མྱི་ལྟིག
མི་ཡིས་མི་ཤ་ཟ་ཞོར།། མི་དོན་གླེང་ཁུལ་བྱེད་པ།།
གཤིས་ཡོད་མེད་ཕྱོགས་ནས།། མིག་ཅིག་ཡོད་ན་ལོས་ཤེས།།
མི་ཡན་མང་ཉུང་བཤད་ན།། མི་གྲལ་ཆོད་མེད་གཉིས་ཀ།
མི་ཡི་དོན་དུ་མི་ཤེས།། མི་རྒྱུད་ཉེ་སར་དྲུད་ཡོང་།།
མི་ལུས་རིན་ཆེན་གསེར་ཟེར།། མི་སེམས་དཀར་པོ་འཆད་ཞོར།།
མི་སྐལ་མི་ཡིས་འཕྲོགས་དུས།། མི་ཀུན་གདོད་ནས་འགྱུར་འགྲོ།
མི་རབས་མི་མང་བར་ན།། མི་དམངས་གྱོད་སྣ་མང་བ།།
མི་ངོ་མི་རྒྱུད་དེད་ན།། མི་ཚང་སྟོང་པར་ལྷག་འགྲོ།
མི་ཤུགས་དབང་ཤུགས་བསྲེས་ནས།། མི་ཁྲག་ཧུབ་ཀྱིས་གཞིབ་འགྲོ།
མི་ལྤགས་སྲབ་མཐུག་བར་ནས།། མི་ཁྱིམ་གཅིག་པ་བརྗེད་འགྲོ།
མི་སྐད་བཤད་ལ་མཁས་པས།། མི་མང་རྒྱ་མཚོ་འཕྱུར་འཕྱུར།།
མི་ཚོགས་གྲོལ་མ་ཐུག་ཏུ།། མི་དེས་རང་ཚུགས་ཉིལ་ཐལ།།
མི་འགའ་མྱེ་ལ་འཐིམས་ཐལ།། མི་འགའ་ངུ་ཁོམ་མེད་ཐལ།།
མི་དང་མི་ཡི་བར་ཐག། མི་དང་མི་ཡིས་བསྒྲིབས་སོང་།།
མི་ཆེན་སྣང་བ་སྐྱིད་ཀི། མི་ཆུང་འགྱིང་སྟངས་རྫིག་གི།
མི་སེམས་འཁོེར་ལོའི་གསེབ་ནས།། མི་འགའ་གཅེར་བུར་སྤྱུགས་སོང་།།
མི་ལ་སྟོན་རྒྱུ་ལོས་དགོས།། མི་ཧྲག་འདྲེན་རྒྱུའང་ལོས་དགོས།།
མི་ཚེ་བག་ཡངས་ཀྱིས་བསྐྱལ་ན།། མི་རྒྱུད་ནོར་གནག་ཏུ་འགྱུར་འགྲོ།
མི་སེམས་མཁྲེགས་པོ་རྡོ་དགོས།། མི་གཞི་ལྷུན་པོ་རི་དགོས།།
མི་རྒྱུད་དྲང་མོ་མདའ་དགོས།། མི་རིགས་རང་གི་མདངས་དགོས།།
ཉིས་སྟོང་བཅུ་གཉིས་ལོའི་སྤྱི་ཟླ་གཉིས་པའི་ཚེས་ཉེར་དགུའི་དགོང་མོ་རང་ཤག་ཏུ་བཞུར།
ཨ་ཧ་ཧ། ངོ་མ་གཅིག་བཞུར་དང་ཟིག བཞུར་སྟངས་གཅིག་འཇིགས་ཀི
མྱི་ལྟིག་ཁ་ལྟིག་གན་གི །
མི་རིགས་རང་འདང་བསམས་ནས། །
སྙན་ངག་རྟུག་པ་འདྲ་ཞིག །
ཁ་བརྡའི་ནང་དུ་གཡུགས་ཐལ། །
མྱི་ལྟིག་ཁ་ལྕེ་དཀར་གི །
མྱི་ལྟིག་ལག་སོར་དཀར་གི
མྱི་ལྟིག་སྨྱུག་རྩེ་དཀར་གི །
མྱི་ལྟིག་ཁོག་པ་མི་ཤེས། །
མི་ཡིས་ཁྱི་ཞིག་འཛིན་ཅིང་།།
རི་ཡི་གླིང་འདིར་གཉིད་ཀི།།
མི་ཡི་རིགས་ཀྱི་སྙིང་ཚིལ།།
མི་མིན་འདི་ཡིས་བསིལ་གྱིས།།
མི་ལ་ཁ་ཏ་བཤད་ན྄།། མི་མིན་ལྷ་ལས་མཁས་རེད།།
མི་བུ་རང་གི་གཤིས་ག། མི་འདྲ་དགུ་འདྲ་གང་འདྲ།།
མི་རྒོད་དཔའ་བོ་འགྱེང་བཞིན།། མི་འཇིགས་ཚིག་གི་ང་རོ།།
མི་ཆུང་ཉམས་ཆུང་རྣ་བར།། མི་སྙན་མི་ལེགས་མི་འདུག།
མི་གོ་མི་ཤེས་ཟེར་བཞིན།། མི་བལྟ་དགུ་བལྟ་བྱས་ན།།
མི་རིག་རྒྱུ་ཞིག་མེད་དུས།། མི་ལ་ཇི་ལྟར་ལབ་ཡིན།།
མི་ལ་ཁ་སོས་དལ་ན།། མི་བཤད་ཚིག་གཅིག་མེད་མོད།།
མི་སེམས་དཀྲིག་པའི་ཚིག་ཞིག། མི་ཤོར་རེ་བ་བཅང་ཡོད།།
མི་ཤེས་ཤེས་ཁ་ཞིག་གིས།། མི་སེམས་མི་དཔྱོད་ས་ནས།།
མི་མཐུན་གོ་བ་ལོག་ན།། མི་དག་ཚིག་པ་ཟ་འགྲོ།
མུ་སྟེགས་སེའུ་བཅུའི་ཚིག་འདྲ།། མུ་མཐའ་མེད་པར་ལུད་ན།།
མུ་ཏིག་བཅོས་མའི་དོ་ཤལ།། མུ་ཏོ་ལ་ཡང་མི་མཁོ།།
ཡ་གི་མི་ཡི་འགྲོ་འདུག་ཉལ་འཆག་ཀུན།།
དེ་ཡི་ལུང་བར་ཧ་ཅང་མཛེས་མོད་ཀྱི།།
མ་གི་དེ་ལ་ཐན་ལྟས་ཉིད་དུ་ལྟ།།
སྒྲུབ་བྱེད་སྣོན་མོ་སུ་ལའང་བརྗོད་དུ་ཡོད།།
ཚ་ཞིང་སྲེག་པ་མེ་ཡི་མཚན་ཉིད་དང་།།
རླན་ཞིང་གཤེར་བ་ཆུ་ཞེས་བཏགས་ན་ཡང་།།
ཡང་དག་བདེན་པའི་གནས་སུ་མི་ཆེ་བས།།
ཕལ་ཆེར་མི་ཡི་ཕྱོགས་ཞེན་ཁོ་ན་ཙམ།།
མི་ལྟིག་མི་ཡི་གྲོང་ཁྱེར་ལ།
མི་ཡི་འདུ་ཚོགས་མ་གཞལ་ན།།
མི་དང་འགལ་བའི་མ་རུང་བས།།
མི་ཡི་ཆོས་ཉིད་མ་རྟོག་ནས།།
མི་སེམས་དུར་ཁྲོད་ཡུལ་དུ་བརྒྱུགས།།
མི་སེམས་རྒུལ་བའི་སྟོང་བསམ་ལ།།
མི་ཡིས་མཚོན་ཁ་རྣོན་པོས་བསྣུན།།
མི་གཞི་ཅན་གྱི་མི་བུ་དག།
མི་ལ་མཚན་ཉིད་བཤད་པའི་མི།།
མི་དང་མཐུན་ན་དགའ་མོད་ཀྱང་།།
མི་ཡི་གྲལ་ནས་མ་བསྡད་ན།།
མི་མི་ཟེར་བ་བླུན་རྟགས་ཉིད།།
ཅི་བཤད་གཞན་གྱི་ཁ་རེད།།
ཅི་བྱེད་རང་གི་དབང་རེད།།
ཅི་བསམ་ཡི་གེར་བཀོད་པ།།
ཅི་ནས་བཀའ་དྲིན་ཆེའོ།།
རྣམ་པ་ལྷན་རྒྱས་ཕེབས་པར་དགའ་ཡོད་ལ་ཞོར་དུ་རང་རང་གི་ཚོད་ཀྱིས་ལན་ལྡོན་པ་ལའང་བཀའ་དྲིན་ཆེ།་ལྷག་པར་དུ་སྤྱན་ཆབ་ལགས་ལ།ཧཧཧ
མ་འོ་སྤྲང་ཕྲུག་གི་གསར་བརྗེས།
མི་རོ་རྟ་རོ་ཡི་ཁེངས་ནས།
མི་འབོར་ས་ཡ་བཞི་བཅུ་ཡི།
རྐྱེན་ལམ་སྲོག་སྐྱོན་ལ་བཏང་བའི།
ཐོལ་བྱུང་དམེ་ངག་འདི་ཤོར་སོང་།
མི་ཞིག་མི་ཡི་དོན་དུ། ། མི་ཚེ་རྫོགས་གྲབས་འདུག་ཀྱང་། །
མི་མང་གྱེན་ལང་ཉིན་མོ། ། མི་འགའ་ཡིབ་ནས་སྡད་འདུག །
མི་རིང་མྱུར་དུ་འཛོམས་པའི་ཐབས་བཟང་ཤོས།།
མི་སྨོན་རང་སྐྱིད་ལས་འགུལ་རབ་སྤེལ་ནས།།
མི་ཡི་གཟུགས་ལ་ྭཝ་ཡི་གཡོ་སྒྱུ་ཅན།།
མི་ཡུལ་གནས་པའི་བཙན་ྡམར་འདི་རྣམས་ཕུད།།