སྲིན་འབུ་མེ་འཁྱེར་ནས།
ཉིན་སྔོན་ངས་ཁ་བརྡ་རུ་གྲོགས་པོ་ཨ་རིག་འགྱུར་མེད་ཀྱི་རྩོམ་ཡིག་ཅོག་མཐོང་སོང་ལ། དེའི་ནང་དོན་གཙོ་བོ་ནི་ད་ཐེངས་བོད་ནང་སློབ་མའི་སྐད་འབོད་དེ་ཉིད་ཆབ་སྲིད་ཀྱི་གནད་དོན་ལ་འབྲེལ་བ་མེད་ཚུལ་དང་། དེ་ཉིད་ཅིས་ཀྱང་ཆབ་སྲིད་ཀྱི་གནད་དོན་ཞིག་ཏུ་བརྡལ་བསྲེ་གཏང་མི་རུང་ཞེས་གསུངས་འདུག། ངས་བསམ་པར་སྐད་འབོད་འདི་ནི་ཐོག་མ་ཉིད་ནས་ཆབ་སྲིད་དང་འབྲེལ་བ་ཆེས་ཆེར་ཡོད་པ་ཞིག་རེད་སྙམ། མི་རིགས་ཤིག་གི་འཐབ་རྩོད་དང་རྒྱལ་ཁབ་ཞིག་གི་འཐབ་རྩོད་ནི་མི་རིག་གམ་རྒྱལ་ཁབ་དེའི་རང་ཉིད་ཀྱི་ཐོབ་ཐང་ཞིག་ཏུ་ཡིན་པ་དང་། དེ་ལས་གཙོ་བོ་ནི་མི་རིག་གམ་རྒྱལ་ཁབ་དེའི་ངོ་བོ་རྩོད་ལེན་བྱེད་པ་དེ་རེད། འོ་ན། མི་རིག་གམ་རྒྱལ་ཁབ་ཀྱི་ངོ་བོ་ཞེས་པ་དེ་ག་རེ་རེད་ཅེས་ན། དེ་ནི་གཙོ་བོ་མི་རིག་རང་ཉིད་ཀྱི་ཐོན་མིན་ཁྱད་ཆོས་དང་དེའི་ཁྱད་རྟགས་དེ་ཉིད་རྩོད་ལེན་བྱེད་པ་དེ་རེད་ལ། གནའ་ནས་ད་བར་མི་རིགས་ཀྱི་འཐབ་རྩོད་ག་འདྲ་ཞིག་ཡིན་ནའང་། གཙོ་བོར་རང་ཉིད་ཀྱི་སྐད་ཡིག་སྲོང་སྐྱོབ་དང་ཐོབ་ཐང་གླེང་པ་ནས་འགོ་འཛུགས་པ་ཡིན་པ་དང་། མི་རིགས་ཀྱི་ངོ་བོ་དེ་ཡང་གཙོ་བོར་མི་རིགས་དེའི་ངོ་བོ་སྟེ་སྐད་ཡིག་དང་ཐུན་མིན་རིགས་གཞུང་། ལེགས་བྱང་སོགས་བདག་ཉེར་དང་དེ་ཉིད་ལོངས་སྤྱོད་ཀྱི་ཐོབ་ཐང་ངོ་མ་དེ་རྩོད་ལེན་བྱེད་པ་དེ་རེད།
རླབས་ཆེན་གྱི་གསར་བརྗེ་པ་དང་རིག་གནས་ཅན་མྲ་ཁི་སི་(马克思)དང་ཨིན་ཁི་སིས་(恩克思)ཀྱང་མི་རིགས་ཤིག་རྩ་མེད་དུ་གཏོང་དགོས་ན། ཐོག་མར་མི་རིགས་དེའི་སྐད་ཡིག་དང་རིག་གཞུང་རྩ་མེད་དུ་གཏང་དགོས་པ་སོགས་མི་རིགས་བཙན་འཛུལ་པ་རྣམས་ལ་རླབས་ཆེན་གྱི་བསླབ་བྱ་བསྐྱོན་ཡོད་རེད་ལ། རྒྱ་ནག་གི་གཙོ་འཛིན་མའོ་ཙེ་ཏུང་(毛泽东)གིས་ཀྱང་དེ་མཐུན་གྱིས་བོད་ཐོག་ལག་ལེན་བསྟར་པ་རེད། ༧གོང་ས་མཆོག་དང་བོད་ཀྱི་ལ་ཞེན་པ་ཚོས་ནམ་ཀུན་ཐུགས་ཁྲལ་གནང་པའི་གནད་དོན་ཞིག་ཀྱང་རེད། སྐད་དང་ཡི་གེ་ནི་མི་རིགས་ཤིག་གི་བླ་སྲོག་རེད་ལ། མི་རིགས་གང་ཞིག་ཡར་རྒྱས་ཀྱི་གོམ་པ་མཐོར་འདེབས་གཏོང་པའི་ལག་ཆ་གཙོ་བོ་དེའང་རེད། མི་རིགས་འཐབ་རྩོད་ཀྱི་འབོད་ཚིག་སྣ་ཚོགས་ཡོད་ཆོག་པ་དང་། དེ་ལ་མིས་འཛིན་ས་ཡོད་པའི་སྐད་འབོད་དང་མིས་འཛིན་ས་མེད་པ་དང་བཤད་ས་མེད་པའི་སྐད་འབོད་སོགས་མང་པོ་ཡོད། ད་ཐེངས་བོད་ནང་སློབ་མས་སྐད་འབོད་བརྒྱབས་པའི་འབོད་ཚིག་དེ་ནི་གཙོ་བོ་རྒྱ་ནག་གི་འཁྲིམས་ལུགས་དང་མ་འགལ་པ་དང་བོད་ཀྱི་ཆབ་སྲིད་ཀྱི་གནད་དོན་འགྲུབ་པར་ཤིན་ཏུ་ནས་རན་པའི་འབོད་ཚིག་ཅིག་ཡིན་པ་དང་། གཞིས་གཞུགས་བོད་མི་གསར་སྐྱེ་ཚོའི་དེང་དུས་ཀྱི་ཆབ་སྲིད་འགྲོ་སྟངས་ལ་ཆ་རྒྱུས་དང་རྒྱུས་མངའ་ཐེབས་པའི་གྲུབ་འབྲེལ་རེད་ལ། དེ་ནི་ཆབ་སྲིད་ཀྱི་འཐོབ་རྩོད་ལེགས་ཤོས་ཤིག་དང་ནུས་པའང་ཆེ་ཤོས་ཤིག་ཀྱང་ཡིན་སྙམ།
དྲ་གྲོགས་ཚོ། གོང་གི་རྩོམ་ཐུང་དེའི་ནང་ཡིག་ནོར་ཁ་ཤས་ཤོར་འདུག་པར་དགོངས་དག་ཞུ་རྒྱུ་ཡིན།