ཆང་སྐྱེས།
སྟོན་གྱི་ལྷག་རླུང་གྲང་མོ་དལ་གྱིས་ལྡང་།།
ཁོར་ཡུག་རི་བོའི་མཛེས་སྡུག་ཡུན་གྱིས་རྒུད།།
ལོ་མ་ས་ལ་ཐོར་བའི་ཧྲག་བར་ནས།།
སྐྱོ་གདུང་ལྷག་མ་ཞིག་ཀྱང་ཡོད་པ་འདྲ།།
གནམ་མཁའི་ཟླ་བའི་ཕྱེད་ཀ་སྤྲིན་གྱིས་བསྒྲིབས།།
མཚོ་ཁའི་མེ་ཏོག་དམར་བོ་ཙག་གིས་ཁྱེར།།
ཆར་བ་ཟ་ཟིམ་འབབ་པའི་ཀློང་རུམ་ནས།།
མིག་ཆུ་དྲོན་མོ་ཞིག་ཀྱང་ངང་གིས་ཤོར།།
ཁ་ཡག་ཁ་ནས་བྱོ་བ་སྙིང་གཏམ་མིན།།
གདོང་གི་སྐྱི་པགས་འཛུམ་པ་བརྩེ་དུང་མིན།།
སེམས་པ་སེམས་པར་འདྲེས་པའི་གཏིང་རུམ་ནས།།
དུངས་བ་ཟབ་མོ་ཞིག་གི་ཁ་དོག་ཡོད།།
སྤྲིན་པ་དཀར་པོ་སྟོད་ཀྱི་རི་ལ་འཕུར།།
གཙང་ཆུ་སྔོན་མོ་སྨད་ཀྱི་གཞུང་ལ་འཐིམས།།
མགོ་བོ་ལག་པས་སྐྱོར་བའི་བསམ་གཞིག་གིས།།
ཐ་མག་ཚེ་སྲོག་རེ་རེ་ཤུགས་ཀྱིས་རྔུབ།།
མཚན་ལྗོངས་རིང་མོའི་དྲན་གདུང་ཐོད་ལ་འཁུར།།
སུན་སྣང་སྟུག་པོ་ཨ་རག་ཆང་གིས་གསོས།།
སྐར་ཚོགས་ཆར་ཆུས་བརླན་པའི་ཐུ་འོག་ནས།།
བྱེའུ་ཆུང་རྨས་མ་ཞིག་ཀྱང་རྒྱང་ལ་འཕུར།།
སྲོང་བཙན་སྒམ་པོས་ཀོང་ཇོ་ཐབས་ཀྱིས་བསུས།།
གུ་གར་རྒྱལ་བོས་འབྲུག་མོ་བཙན་གྱིས་འཕྲོག།
བདག་གིས་ཁྱེད་ལ་བླངས་པའི་གླུ་ཆུང་འདི།།
སྙིང་ནས་བཙགས་པའི་སྙན་ངག་དམར་བོ་ཡིན།།
མི་ཚེ་འདོམ་གང་དོན་མེད་རི་ན་རྫོགས།།
རྨི་ལམ་ཞིང་གི་གྲོང་ཁྱེར་སྟོང་བར་ལུས།།
འཁྲེང་ཞེན་ཕྱིར་མིག་སྟོང་གིས་ཁུགས་སོ་ན།།
ད་དུང་ཞེན་ཆགས་ལྕི་མོའི་ན་ཟུག་ཅིག།