེས་གཟུགས་ལྷ་མོ་འདྲ་ཡང་།།
སེམས་དང་བསམ་པ་ཤོར་བའི་རྒྱུ་རུ་མ་སྨིན།།
བྱུ་རུ་མཁུར་ཚོས་འཁུར་བའི་མཐོ་སྒང་བུ་མོ།།
མཚན་མོའི་རྨི་ལམ་ཞིང་ནས་ཡང་ཡང་འཛུམ་བྱུང་།།
གསར་འགྲོགས་མི་ཡི་དགོད་སྒྲ་རྣ་བར་སྙན་ཡང་།།
ཡ་ཆུང་གངས་དཀར་སེམས་ཀྱི་བློ་ལ་མ་བབས།།
པགས་རྩག་གོང་བ་ཅན་གྱི་གསར་བུ་དེ་ཚོ།།
གློ་རྡེག་ཡིད་ལ་ཝ་ལེར་ཝ་ལེར་དྲན་སོང་།།
སྐྱོ་གདུང་གླུ་ཆུང་ས་སྲོད་རླུང་ལ་བསྐུར་ཡང་།།
དྲན་པའི་སྡུག་བསྔལ་རྨང་ནས་སེལ་ཐབས་མ་བྱུང་།།
ཐོད་ཀྱི་གཉེར་མ་ལག་པས་བྱིལ་བྱིལ་བྱེད་བཞིན།།
འཛུབ་མོ་ནང་ལ་བཀུག་སྟེ་རྩིས་ཤིག་བརྒྱབ་ཡིན།།
རོ་དང་འདྲ་བའི་ལུས་པོ་རི་ན་ཡོད་ཀྱང་།།
དུང་བ་ཟབ་མོ་ནམ་ཡང་ཡུལ་ལ་ཆགས་ཡོད།།
སྐྱ་རེངས་བུ་མོ་འཛུམ་པའི་མཛེས་སྡུག་ངོགས་ནས།།
ཁྱེད་དང་ལྷན་འཛོམས་བྱུང་བའི་སྨོན་ལམ་བཏབ་ཡོད།།
འདུས་བྱས་མི་རྟག་པ་ལ་སེམས་མ་ཤོར་ཨང། ག་ལེར་ག་ལེར་རིམ་གྱིས་འགྲོ་ངེས་རང་ཡིན་པས།
འགྲོ་མཁན་འགྲོ་མཁན་ཡོང་མཁན་ཡོང་མཁན་རེད། རྗེས་སུ་ཡོང་མཁན་ཐམས་བཅད་འགྲོ་མཁན་རེད།