ཆབ་མདོ་ངག་ཕུན།
གནའ་ཤུལ་ཀ་གདུང་དེ་དག་མཐོང་བ་ཉིད།།
མི་དང་དུད་འགྲོར་བཙན་གྱིས་བསྐུལ་བ་ལས།།
དེང་རབས་ལྟ་བུའི་འཕྲུལ་རིགས་ཡོད་མ་ཡིན།།
མི་སྲོག་དུ་མའི་རྣམ་ཤེས་འདི་འཐེམ་སེམས།།
སྙིང་རྗེ་རང་གཟུགས་འཕགས་མཆོག་སྤྱན་རས་གཟིགས།།
འགྲོ་ཀུན་ཡོངས་ལ་བརྩེ་བའི་འོད་སྣང་སྦྱིན།།
ཕན་བདེའི་འབྱུང་གནས་གངས་ཅན་མགོན་པོ་ལ།།
སྙན་གྲགས་ཅན་གྱི་ཨ་རིའི་གཟེངས་རྟགས་ཕུལ།།
བསྟན་པའི་བློ་གྲོས་རྒྱས་ཤིང་ཤེས་རིག་བཀྲ།།
འཛིན་པའི་དོན་རྣམས་མ་ལུས་ཁོག་ཏུ་ཆུད་ཤིས།།
དགེ་བའི་གནས་ལ་སྐད་ཅིག་ལྷོད་མེད་བདེ།།
འདུན་པའི་དོན་རྣམས་ལྷུན་གྱིས་འགྲུབ་པར་ལེགས།།
བསྟན་འཛིན་རྒྱ་མཚོའི་ཐུགས་རྗེའི་བཀའ་དྲིན་འོག།།
གངས་རིའི་ལྗོངས་ལ་མང་གཙོའི་པད་མ་བཞད།།
འགྲོ་ཀུན་ཞི་བདེའི་ལམ་བཟང་འོད་སྣང་བསྐྲུན།།
ས་གསུམ་བླ་མ་ཁྱེད་ལ་སྙིང་ནས་འདུད།།
ཞོ༵གས་པ་ཉི་གཞོན་ཤར་རི་རྩེ་ནས་འཆར།།
པ༵་སངས་བྱ་བ་ལམ་དུ་འགྲོ་བའི་མགོན།།
བདེ༵་ལེགས་ཕུན་སུམ་ཚོགས་ཤིང་བློ་གྲོས་རྒྱས།།
ལེ༵གས་པའི་དོན་རྣམས་ལྷུན་གྱིས་འགྲུབ་པར་སྨོན།།
བློ༵་གྲོས་རྣམ་དཔྱོད་རྩེ་མོ་ཡོངས་སུ་སོན།།
བཟ༵ང་པོའི་ཡོན་ཏན་ཕུལ་བྱུང་མ་ལུས་འཛོམས།།
ཤེ༵ས་བྱའི་རྒྱ་མཚོའི་ཕ་རོལ་ཡོངས་སུ་གསོན།།
ར༵བ་རྒྱས་ལོ་རྒྱུས་སྨྲ་པོར་བདག་གིས་བསྟོད།།
དྲིན་ཨ་མའི་ཞལ་རས་འཛུམ་གྱིས་ཁེངས།།
སྙིང་ཉེ་བའི་བྱམས་བརྩེས་བཀའ་དྲིན་བསྐྱངས།།
ལམ་མ་ཤེས་ལམ་སྣེ་སྟོན་གནང་མཛད།།
དྲིན་ཨ་མའི་བཀའ་དྲིན་སྙིང་ནས་དྲིན།།
མཁྱེན་པའི་རྣམ་དཔྱོད་རབ་ཏུ་རྒྱས།།
གཞན་ཕན་ལྷག་བསམ་དུང་ལྟར་དཀར།།
ཆོས་སྲིད་དབུ་འཕང་དགུང་ལ་སྟེགས།།
མཁྱེན་པའི་བདག་པོར་ཁྱེད་ལ་བསྟོད།།
ཡངས་པའི་རྩ་ཐང་སྟེང་ལ།།
རྟ་ནོར་ལུག་གིས་ཁེངས་འདུག།།
སྐྱིད་པའི་ཕ་ཡུལ་གངས་ལྗོངས།།
ཡིད་ལ་ཡང་ཡང་འཁོར་བྱུང་།།
ལྷོ་ལམ་ཁ་བའི་སྟེང་ལ།།
ཟུབ་མེད་རྐང་རྗེས་བཞག་འདུག།།
འགྱུར་མེད་སེམས་ཀྱི་རི་མོ།།
ནམ་ཡང་བརྗེད་ཐབས་མི་འདུག།།
ཤར་ཕྱོགས་རི་བོའི་རྩེ་ནས།།
དཀར་གསལ་ཟླ་བ་ཤར་བྱུང་།།
བཀའ་དྲིན་ཅན་གྱི་སྐྱེད་མའི།།
ཞལ་རས་ཡིད་ལ་འཁོར་བྱུང་།།
ང་ཚོར་དགོས་པའི་ཤེས་ཡོན་ཡིན།།
ཤེས་ཡོན་ནོར་གྱི་མཆོག་ཡིན་པས།།
དལ་ལྷོད་མ་བཞུགས་ཤེས་བྱར་བརྩོན།།
འདི་ཕྱི་བདེ་སྐྱིད་ཐོབ་ཡོང་ངོ་།།
མདོ་ཁམས་བསྟན་པའི་སྒྲོན་མེ།།
འགྲོ་བ་འདྲེན་པའི་མགོན་སྐྱབས།།
འདི་ཕྱི་གཉིས་ཀྱི་སྐྱབས་གནས།།
གསོལ་བ་སྙིང་ནས་འདེབས་སོ།།
དལ་བརྒྱད་ཀྱི་རྟེན་བཟང་རིན་པོ་ཆེ།།
འབྱོར་བཅུའི་ཡོན་ཏན་ཀུན་ཚང་ཡང་།།
འཆི་བདག་གི་བདུད་པོ་ཟིན་མཐོང་ན།།
ལུས་རྟེན་ལ་རྟག་པའི་གོ་སྐབས་ཅི།།
མ་རིག་རྨོངས་གཉིད་སེལ་པ་པོ།།
བཀའ་དྲིན་ཅན་གྱི་དགེ་རྒན་རྣམས།།
ལོ་དང་ཟླ་བ་ཡོངས་སྤྲེལ་ནས།།
རིན་ཆེན་ཤེས་བྱའི་འོད་སྣང་སྦྱིན།།
དགེ་རྒན་ཤེས་རབ་འོ་མཚོ་ལས།།
སློབ་ཕྲུག་བོང་བ་ཁྱུ་ཚོགས་ལ།།
ལེགས་བཤད་བཅུད་ཀྱི་འབྲས་བཟང་སྦྱིན།།
སློབ་ཕྲུག་རྨོངས་པ་གཉིད་ལས་སློང་།།
གཟི་ཆུ་མིག་དགུ་པ་མགུལ་ལ་བཏགས།།
དེ་མགུལ་རྒྱན་བཏགས་ཀྱང་ཅི་ཞིག་ཕན།།
ལུས་གྲང་ངར་དེ་ཡིས་མ་སྐྱོབ་ཐལ།།
ལྷོ་གྲོད་ཁོག་དེ་ཡིས་མ་བརྒྱབ་ཐལ།།
བྲོ་བཅུད་ལྡན་པའི་ཞལ་ལག་དཔར།།
ཟ་སྙིང་འདོད་ཅིང་ཁར་ཆུ་འཁོལ།།
སྐྱིད་པའི་ཕ་ཡུལ་བཞེས་ལག་རྣམས།།
ཡིད་ལ་འཁོར་ནས་ཕ་ཡུལ་དྲན།།
ཡུལ་ལྗོངས་མེ་ཏོག་རྣམ་པར་བཀྲ།།
ཆབ་ཆུ་སྔོན་མོ་དལ་གྱིས་རྒྱུ།།
མཁའ་རླུང་གཙང་མས་གསོན་དབྱུགས་སྦྱིན།།
དགའ་སྐྱིད་རྫོགས་ལྡན་གསར་པ་སྐྱེས།།
ཆབ་མདོ་ཆུ་གཉིས་བར་ལ།།
གསེར་གྱི་ཟམ་པ་བཙུགས་བཞག།།
ཤེས་བྱ་རིག་པར་བརྩོན་ནས།།
གསེར་ཟམ་གང་ནས་ལོག་འགྲོ།།
དྲ་གྲོགས་ཕོ་མོ་ཡོངས་ལ།།
ཉིན་མོ་བདེ་ཞིང་མཚན་བདེ་ལེགས།།
ཉིན་མཚན་རྟག་ཏུ་བདེ་ལེགས་ཤོག།།
ཅི་བསམ་ལྷུན་གྱིས་འགྲུབ་པར་ཤོག།།
ཅེས་པ་འདི་དག་ནི་ཉིན་རེ་མཐོང་ཐོས་རེག་གསུམ་གང་བྱུང་བ་རྣམས་ཚིགས་བཅད་ཤོ་ལོ་ཀ་ར་བྱས་ནས་བྲིས་བཞག་པ་རྣམས་ཕྱོགས་གཅིག་ཏུ་བསྡུས་པ་ཡིན་ན་དེ་དོན་དགོངས་འཇག་འཚལ།