རྐ་འོད་ཟེར།
གཙུག་ལག་སློབ་གྲྭ
གནའ་དེང་ཤེས་རིག་གི་འདྲེས་མདོ་ཆེན་མོའམ། མེས་པོའི་གཙུག་ལག་གི་མར་ཁུ་འཐུང་ས་སྟེ། མི་བུའི་ཁ་དོག་གི་ལྗིད་ཚད་མངོན་བའི་སྒྱུ་འཕྲུལ་གྱི་མེ་ལོང་། མིའི་རིགས་ཀྱི་ལས་དབང་ཐག་གཅོད་པའི་གཤིན་རྗེ་ལས་མཁན།
རྩིས་འཁོར།
སྙིང་གཏམ་མི་མཁོ་བའི་དུས་རབས་ཀྱི་དགའ་མ་སྟེ། ཤོག་སྒོར་གྱི་རྔམ་མཐུག་མིན་ཁོ་ནར་ཐུག་པའི་གློག་གི་ཀླད་པ། མིའི་ནང་ཚུགས་ཅན་གྱི་འཕྲུལ་ཆས། སྐམ་པོ་སྲོག་ཆེན། ལྟག་རྒྱབ་ན་གསང་ཚིག་མང་བའི་དུས་ཀྱི་སྙིང་སྡུག་མ།
བསམ་བློ།
གཟུགས་དབྱིབས་མེད་ཀྱང་མིག་ལམ་དུ་ཡང་ཡང་དུ་མངོན་ཡོང་བའི་ཁ་དོག་བསམ་མེད་ཅིག་སྟེ། སྤྱི་ཚོགས་ཀྱིས་བསྐྲུན་པའི་རྒྱ་མདུད་བཙན་པོ། གྲོལ་བ་ལས་མདུད་པ་མང་བའི་སེམས་ཀྱི་པ་ཊ། ཡང་ན། སྐྱིད་པོ་ལ་སྐྱིད་པོ་བརྩེགས་ཡོང་བའི་གསེར་གྱི་སྟོང་ཕག་གྲུ་བཞི་སྟེ། སུ་ཞིག་གི་མགོ་ཡི་ནང་དུ་འཁོར་བའི་སོ་འཁོར་གྱི་ཤུགས་ཚད་དང་མགྱོགས་ཚད་དམར་པོ། ཨ་མའི་བུ་ཡིན་མིན་གྱི་ཚད་ཐིགས་འཇལ་ས།
དགེ་རྒན།
མི་རབས་གསར་བའི་ལས་དབང་རྒྱབ་ཏུ་ཁྱེར་བའི་དུང་མདོག་གི་ཨ་སྐྱོ་བ་ཞིག་སྟེ། སྨྲ་མི་ཤེས་པའི་ཚོར་བ་སྣ་ཚོགས་བྲང་ལ་སྦྱར་ནས། དཔལ་འབྱོར་གྱི་དུས་རབས་ཁྲོད་འཚོ་བ་དང་དགའ་ཞེན་བརྗེ་དགོས་པའི་གསེར་མདོག་གི་སློང་མོ་བ། གཞོན་རབས་པར་འོད་ཀྱི་གཤོག་པ་འཛུགས་འདོད་ཀྱི་དྭངས་གཙང་གི་རྨི་ལམ་གཅིག་པུའམ། མིའི་རིགས་ཀྱི་སེམས་ཀྱི་སྒྲོན་མེ་རྐང་གཅིག།
མཛའ་མོ།
ནམ་ཡང་བཀླགས་མི་ཚར་བའི་འཇིག་རྟེན་གྱི་ཁ་ཡིག་སྟེ། ནམ་ཟླ་སྣ་ཚོགས་ཀྱིས་འགྲེལ་དཀའ་བའི་སེར་ཆེན་མེ་ཏོག བྱེ་ཐང་ནས་རྙེད་པའི་རང་བྱུང་ཆུ་མིག་གམ། སེམས་ཁུང་ན་བཞད་པའི་རྒྱ་སེ་མེ་ཏོག་རྐང་གཅིག་སྟེ། ལས་དབང་གི་ཚེར་མའི་མེ་ཏོག
གྲོགས་པོ།
རྩིས་ཐོ་མེད་པའི་གསེར་མདོག་གི་བློས་གཏོང་སྟེ། མི་ཚེ་ཡི་དཔྱིད་ཀྱི་དཔལ་ཡོན་ངོ་མ། མྱི་རྐྱང་ཐུག་པའི་ཞིམ་ཚད་དང་སྐར་ལྔའི་མགྲོན་ཁང་གི་སུན་སྣང་གཉིས་ཀ་མཉམ་སྤྱོད་ཐུབ་པའི་སེམས་པ་ངོ་མ། དགོས་མཁོ་ལ་མ་བརྟེན་པར་ནམ་ཡང་ཁྱེད་ཀྱི་ཕྱོགས་ནས་ལངས་རྐྱང་བྱེད་པའི་མི་བུ་གླེན་པ་སྟེ། ཕ་ལམ་དང་གསེར་དངུལ་གྱིས་ཉོ་རྒྱུ་མེད་པའི་ལྷག་བསམ་དྲོན་མོ།
གཡུ་འབྲུག་ཚན་སྡེབ།
རྣམ་ཤེས་ལ་ལྗོན་པའི་གྲུབ་བསིལ་སྟེར་མཁན་ནམ། འཚོ་བའི་དབུགས་དབྱུང་དང་ཡིད་ཀྱི་ངལ་གསོ་ཐེངས་ཤིག་སྟེ། སེམས་ལ་ཚོར་བའི་རི་མོ་འབྲི་བའི་རྩྭ་ཐང་གི་གཡུ་འབྲུག ཁོ་ཚོས་མཚམས་མཚམས་སུ་ཁྱེད་ཀྱི་རྣམ་ཤེས་ལ་ཁ་ལོ་བསྒྱུར་ནས་ལྷ་ཡུལ་དུ་ཁྲིད་སྲིད།