ཐེ་བོ་སངས་རྒྱས།
འཛམ་གླིང་ལོ་རྒྱུས་ནང་གོ་གནས་ངེས་ཅན་ཟིན་པའི་དབྱིན་ཇིའི་འགྲུལ་སྐྱེལ་གྲུ་གཟིངས་ཐྲི་ཐྲའ་ནིག་ RMS.Titanic. སྐོར་ཁོ་བོས་ཤེས་རྟོགས་རགས་ཙམ་བྱུང་བ་བཤད་ན། མཚོ་གྲུ་དེ་ཧར་ལཱན་ཌུ་ཨནཌ་ཝོལ་ཧྥུ་ Harland and Wolff, ཞེས་པའི་བཟོ་གྲྭའི་གྲུ་རྫིངས་འཆར་འགོད་པ་སྐུ་ཞབས་ཐོ་མེ་སི་ཨན་ཌེར་ཝུ་སིས་ Thomas Andrews, བྱང་ཨེར་ལཱན་ཌུའི་གྲོང་ཁྱེར་བྷེལ་ཧྥ་སི་ཐྲི་ Belfast, ནས་དུས་རབས་ཉི་ཤུ་བའི་མགོ་སྟོད་དུ་གསར་བཟོ་བྱས་པ་ཞིག་རེད། དེའི་དོ་དམ་བདག་དབང་ནི་སྐར་མ་དཀར་པོའི་རྟགས་White Star Line, ཅན་གྱི་བཟོ་ཚོང་ཁང་ལ་ཡོད་ཅིང་། ཨོ་ལིམ་ཕིག་གནས་རིམ་ཐོབ་པའི་རྒྱ་མཚོའི་འགྲུལ་སྐྱེལ་གྲུ་ཆེན་གསུམ་ལས་ཨང་གཉིས་པ་དང་། སྐབས་དེ་ཤེད་དུ་མཚོ་ཐོག་ན་ཞབས་ཏོག་སྒྲུབ་ཀྱིན་འཕྱོ་བའི་གྲུ་གཟིངས་ཆེ་ཤོས་གྲས་ཡིན་པ་བཤད་མ་དགོས།
སྤྱིར་བཏང་མཚོ་གྲུ་དེའི་ཕྱིའི་བཟོ་བཀོད་བརྗིད་ཉམས་ལྡན་པའི་ཁར་ནང་སྐྱིད་སྣང་དོད་ཅིང་རྒྱས་སྤྲོས་ལ་ཚད་མེད་དེ། ཐོག་རྩེགས་པང་གཅལ་དུ་ལུས་རྩལ་ར་བ་དང་། ཁྲུས་ཀྱི་རྫིང་བུ། དཔེ་མཛོད་ཁང་། གསོལ་སྟོན་ཁང་། འབྱོར་ལྡན་ཚོའི་གཟིམ་ཤག སྐུད་མེད་ཏར་འཕྲིན། ཆུ་མི་འཛུར་བའི་ཁང་མིག་དག་ལ་བདེ་འཇགས་སླད་ཆུ་སྒོ་རྒྱང་སྒྱུར་ཅན་བཅས་ཡར་རྒྱས་ཀྱི་རྣམ་པ་མངོན་ཡང་། ཕངས་པ་ཞིག་ལ་སྲོག་སྐྱོབ་གྲུ་ཆུང་གི་མཐུན་རྐྱེན་འདང་ངེས་མེད་པར་བརྟེན་མཚོ་ཐོག་ཉེན་སྲུང་ཐད་ཞན་ཆ་ལྷག དེའི་ནང་སྲོག་སྐྱོབ་གྲུ་ཆུང་བསྡོམས་པས་མི་གྲངས་ཆིག་སྟོང་བརྒྱ་དང་དོན་བརྒྱད་ལ་མ་གཏོགས་གྲ་སྒྲིག་བྱས་མེད། 1912,ལོའི་ཟླ་4,ཚེས་10,ཉིན་མོར་དབྱིན་ཡུལ་གྱི་སའོ་ཐི་ཨམ་ཐྲོན་ Southampton, ནས་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་ New York,ལ་ཆས་པ་ནི། གྲུ་ཆེན་དེའི་ཐེངས་དང་པོའི་མཚོ་འགྲུལ་ཡིན་ལ་མ་བསམས་ས་ནས་རེབ་དེ་ཆེས་མཐའ་མཇུག་ཏུ་གྱུར་པ་རེད།
མཚོར་ཞུགས་ཀྱི་དེད་དཔོན་ནི་ཨད་ཝར་ཌུ་སི་མེ་ཐི་ Edward Smith,ཡིན་ཞིང་། འཛམ་གླིང་གི་ཕྱུག་ཆེན་འགའ་ཚུད་པའི་མཚོ་འགྲུལ་བ་དང་གྲུ་བ་བཅས་ཁྱོན་བསྡོམས་མི་ཉིས་སྟོང་གཉིས་བརྒྱ་ཉེར་བཞི་ཡོད། དེ་དག་ཁྲོད་དབྱིན་ཡུལ་ཆེན་མོ་དང་། ཨེར་ལཱན་ཌུ་རྒྱལ་ཕྲན། སི་ཁན་ཌི་ནཱ་ཝི་ཡཱ་སོགས་ཡུ་རོབ་ཁྱོན་ཡོངས་ནས་བྱང་ཨ་རིའི་ནང་འཚོ་ཐབས་གསར་བ་འཚོལ་སྙེགས་མཁན་གྱི་ཡུལ་གྱར་བའང་བརྒྱ་ཕྲག་མང་པོ་ཡོད་ཚོད་རེད། མཚོ་ལམ་བརྒྱུད་དེ་ཧྥ་རན་སིའི་འཆེར་བྷོར་ག་གྲོང་ཁྱེར Cherbourg,དང་། དེང་སང་ཨེར་ལཱན་ཌིའི་ཁོབ་གྲོང་བརྡལ་ Cobh, Ireland, གཉིས་ལ་བསླེབས་རྗེས་རིམ་པས་གྲུ་ཐོག་ནས་ནེའུ་ཡོག་ལ་ཁ་པར་འབྱོར། མཚོ་འགྲིམ་ཉིན་བཞི་བར་ལེ་དབར་དྲུག་བརྒྱ་ལྷག་བརྒལ་མཚམས་བྱང་ཨེཊ་ལཱན་ཊིག་རྒྱ་མཚོ་ཆེན་པོར་ the North Atlantic, གསར་རྙེད་གླིང་ཕྲན་ Newfoundland, ཅེས་པའི་ལྷོ་ངོས་སུ་དགོང་མོའི་ཆུ་ཚོད་བཅུ་གཅིག་དང་སྐར་མ་བཞི་བཅུ་ཙམ་ལ་འཁྱགས་རི་ཞིག་དང་གསེག་ནས་འགྲེད་བརྡབ་ཤོར་བས་གྲུ་རྫིངས་མཚོར་དིམ་ཛ་དྲག་གི་རྐྱེན་ངན་འཕྲད། དེའི་རྒྱུ་རྐྱེན་ནི་གྲུའི་ཕྱི་སྒྲོམ་ལྕགས་ཤོག་གཞོགས་གཡས་ཀྱི་ཆུ་འཚོག་པའི་ཁང་མིག་རྣམས་ལ་སྒོ་བཅུ་དྲུག་ཡོད་པ་ལས་ལྔ་ནང་རོལ་ཏུ་ཕྱེས་པས་ལན་ཟེར། ནམ་ཕྱེད་ཆུ་ཚོད་གཉིས་པ་ཡོལ་ནས་སྐར་མ་ཉི་ཤུ་ཙམ་ལ་གྲུ་གཟིངས་དུམ་བུར་ཆག་ཅིང་མཚོ་ནང་དུ་ནུབ་པའི་ཚེ། འགྲུལ་བཞུད་པ་བརྒྱ་ཕྲག་འགའ་དང་མཚོ་གྲུའི་དོ་དམ་པ་ཁ་ཤས་སྲོག་སྐྱོབ་གྲུ་ཆུང་ནང་ཐར་མོད། ཐྲི་ཐྲའ་ནིག་བཟོ་མཁན་ཨན་ཌེར་ཝུ་སི་ཐེ་བའི་སྐྱེས་པ་ཚོ་གཙོ་བོར་གྱུར་པའི་མི་ཆིག་སྟོང་ལྔ་བརྒྱ་ལྷག་གྲུ་རྫིངས་ནང་ལུས་པས་ཚེ་སྲོག་ཤོར།
དེའི་རྒྱུ་མཚན་ནི། གྲུ་ཆུང་གཏོང་མཁན་ཞབས་ཞུ་བ་འགའ་ཤས་ལས་གཞན་བུད་མེད་དང་ཕྲུ་གུ་ཚོ་སྔོན་ལ་བཏང་འདུག ཐྲི་ཐྲའ་ནིག་མཚོ་ནང་དུ་བྱིང་བས་མི་སྣང་བར་འགྱུར་བཞིན་པའི་སྐབས་ཁཱར་ཕ་ཐ་ཡ་ RMS. Carpathia, ཞེས་པའི་འགྲུལ་སྐྱེལ་གྲུ་གཟིངས་དེ་ལ་འབྱོར་ཅིང་སྲོག་མགོ་ཐོན་པའི་མི་བདུན་བརྒྱ་ཡས་མས་འཁྱེར། སའོ་ཐི་ཨམ་ཐྲོན་ནས་ཡོང་བའི་གྲུ་གཟིངས་ཞབས་ཞུ་བ་སོགས་སྲོག་ཉེན་ལས་ཐར་མཁན་མང་པོས་སོ་སོའི་ཤོག་དངུལ་དང་རྒྱུ་ནོར་ཡོད་ཚད་བོར་བས་འཚོ་རྟེན་གང་ཡང་མེད་པར་གྱུར། ཡིན་ན་ཡང་མི་མང་གིས་གདུང་སེམས་མཉམ་སྐྱེད་མཚོན་བྱེད་དུ་ཁོང་ཚོའི་ཆེད་ཞལ་འདེབས་བསྡུ་རུབ་བྱས། མི་མང་པོ་གྲུ་གཟིངས་ནང་ལུས་པར་བརྟེན་སྲོག་ཉེན་ལས་ཐར་པའི་སྐྱེས་པ་དག་ལ་སྡར་མ་ཞེས་འཕྱ་སྨོད་བྱེད་མཁན་ཡང་བྱུང་། སྐར་མ་དཀར་པོའི་རྟགས་ཅན་གྱི་བཟོ་ཚོང་ཁང་གི་འགན་འཛིན་ཇེ་བྷུར་སེ་ཨི་སི་མ་ཡེ་ J.Bruce Ismay, ཡི་ཚེ་མཇུག་སྤྱི་ཚོགས་གནོན་ཤུགས་ཀྱིས་ཕྱིར་ཕུད་བཏང་། གནས་ཚུལ་དེ་ཉེ་རབས་ལོ་རྒྱུས་ནང་མཚོ་ཐོག་སྐྱེལ་འདྲེན་ལས་སྟབས་ཉེས་པའི་གོད་ཆག་ཚབས་ཆེ་ཤོས་སུ་བརྩི། བཀྲ་མ་ཤིས་པའི་གསར་འགྱུར་དེ་འཛམ་གླིང་ས་ཕྱོགས་གང་སར་སྦིར་གྲགས་དང་མཉམ་དུ་འདས་པོ་རྣམས་ལ་དམིགས་པའི་མྱ་ངན་གུས་འདུད་དང་གསོན་པོ་ཚོར་འཚམས་འཕྲིན་སྤྲིངས། དབྱིན་ཡུལ་དང་ཨ་རིའི་མང་ཚོགས་ནང་ཁྱབ་བསྒྲགས་ཤུགས་ཆེར་བྱུང་བ་དཔེར་ན། འབར་ཞུན་དང་། འདག་ཆལ། སྐགས་རྩི། ཨ་རག་དམ་བེ་སོགས་སུ་བཀོད།
ཕྱོགས་གཞན་ནས་གཤིན་པོ་ཚོའི་ཤུལ་བཞག་གལ་ཆེ་ཤོས་ནི། 1914,ལོར་རྒྱལ་སྤྱིའི་མཚོ་ཐོག་ཚེ་སྲོག་བདེ་འཇགས་ལམ་ལུགས་ International Convention for the Safety of Life at Sea (SOLAS), གཏན་འབེབས་བྱས་པ་དེ་རེད། དེ་ཡིས་དེང་སང་བར་དུ་མཚོ་ཐོག་སྐྱེལ་འདྲེན་བདེ་འཇགས་ལ་ཕན་ཐོགས་ཆེན་པོ་བྱུང་བར་སྣང་། དེའི་སྟེང་སྐུད་མེད་ཐིག་ཚད་ཁ་ཤས་གསར་དུ་བསྣན་ཅིང་གོ་ལ་ཧྲིལ་པོར་བརྒྱུད་གཏོང་བྱས་པས་མཚོ་ཐོག་ནས་ལམ་སྟོར་བའི་འགྲུལ་བཞུད་པ་མང་པོ་ཉེན་ཁ་ལས་བསྐྱབས། ཐྲི་ཐྲའ་ནིག་ལྷག་རོ་ནི་མཚོ་གཏིང་གི་ཟབ་ཚད་ཧྥེ་ཁྲི་ 12,415 སར་དུམ་བུ་གཉིས་སུ་ཕྲལ་ཞིང་རིམ་པས་འཐོར་གྱིན་འདུག་སྐད། 1985,ལོར་གྲུ་ཆག་དེའི་བདེན་ཐུབ་དངོས་རྫས་སྟོང་ཕྲག་མང་པོ་དང་བཅས་སླར་རྙེད་བྱུང་རྗེས་འཛམ་གླིང་ཤར་ནུབ་ཀྱི་འགྲེམ་སྟོན་ཁང་རྣམས་སུ་ཁྱབ། མིག་སྔར་དེའི་སྐོར་གྱི་དཔེ་དེབ་ཁག་དང་། དམངས་ཁྲོད་གླུ་གཞས། གློག་བརྙན། (གོ་བདུན་ལོར་བཟོས་པའི་ཐྲི་ཐྲའ་ནིག་ཅེས་པ་དེ་འཛམ་གླིང་ན་གློག་བརྙན་འགྲོ་གྲོན་ཆེ་ཤོས་ཡིན་པར་བཤད།) དངོས་མང་བཤམས་སྟོན་སོགས་དྲན་རྟེན་གསོན་པོ་ལྟ་བུར་གནས་ཡོད་དོ།།
དབྱིན་ཇི་བ་ཞིག་གིས་གློག་བརྙན་འདིར་ཐེངས་བརྒྱ་ལ་བལྟས་པར་བཤད། དེ་བདེན་མིན་མ་ཤེས་ཀྱང་། ཁོ་བོས་ཀྱང་འདིར་ཐེངས་འགའ་བལྟ་དགོས་བྱུང་། དེ་བས་ཀྱང་ཨམ་སྐད་སྟེང་བལྟ་རྒྱུ་བྱུང་བ་ནི་ཡིད་ཆེས་དཀའ་བའི་ཉིན་མོ་ཞིག་རེད། ངས་རེ་བར་འཛམ་གླིང་དུ་སྐད་གྲགས་ཆོད་པའི་གློག་བརྙན་འདིའི་རིགས་མང་པོ་བོད་སྐད་ནང་མང་ཙམ་བསྒྱུར་ཐུབ་ན་སྙམ་མོད། རྨི་ལམ་དེ་ནི་ད་དུང་ཅུང་སད་དཀའ་བར་སྙམ།
ཨམ་སྐད་སྟེང་གང་ནས་བལྟས་པ་ཡིན།
རྒྱ་མི་ཞིག་གིས་གློག་བརྙན་དེར་བལྟ་ཆེད་དབྱིན་ཡིག་སྦྱངས་པའི་གནས་ཚུལ་ཞིག་ཐོས་མྱོང་། བདེན་མིན་མི་ཤེས།
གྲུ་གཟིངས་ཐྲི་ཐྲའ་ནིག་ཟེར་ན། བོད་སྐད་ཀྱི་བརྗོད་ཚུལ་དང་མཐུན་པ་ཡིན་པ་རེད།
ཐྲི་ཐྲའ་ནིག་གྲུ་གཟིངས་ཟེར་ན་བཙན་བསྒྲིགས་ལས་དགོས་དངོས་ཅང་མ་མཐོང་ངོ།
འདིར་མཆན་འདེབས་མཁན་ཚོར་བཀའ་དྲིན་ཆེ་ཞུ། གནམ་ལགས་ཀྱིས་འདིའི་མིང་འདོགས་སྟངས་ལ་དགོངས་ཚུལ་བསྟན་པའི་ཐད་ངས་བསམས་ན་བོད་ཀྱི་བརྡ་སྤྲོད་གཤིས་ལུགས་སམ་གང་ལྟར་འདི་འདྲའི་རིགས་ཧ་ཅང་མང་བ་དཔེར་ན། ཨ་ཇན་ཏཱ་བྲག་ཕུག་དང་། བྷོ་ཏཱ་མཆོད་རྟེན། ཏཱ་ཇི་མཱལ་བང་སོ། ནེའུ་ཡོག་གྲོང་ཁྱེར་སོགས་རེད།
ཨ་ཇན་ཏཱ་བྲག་ཕུག་དང་། བྷོ་ཏཱ་མཆོད་རྟེན། ཏཱ་ཇི་མཱལ་བང་སོ། ནེའུ་ཡོག་གྲོང་ཁྱེར་སོགས་རེད།
འདི་དང་འདི་ལྟ་བུ་མང་པོ་ཡིན་པ་བདེན་པ་རེད། ཡིན་ན་ཡང་། གོང་གི་འདི་དག་ནི། ཡུལ་བསྟན་པའི་ཁུལ་ཡིན་པས། འབྲེལ་སྒྲ་སྦྱར་ན་སྐྱོན་དུ་མི་སྣང་། འབྲེལ་སྒྲ་མ་སྦྱར་ན་ནི། དགོས་ས་ལ་ཆད་པའི་སྐྱོན་དུ་འཛིན།
གྲུ་གཟིངས་ཐྲི་ཐྲའ་ནིག་ལྟ་བུ་ཡིན་ན། དེ་དེ་ཉིད་ཡིན་དགོས་པས། འབྲེལ་སྒྲ་ནི་མི་འབྱོར། གལ་འབྲེལ་སྒྲ་སྦྱར་བ་ཡིན་ན་གོ་བ་གཞན་ཞིག་ཡོང་རྒྱུ་ཡིན་པས། དེ་ན།
གྲུ་གཟིངས་ཡིན་པ་གང་ཞིག་ལ། དེའི་ནང་ནས་གྲུ་གཟིངས་ཐྲི་ཐྲའ་ནིག་ཡིན་པའི་གསལ་ཁ་འདོན་པ་ཡིན་ན། གྲུ་གཟིངས་ཐྲི་ཐྲའ་ནིག་ཟེར་དགོས་བར་འདོད།
འབྲེལ་སྒྲ་བསྡུས་བ་ཡིན་པའི་ཁུལ་དུ་གོ་ན། ཐྲི་ཐྲའ་ནིའི་གྲུ་གཟིངས་ལྟ་བུ་ཟེར་དགོས་པས། དེ་ལ་གོ་བ་ལེན་སྟངས་མ་འདྲའི་ཁྱད་པར་ཞིག་འདུག་བསམ། དེ་ནི། དེ་དེ་ལ་འབྲེལ་མིན་དང་། དེ་དེ་ཉིད་ཡིན་མིན་སོགས་དབྱེ་བ་ཆེ་ཙམ་འདུག།
དེ་མིན་ཁྱེད་དང་གཞན་གྱིས་བཏགས་པའི་མྱིང་འདེགས་སྟངས་དེ་ཚོ་ནོ་དབྱིན་ཇིའི་བརྡ་སྤྲོད་དང་སྦྱར་བ་ལས། བོད་བརྡ་སྤྲོད་ཀྱི་འགྲོས་དང་མི་མཐུན་པར་འདོད་དོ།