ཆང་སྐྱེས།
ཀ་ཚང་གིས་སྒྲ་ལོག་རྐྱང་རྐྱང་བཤད།།
ཁ་ཚང་གིས་སྐོར་ལོག་ཏག་ཏག་ལས།།
ག་ཚང་གིས་རྙོག་གྲ་རྐྱང་རྐྱང་ལངས།།
ང་ཚང་གིས་ངོ་ཚ་རྒྱབ་ལ་གཡུགས།།
ཅ་ཚང་གིས་གྲུབ་མཐའི་ཁྱད་པར་གླེང་།།
ཆ་ཚང་གིས་ཆོལ་ཁའི་དབྱེ་མཚམས་ཕྱེས།།
ཇ་ཚང་གིས་ཕྱི་ནང་ཡང་ཡང་དཀྲུགས།།
ཉ་ཚང་གིས་ཉ་ཉོག་མང་བོ་བསྲེས།།
ཏ་ཚང་གིས་ཁུ་ཚུར་ནང་ལ་བསྐོར།།
ཐ་ཚང་གིས་འཐབ་འཛིང་རང་ལ་བྱེད།
ད་ཚང་གིས་དགྲ་གཉེན་ལྡོག་སྟེ་བསུ།།
ན་ཚང་ལ་ནད་པ་ལུང་བ་གང་།།
པ་ཚང་གིས་ཕ་སྐད་རི་ན་བོར།།
ཕ་ཚང་གིས་མ་ཡིག་ལམ་ནས་དོར།།
བ་ཚང་གིས་བུ་མོ་སྒོར་ལ་བརྗེས།།
མ་ཚང་གིས་མ་རྩ་རླུང་ལ་བསྐུར།།
ཙ་ཚང་གིས་རྩ་ས་རྩ་ནས་བསློགས།།
ཚ་ཚང་གིས་ཚར་མོ་གྲོང་ལ་དེད།།
ཛ་ཚང་གིས་མཛའ་བརྩེ་མར་ལ་གཡུགས།།
ཝ་ཚང་གིས་ལྦུ་ཆང་རྫོགས་མེད་འཐུང་།།
ཞ་ཚང་གིས་ཞིང་ས་གཞུང་ལ་འབུལ།།
ཟ་ཚང་གིས་ཟ་མ་གཞན་ནས་ཉོས།།
འ་ཚང་གིས་འུར་གཏམ་ཤེད་ཀྱིས་སྒྲོག།
ཡ་ཚང་གིས་ཡ་མཚན་ཏག་ཏག་སྒྲུབ།།
ར་ཚང་གིས་ར་བ་རྨང་ནས་རྫོག།
ལ་ཚང་གིས་ལ་རྒྱ་ཁོག་ནས་ཤོར།།
ཤ་ཚང་གིས་ཤ་རུས་གཞན་ལ་བསྒྱུར།།
ས་ཚང་གིས་ས་ཆ་ལག་ནས་ཤོར།།
ཧ་ཚང་གིས་ཧ་ཅང་གཟབ་གཟབ་བྱོས།།
ཨ་ཚང་གིས་ཨ་ཡིག་ཡིད་ལ་ཟུངས།།
ཆང་སྐྱེས། ༢༠༢༡ ༠༦ ༡༡