རྐ་སྲས།
ལོ་ཟླ་ཕར་ཕར་བསྐྱལ་བའི་མི་ཚེའི་འགྲུལ་བཞུད།།
སཱ་ལའི་སྨན་ལྗོངས་ཕྱུག་མོར་ཇེ་རིང་ཇེ་རིང་།།
ཡིད་ཀྱི་མཚོ་མོའི་ངོགས་ཀྱི་དྲན་པའི་ཕ་ཡུལ།།
ཨོ་ལོས་སླར་ཡང་མཇལ་བའི་གདེང་ཚོད་མ་ཐིག།
ཨོ་གླིང་མེ་གླིང་ཧྥེ་གླིང་ཁྱི་བཞིན་ཉུལ་ཏེ།།
རྒྱལ་ཁམས་ལྟད་མོས་སྐོར་འདོད་ནད་རྙིང་ཞིག་ཡོད།།
མགོ་སེར་གཡའ་དེ་སེམས་ལ་ལྷུང་བ་ཡིན་ནམ།།
རང་ལ་རྒྱལ་ཁབ་མེད་པའི་སྐོམ་གདུང་ཨེ་ཡིན།།
སྣ་མང་རིག་གནས་ཡུལ་སྲོལ་དགའ་ཕྱོགས་སྣ་ཚོགས།།
རང་རང་ས་ན་ཞིམ་པའི་བྲོ་བ་ཞིག་མཐོང་།།
ནས་རྩམ་ཁོ་ནས་ཆོག་པའི་འབྲོག་ཕྲུག་རྣལ་མ།།
སྒང་དྲུག་རི་ནས་ཆས་ཏེ་གང་ལ་བཞུད་སོང་།།
ཆོས་དད་མེད་པ་བདུད་དུ་བལྟ་ཡང་མ་ཐུབ།།
དགུན་ཅས་བཤའ་བ་ཤེན་པར་བརྩི་ཡང་མ་ཤེས།།
དམར་པོ་དེ་ཡང་རྒྱལ་ཁབ་སྐྱོང་ལུགས་ཤིག་རེད།།
མང་གཙོ་དཀར་པོ་དེ་ཡང་དེ་འདྲ་ཞིག་རེད།།
འཛམ་གླིང་ཚོང་གིས་དེད་པའི་ཉེར་གཅིག་དུས་རབས།།
ཚན་ཚན་རིག་པའི་དཔལ་ཡོན་ཧ་ཅང་རྒྱས་ས།།
བཅོས་མའི་ཤེས་བར་དར་བའི་འཇིག་རྟེན་འདི་ནས།།
ཨོ་ལོའི་ཀླད་པའི་ནང་ལ་འང་གློག་བྱང་ནམ་འཇོག།
འཇིག་རྟེན་སྒྱུ་མའི་བྲོ་གར་འཁྲབ་ཀྱིན་འཁྲབ་ཀྱིན།།
འཕྲུལ་མི་ཞི་མོ་ཞིག་ལ་སྙིང་གཏམ་བཤད་ནས།།
ཤ་འཇམ་ལུས་པོ་བསྲེ་བའི་མི་ཡི་ལུགས་དེ།།
འགྲོ་བ་མི་ཚོས་རྫོགས་ཚིག་འབྲི་ན་ཐང་གི།