མི་ལ་ཙི་ཙི།
(སྲིད་གཞུང་ལ་གྲོས་སུ་འདེབས་པ།)
ཧྲིན་ཀྲིན་དཔལ་འབྱོར་དམིགས་ས(深圳经济特区)བཙུགས་ཏེ་ལོ་འཁོར30ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་། རྒྱལ་ཁབ་གྱི་ཀྲུའུ་ཞི་ཧུའུ་ཅིན་ཐོས་ཁྱད་པར་དུ༿ཁྲིམས་བཞིན་དམངས་གཙོའི་འདེམས་བསྐོ་དང་། དམངས་གཙོའི་གྲོས་ཆོད། དམངས་གཙོའི་དོ་དམ། དམངས་གཙོའི་ལྟ་རྟོགས་ལག་བསྟར་བྱེད་པ་དང་། སྤྱི་ཚོགས་གནས་ཚུལ་ཤེས་པ་དང་། གནད་དོན་ཐག་གཅོད་དུ་ཞུགས་པ། སོ་སོའི་ལྟ་ཚུལ་མཚོན་པ་སོགས་མི་དམངས་ཀྱི་དབང་ཆ་ལ་ཁག་ཐེག་དང་སྲུང་སྐྱོབ་བྱེད༾དགོས་ཞེས་བསྟན།(“依法实行民主选举、民主决策、民主管理、民主监督,保障人民的知情权、参与权、表达权、监督权”)
ཡང་རྒྱལ་ཁབ་ཀྱི་ཙུང་ལི་ཝུན་ཇ་པོ་ཡིས། ཟླ་དགུ་པའི་ཟླ་མཇུག་ཏུ་ཨ་རིའི༼དུས་རབས༽གཟའ་དེབ(《时代》周刊)དང་སྐུད་ལམ་གསར་འགྱུར་དྲ་རྒྱའི(CNN)བཅར་འདྲི་དང་ལེན་བྱས་ཡོད་ལ། དེར་མཉམ་སྦྲེལ་དྲ་རྒྱའི་དོ་དམ(互联网管制)དང་སྨྲ་བརྗོད་རང་དབང་སོགས་རྫི་གསང་རྣོ་བའི་དྲི་གཞིར་ལན་གདབས་དུས་རྣམ་འགྱུར་གསལ་ཐག་ཆོད་པའི་ངང༿ཀྲུང་གོ་མུ་མཐུད་དུ་མདུན་དུ་སྐྱོད་པ་རེད། མི་དམངས་ཀྱིས་དམངས་གཙོ་རང་དབང་ལ་རེ་སྙེག་བྱེད་པ་ཡང་འགོག་ཐབས་མེད་པ་ཞིག་རེད༾(“中国将继续进步,人民对民主自由的诉求是不可抗拒的”)ཅེས་བསྟན་འདུག ད་དུང༿སྨྲ་བརྗོད་རང་དབང་ནི་རྒྱལ་ཁབ་གང་ལ་མཚོན་ན་ཡང་མེད་དུ་མི་རུང་བ་ཞིག་རེད། ……ངས་རྒྱུན་པར། ང་ཚོས་མི་རྣམས་ལ་སྨྲ་བརྗོད་རང་དབང་ཡོད་དུ་འཇུག་རྒྱུ་མ་ཟད། དེ་བས་ཀྱང་གལ་ཆེ་བ་ནི། ང་ཚོས་མཐུན་རྐྱེན་བསྒྲུབ་སྟེ་ཁོ་ཚོར་སྲིད་གཞུང་གི་བྱ་བར་སྐྱོན་བརྗོད་བྱེད་དུ་འཇུག་དགོས༾“言论自由队任何国家都不可或缺的……我经常说,我们不仅应当让人们有言论自由,更重要的是,我们还要创造条件让他们政府的工作”)ཞེས་བསྟན་ཡོད་པ་རེད།
བདག་གིས་བཤད་འདོད་པ་ནི་ཏང་དང་རྒྱལ་ཁབ་ཀྱི་ཆེས་མཐོའི་གཙོ་འཛིན་ཀྱིས་ཀྲུང་དབྱང་གི་ཚབ་བྱས་ཏེ་རྒྱབ་ཁབ་ཕྱི་ནང་དུ་ཆེ་རུ་སྒྲོག་པའི་སྲིད་ཇུས་འདི་འདྲ་ནི། རབ་དང་རིམ་པའི་ས་གནས་སྲིད་གཞུང་སོ་སོས་ལག་བསྟར་བྱེད་དམ་མི་བྱེད། གལ་ཏེ་མི་བྱེད་ན་སྲིད་གཞུང་གང་དེས་ཏང་གི་བཀའ་བརྩི་ཡི་ཡོད་དམ་མེད། གལ་ཏེ་ཏང་གི་བཀའ་བརྩི་ཡི་མེད་ན་སྲིད་གཞུང་གང་དེ་ཏང་ལ་བློ་དཀར་རམ་མི་དཀར། གལ་ཏེ་ཏང་ལ་བློ་མི་དཀར་བའི་སྲིད་གཞུང་ཞིག་ཡིན་ན་དེ་ནི་མི་དམངས་ཀྱིས་བློ་གཏོད་ཆོག་པའི་སྲིད་གཞུང་ཞིག་ཡིན་ནམ་མིན་ཞེས་པ་དེ་ཡིན།
འདིར་མཐུད་དེ་གླེང་འདོད་པ་ནི་ཉེ་བའི་ཆར་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས༼ 2010-2020ལོའི་མཚོ་སྔོན་ཞིང་ཆེན་གྱི་དུས་ཡུན་འབྲིང་རིང་གི་སློབ་གསོ་བཅོས་བསྒྱུར་དང་འཕེལ་རྒྱས་ཀྱི་འཆར་འགོད་རྩ་གནད ༽(《青海省中长期教育改革和发展规划纲要 2010—2020年 》)ཅེས་པའི་སློབ་གསོའི་སྲིད་ཇུས་ཡིག་ཆ་སྒྲོག་ལ། དེ་ལས་དོན་ཚན་བཅུ་གཅིག་པ༼ མི་རིགས་སློབ་གསོའི ༽ལེའུ་ལས་བོད་ཀྱི་སྐད་དང་ཡི་གེའི་སློབ་གསོའི་ཐད་ཀྱི་གོ་ས་སོགས་ལ་སྐྱར་དུ་ཐག་གཅོད་གསར་བ་བྱས་འདུག དེར་བོད་ས་ཁུལ་སོ་སོའི་སློབ་གྲྭ་ཆེ་འབྲིང་ཁག་ནས་དེ་དོན་དང་ལེན་བྱེད་མི་འདོད་པའི་རྣམ་འགྱུར་བསྟན་ཏེ་ཞི་བའི་ཁྲོམ་སྐོར་དང་སྐད་འབོད་ཅི་རིགས་བྱས་ཡོད་པ་རེད། དེ་ལྟ་ན་སྲིད་གཞུང་གིས་ནི་རྩོམ་འདིའི་མགོ་ཡི་སྤྱི་ཁྱབ་ཧྲུའུ་ཅི་དང་ཙུང་ལི་རྣམ་གཉིས་ཀྱིས་སྟོན་གྱིན་པའི་དཀྱེལ་ཡངས་ཁོད་སྙོམས་ཀྱི་ཆབ་སྲིད་ལྟ་བ་དེ་ལྟ་བུ་ལག་ཏུ་བསྟར་གྱིན་མེད་དམ་ཅི། ཡང་ན་ལྡོག་སྟེ་བསྒྲུབ་ཀྱིན་ཡོད་དམ་ཅི།
འདིར་བདག་གིས་ཀྱང་དྲ་ཚིགས་གླེང་མོལ་གྱི་ཟུར་ངོས་ནས་ཡིག་ཆ་འདིའི་ནང་དོན་ནམ་ཐ་སྙད་གལ་ཆེན་འགའ་ཟུར་ཏུ་བཀོལ་ཏེ་རང་གི་ལྟ་ཚུལ་ལྷུག་པོར་བརྗོད་ཡོད།
དང་པོ། ཁྲིམས་ལུགས་དང་སྒྲིག་ཁྲིམས།
༿ ཕྱོགས་ཡོངས་ནས་ཏང་གི་མི་རིགས་སྲིད་ཇུས་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཁྲིམས་ལུགས་དང་སྒྲིག་ཁྲིམས་ལག་བསྟར་བྱས་ཏེ……༾ ཟེར།
1.༼ མི་རིགས་རང་སྐྱོང་མངའ་ཁོངས་བཅའ་ཁྲིམས༽ཀྱི་ལེའུ་དྲུག་པའི་དོན་ཚན་ཞེ་དགུ་པར༿ མི་རིགས་རང་སྐྱོང་ས་ཁུལ་གྱི་རང་སྐྱོང་སྲིད་གཞུང་གིས་མི་རིགས་ལས་བྱེད་མི་སྣས་ཕན་ཚུན་གྱི་སྐད་དང་ཡི་གེ་སྦྱོང་རེས་བྱེད་རྒྱུར་སློབ་གསོ་དང་སྐུལ་སློང་བྱེད་དགོས། རྒྱ་རིགས་ལས་བྱེད་པས་ས་གནས་མི་རིགས་གྲངས་ཉུང་གི་སྐད་དང་ཡི་གེར་སློབ་སྦྱོང་བྱེད་དགོས། མི་རིགས་གྲངས་ཉུང་གི་ལས་བྱེད་མི་སྣས་རང་མི་རིགས་ཀྱི་སྐད་དང་ཡི་གེ་སློབ་སྦྱོང་དང་བཀོད་སྤྱོད་བྱེད་པའི་ཞོར་ནས། རྒྱལ་ཡོངས་ཀྱིས་བཀོད་སྤྱོད་བྱེད་ཀྱིན་པའི་སྤྱི་སྐད་དང་ཚད་ལྡན་ཡི་གེ་ལ་སློབ་སྦྱོང་བྱེད་དགོས།༾ ཞེས་འཁོད་འདུག
2.༼ མི་རིགས་རང་སྐྱོང་མངའ་ཁོངས་བཅའ་ཁྲིམས༽དོན་ཚན་སོ་བདུན་པར། ༿མི་རིགས་གྲངས་ཉུང་གི་སློབ་མ་གཙོ་བོར་བསྡུ་ལེན་བྱེད་པའི་སློབ་གྲྭ་དང(ཡང་ན་འཛིན་གྲྭ)སློབ་གསོའི་ལས་ཁུངས་གཞན་པས། ཆ་རྐྱེན་ལྡན་པ་ཡིས་མི་རིགས་གྲངས་ཉུང་གི་སྐད་ཀྱིས་སློབ་ཁྲིད་བྱེད་དགོས་ངེས། གནས་ཚུལ་ལ་གཞིགས་ཏེ་སློབ་ཆུང་ལོ་རིམ་དམའ་མོའམ་མཐོན་པོར་བུད་ཚེ་ད་གཟོད་རྒྱའི་སྐད་ཡིག་གི་སློབ་ཁྲིད་ཕྱེས་ཏེ། རྒྱལ་ཡོངས་ཀྱིས་བཀོལ་བའི་སྤྱི་སྐད་དང་ཚད་ལྡན་ཡི་གེ་ཁྱབ་གདལ་གཏོང་བ༾ཞེས་འཁོད་འདུག
3.ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི༼རྩ་ཁྲིམས༽ལེའུ་དང་པོའི་དོན་ཚན་བཞི་བར༿མི་རིགས་སོ་སོར་རང་གི་སྐད་དང་ཡི་གེ་བཀོལ་སྤྱོད་བྱེད་པའི་རང་དབང་ཡོད༾ཞེས་འཁོད་འདུག
4.༼རྩ་ཁྲིམས༽དེའི་ལེའུ་གསུམ་པའི་ལེ་ལག་དྲུག་པའི་དོན་ཚན་བརྒྱ་དང་ཉི་ཤུ་རྩ་གཅིག་པར
༿མི་རིགས་རང་སྐྱོང་ས་ཁུལ་གྱི་རང་སྐྱོང་སྲིད་གཞུང་གིས་དབང་ཆ་བེད་སྤྱད་དེ་བྱ་བ་བསྒྲུབ་དུས། མི་རིགས་དེའི་རང་སྐྱོང་ས་ཁུལ་གྱི་རང་སྐྱོང་བཅའ་ཡིག་ནང་བཞིན། ས་གནས་དེས་གཅིག་སྤྱོད་བྱེད་ཀྱིན་པའི་སྐད་རིགས་གཅིག་གམ་ཡང་ན་སྐད་དང་ཡི་གེ་འགའ་ཞིག་བཀོལ་སྤྱོད་བྱེད་ཆོག༾ཅེས་འཁོད་འདུག
བདག་གིས་འདྲི་བར་འདོད་པ་ནི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལྟར་གཏན་འབེབས་བྱས་པའི༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་རང་སྐྱོང་མངའ་ཁོངས་བཅའ་ཁྲིམས༽དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གི་འབྲེལ་ཡོད་མི་རིགས་གྲངས་ཉུང་གི་སྐད་དང་ཡི་གེའི་ཕྱོགས་ཀྱི་ཐག་གཅོད་འདི་དག་ཁྲིམས་ལུགས་དང་སྒྲིག་ཁྲིམས་ཤིག་ཡིན་ནམ་མིན། ཡང་ན་འདི་ལ་ཁྲིམས་ཀྱི་སྲུང་སྐྱོབ་ཡོད་དམ་མེད། གལ་སྲིད་མེད་ན་ཁྲིམས་ཟེར་བ་མ་གཞི་ནས་ཁྲིམས་ཤིག་ཡིན་ནམ་ནམ། ཁྲིམས་རང་ཉིད་ཁྲིམས་སུ་མི་བརྩི་བའི་སྲིད་གཞུང་ཞིག་ལ་ཁྲིམས་བརྩི་བར་འདོད་པའི་འབངས་ཀྱི་བརྩི་བཀུར་ཐོབ་བམ་མི་ཐོབ།
གཉིས་པ། རྒྱལ་ཁབ་ཀྱི་ཐུན་མོང་དུ་སྤྱོད་པའི་སྐད་དང་ཡི་གེ།
༿རྒྱལ་ཁབ་ཀྱི་ཐུན་མོང་དུ་སྤྱོད་པའི་སྐད་དང་ཡི་གེས་སློབ་ཁྲིད་བཅོས་བསྒྱུར་དང་འཕེལ་རྒྱས་ལ་སྐུལ་འདེད་བྱེད་དགོས། རྒྱལ་ཁབ་ཀྱི་ཐུན་མོང་དུ་སྤྱོད་པའི་སྐད་དང་ཡི་གེས་སློབ་ཁྲིད་བྱེད་པ་གཙོ་བོར་འཛིན་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ་དང་། དེའི་མཚུངས་སུ་མི་རིགས་ཀྱི་སྐད་ཡིག་བསླབ་རྒྱུ། རྒྱལ་ཁབ་ཀྱི་ཐུན་མོང་དུ་སྤྱོད་པའི་སྐད་དང་ཡི་གེ་སློབ་ཁྲིད་ཀྱི་སྐད་ཆར་བཞག་སྟེ། གྲངས་ཉུང་མི་རིགས་ཀྱི་སློབ་མས་རྒྱལ་ཁབ་ཀྱི་ཐུན་མོང་དུ་སྤྱོད་པའི་སྐད་དང་ཡི་གེ་མི་རིགས་རང་གི་སྐད་དང་ཡི་གེ་གཉིས་ལ་ཅུང་བྱང་ཆ་ཡོད་པ་བྱེད་དགོས༾
དོན་དུ་རྒྱལ་ཁབ་ཀྱི་ཐུན་མོང་དུ་སྤྱོད་པའི་སྐད་དང་ཡི་གེ་ཟེར་བ་དེ་ནི་གཞན་མ་རེད། དེ་ནི་རྒྱ་སྐད་དང་རྒྱ་ཡིག་རེད། ཡང་དཔེ་བཞག་ན་གོང་གསལ་གྱི་ཡི་གེ་ཚན་པ་དེ་བཞིན་ཡི་གེ་ཐིགས་ཕྲེང་དྲུག་ལས༿རྒྱལ་ཁབ་ཀྱི་ཐུན་མོང་དུ་སྤྱོད་པའི་སྐད་དང་ཡི་གེ༾ཞེས་ཐེངས་ལྔ་ལ་གླེང་འོང་དུས། རྒྱལ་ཁབ་འདི་ནས་རྒྱ་སྐད་དང་རྒྱ་ཡིག་ཨང་དང་པོ་དང་མི་རིགས་གྲངས་ཉུང་གི་སྐད་དང་ཡི་གེ་དེའི་འཕྲོའམ་ཡང་ན་མིང་ཙམ་ཡིན་པའི་ཤན་སྟོབས་སྤྱི་ཚོགས་སུ་བཞག་ཚར་ཡོད་པ་རེད། གཞན་དུ་ན་མི་རིགས་གྲང་ཉུང་གི་སྐད་དང་ཡི་གེ་ནི་དངོས་གནས་སྤྱི་ཚོགས་འཕེལ་རྒྱས་ཀྱི་གེགས་དང་བར་ཆད་ཅིག་ཡིན་ནམ། དཔལ་ཡོན་དར་སྤེལ་གྱི་གདོས་དང་ཁུར་བོ་ཞིག་ཡིན་ནམ། དེ་ལྟ་ན་དཔལ་ཡོན་དང་རིག་གནས་སོགས་ཕྱོགས་ཀུན་ནས་སྟོབས་ལྡན་ཡིན་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་དང་བསྡུར་ན་ཀྲུང་གོ་ཡང་མི་རིགས་ཆུང་ཆུང་ཞིག་གམ་མི་རིགས་གྲངས་ཉུང་ཞིག་རེད་ལ། དེས་ན་རྒྱལ་ཁབ་དེ་དག་གི་རྫར་ཆོད་པའི་ཕྱིར། ཀྲུང་གོས་ཀྱང་མ་མཐར་ཡང་ནང་ཁུལ་དང་མཚོ་འགྲམ་གྱི་སློབ་གྲྭ་ཆེ་ཁག་གི་སློབ་གསོའི་སྐད་དང་ཡི་གེ་དབྱིན་ཇིར་བསྒྱུར་བཞག་ན་ཅི་དགའ། འོན་ཀྱང་དཔལ་འབྱོར་ཅི་ལྟར་འཕེལ་རྒྱས་སུ་སོང་ན༼རྒྱལ་རིག༽(国学)ཟེར་བ་དེ་དེ་ལྟར་ལོ་རྒྱུས་ཀྱི་ས་རྡུལ་རིམ་པ་དགུ་ཡི་འོག་ནས་ཕྱུང་ཡོང་སྟེ་ཕྱི་བདར་དང་། ཞིབ་འཇུག་དང་། ཐ་ན་ཕྱག་འཚལ་དང་མཆོད་འབུལ་བྱེད་ཀྱིན་འདུག ད་དུང་། རུའུ་ལུགས(儒家思想)བསམ་བློ་ཞེས་འཛམ་བུ་གླིང་ལ་ཕུགས་རྡིག་ཏུ་ངོམ་སོ་བྱེད་ཀྱིན་འདུག ད་དུང་ཁོང་ཙི(孔子)ཞེས་པའི་རྒད་པོ་དེ་ཀྲུང་གོའི་སྣང་བརྙན་དུ་བཞེངས་སྐྲུན་བྱས་ཏེ་སློབ་གྲྭའི་སློབ་དེབ་ནས་གཙོ་འཛིན་གྱི་གསུང་རྩོམ། རོལ་མོ་ཟློས་གར་ནས་གློག་བརྙན་སྒྱུ་རྩལ་བར་ཆེས་ཆེ་རུ་སྒྲོག་ལ་ཆེས་ཆེ་རུ་འཕྱར་གྱིན་འདུག མ་གཏོགས་སྔོན་ཐོན་མི་རིགས་གང་ཞིག་གི་རྗེས་ཆོད་པའི་ཕྱིར་སྐད་དང་ཡི་གེ་གཙོ་བྱས་པའི་སྲོལ་རྒྱུན་འདི་དག་དམའ་རུ་ཕབ་བཞག་ཡོད་པ་ཞིག་གཏན་ནས་མཐོང་མ་བྱུང་།
འོ་ན་མི་རིགས་འདྲ་མཉམ་ཡིན་ཟེར་བའི་རྒྱལ་ཁབ་འདི་ནས་བོད་དག་ཀྱང་འཁོས་ཞན་གཉོམ་ཆུང་ཡིན་རུང་མི་རིགས་ཤིག་ཡིན་ལ། མ་ཟད་སྐད་དང་ཡི་གེ་ཡང་སྤྱི་ཚོགས་སུ་གསོན་པོར་ཡོད་པ་རེད། འོ་ན་ང་ཚོས་ཀྱང་རང་གི་སྐད་དང་ཡི་གེའི་ཕྱིར་སྐད་ཆ་བཤད་ན་ཆོག་གམ། རང་གི་རིག་གནས་དང་སྲོལ་རྒྱུན་གྱི་ཕྱིར་ཡི་གེ་བྲིས་ན་ཆོག་གམ། གལ་སྲིད་མི་ཆོག་ན་འདྲ་མཉམ་ཟེར་བ་དེ་སྐྱག་རྫུན་རེད་ལ་མི་རིགས་སྲིད་ཇུས་ཟེར་བ་དེ་ཡང་མགོ་གཡོག་སྤྱད་ཅིག་ལས་གང་ཡང་མ་རེད།
གསུམ། བྱིས་པ་མཉམ་བསྲེས།
༿མི་རིགས་ས་གནས་ཁག་ཏུ་སློབ་ལོ་མ་རན་གོང་གི༼སྐད་གཉིས༽ཅན་གྱི་བུ་བཅོལ་ཁང་འཛུགས་པར་རྒྱབ་སྐྱོར་དང་། གྲངས་ཉུང་མི་རིགས་དང་རྒྱ་རིགས་ཀྱི་བྱིས་པ་མཉམ་བསྲེས་ཀྱི་བུ་བཅོལ་ཁང་དང་། གྲངས་ཉུང་མི་རིགས་དང་རྒྱ་རིགས་ཀྱི་བྱིས་པ་མཉམ་བསྲེས་འཛིན་གྲྭ་འཛུགས་རྒྱུ་སྐུལ་སྤེལ་བྱ་རྒྱུ། ……མི་རིགས་སློབ་འབྲིང་དང་སྤྱིར་བཏང་གི་སློབ་གྲྭ་ཆུང་འབྲིང་རྣམས་ཀྱིས་ཐོན་ཁུངས་མཉམ་སྤྱོད་བྱ་རྒྱུར་སྐུལ་འདེད་བྱས་ཏེ། གྲངས་ཉུང་མི་རིགས་ཀྱི་སློབ་གྲྭ་དང་རྒྱ་རིགས་སློབ་གྲྭ་མཉམ་བསྲེས་བྱེད་རྒྱུ་ལག་བསྟར་དང་། སློབ་ཁྲིད་ཁོར་ཡུག་བསྒྱུར་བཅོས་དང་། གསོ་སྐྱོང་གི་རྣམ་པ་ཇེ་ལེགས་སུ་གཏོང་དགོས༾
བདག་གིས་བལྟས་ན་མཉམ་བསྲེས་ཞེས་པའི་ཐོག་མའི་ཆ་རྐྱེན་ནི་མཉམ་པོ་ཡོང་རྒྱུ་དེ་རེད། དེ་ཡང་རིག་གནས་འདུ་ཤེས། སྲོལ་རྒྱུན་ལྟ་བ། ཤེས་བྱའི་སྒྲིག་གཞི་སོགས་ཕལ་ཆེར་མཉམ་པོ་ཡོང་རྒྱུ་དེ་ལས་གཞན་མ་རེད། དེ་མིན་པར་ཅིག་ཤས་གཙོ་རྒྱུག་དང་ཅིག་ཤས་ཁོང་གཏོགས་ཡིན་པའི་རིག་གནས་གཉིས་ལྷན་དུ་སྡེབ་ན་དེ་ནི་བསྲེས་པ་ཡིན་དུ་ཆེ་ཡང་། མཉམ་པ་ཞིག་ལར་ནས་ཐོན་ཐབས་མི་འདུག དཔེར་ན་རྒྱའི་བྱིས་པ་དང་བོད་ཀྱི་བྱིས་པ་གཉིས་ལྷན་དུ་བསྡེབས་ཏེ་འཛིན་གྲྭ་ཞིག་བཙུགས་པ་ཡིན་ན། སུའི་སྐད་དང་ཡི་གེ་གཙོ་བོར་འཛིན་རྒྱུ་རེད། མདོར་ན་སུའི་རིག་གནས་གཙོ་བོར་འཛིན་རྒྱུ་རེད། དེ་ནི་བཤད་མ་དགོས་ཏེ་རྒྱ་སྐད་དང་རྒྱ་ཡིག་གཙོ་བོར་འཛིན་རྒྱུ་རེད། རྒྱའི་རིག་གནས་གཙོ་བོར་འཛིན་རྒྱུ་རེད། རྒྱའི་ལྟ་བ་གཙོ་བོར་འཛིན་རྒྱུ་རེད། འོ་ན་འཛིན་གྲྭ་དེའི་བོད་ཀྱི་བྱིས་པ་ཚོས་རང་བཞིན་སྒོས་རང་གི་བོད་སྐད་དང་བོད་ཡིག་བསྐྱུར་རྒྱུ་རེད། རྒྱུ་མཚན་ནི་དེ་ལ་བཀོལ་ས་སྤུ་ཙམ་མེད་པས་དེས་ཅི་བྱེད། དེ་སློབ་རྒྱུ་ནི་ལས་ཀ་ལྷག་མ་ཞིག་མིན་ནམ། ཕུགས་བསམ་རིང་ལུགས་མཇུག་རྫོགས་ལ་དངོས་ཕན་རིང་ལུགས་ལུད་ཀྱིན་པའི་དེ་རིང་། སུ་ཞིག་གིས་དངུལ་སྐར་ལི་གང་གི་ཁེ་ཕོགས་མེད་པའི་རིག་གནས་ཤིག་ལ་སྦྱོང་བ་བྱེད། དེ་ལ་སྲིད་པའི་དཔེ་ཡོད་པ་མ་རེད། དེ་ནི་དཔེར་ན་རྒྱ་རིགས་བློ་མཐུན་ཚོས་ཁོ་ཚོར་ཕན་པ་གང་ཡང་སྟེར་མི་ཐུབ་པའི་བོད་ཡིག་དང་བོད་སྐད་མི་སྦྱོང་བ་དང་འདྲ་བ་ཞེ་དྲགས་རེད། ༿སྔོན་ཆད་ཀྱི་ཆབ་ཆའི་ཁུལ་དཔོན་འདས་པོ་དོན་གྲུབ་རྒྱལ་ཀྱིས། མི་རིགས་ས་གནས་རང་སྐྱོང་བཅའ་ཁྲིམས་གཞིར་བཟུང་ཐོག་ཤིང་རྟའི་སྲོལ་ཕྱེས་ཏེ་རྒྱགས་ཤིང་གཉན་པོར་གྱུར་ཡོད་པའི་རྒྱའི་དཔོན་རིགས་དང་ལས་བྱེད་ཕལ་བ་སྐོར་ཞིག་ལ་ས་གནས་དེའི་མི་རིགས་ཀྱི་སྐད་དང་ཡི་གེ་ཅུང་ཞིག་སློབ་ཏུ་བཅུག་སྟེ། ཟུར་ངོས་ཅུང་ཆེ་ས་ཞིག་ནས་ས་གནས་གྲངས་ཉུང་མི་རིགས་ཀྱི་རིག་གནས་དེ་ཡང་དེ་ལྟར་སྣང་མེད་དུ་འཇོག་རྒྱུ་ཞིག་མིན་ཚུལ་བསྟན་སོང་བ་རེད། འོན་ཀྱང་དཔེ་གཞི་དེ་ནི་ཆེས་ཐོག་མ་རེད་ལ་ཆེས་མཐའ་མར་ཡང་གྱུར་སོང་བ་རེད། དེ་ནི་འུ་ཚོའི་ས་གནས་ཀྱི་བོད་རིགས་དཔོན་པོ་གཞན་གྱི་འཕོངས་ལྡག་མཁན་དང་རང་གི་བླ་འཚོང་མཁན་དེ་ཚོའི་གཉའ་འགན་སྒུལ་རྒྱུ་མེད་པ་དེ་རེད། ༾
དེ་ལྟར་ཡིན་ན་རང་བཞིན་སྒོས་དོན་དག་ཅིག་འབྱུང་སྲིད། དེ་ནི་བོད་ཀྱི་བྱིས་པ་ཚོར་རང་གི་སྐད་དང་ཡི་གེ་སྦྱོང་བའི་ཁོར་ཡུག་གཏན་ནས་ཆགས་ཐུབ་རྒྱུ་མ་རེད། ༿ཁྱོད་ཀྱིས་རང་གི་སྐད་དང་ཡི་གེ་སློབ་ན་ཆོག་ཨཱ༾ལྟ་བུའི་འགན་མི་འཁུར་བའི་དཔོན་སྐད་མཁའ་དབུགས་ལྟར་ཡང་ཞིང་གཡོ་བ་དེ་ནི་ཁ་གཡོར་ས་ཙམ་རེད་ལ། ཤོག་སྐྱ་ལས་སྲབ་པའི་མཐའ་མཇུག་གི་རྫུ་བག་ཙམ་པོ་ཡང་རེད། དེ་ལྟར་རིམ་བཞིན་བོད་ཀྱི་བྱིས་པ་ཚོས་རང་གི་སྐད་དང་ཡི་གེ་བརྗེད། རང་གི་རིག་གནས་འདུ་ཤེས་བརྗེད། རང་གི་སྲོལ་རྒྱུན་ལྟ་བ་བརྗེད། མཐའ་མར་རང་གི་ཕ་མེས་མང་མེས་ནས་སྐྱེས་སའི་ཕ་ཡུལ་ཡང་བརྗེད་སྲིད་ལ། དེ་དུས་ཕལ་ཆེར་ཁྱོད་བོད་ཅིག་རེད་ཅེས་བཤད་ཚེ་ལ་ལ་ངོ་ཚ་ཡང་སྲིད། འདི་ནི་མི་རིགས་ཤིག་གཞི་ནས་བྱེ་མའི་ཀླུང་དུ་ཆུ་ཚན་བཞིན་ཐིམ་ཚར་བའི་རྟགས་རེད། མདོར་དྲིལ་ན་འདི་ནི་དེང་སང་མང་མང་གིས་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་བང་མཛོད་ནང་གི་ནོར་བུ་ཞིག་ཅེས་གླེང་བར་སྤྲོ་བའི་བོད་ཀྱི་རིག་གནས་ཟེར་བ་དེ་ནམ་ཡང་ལོ་རྒྱུས་བཤམ་སྟོན་ཁང་དུ་བསྐྱལ་ཚར་བའི་དུས་ཀྱང་རེད།
དེ་བས་བདག་གིས་བལྟས་ན་རྒྱ་རིགས་བྱིས་པ་དང་བོད་རིགས་བྱིས་པ་གཉིས་མཉམ་བསྲེས་བྱས་ཏེ་འཛིན་གྲྭ་བསྒྲུབ་པའི་གྲོས་ཆོད་འདི་གཏན་ནས་ཁས་ལེན་ཐབས་བྲལ་བའི་དོན་ཞིག་རེད། གོ་བདེར་བཤད་ན་འདི་ལྟའི་མཉམ་བསྲེས་ནི་རྡེའུ་རྒྱ་མཚོའི་ནང་དུ་བསྐྱུར་བའམ། ཡང་ན་རྒྱ་ཁབ་ས་ཡོག་ཏུ་འཛེར་བའི་དཔེ་རེད།
བཞི། དགེ་རྒན།
༿ ༼སྐད་གཉིས༽བསླབ་གཞི་དང་དགེ་རྒན་གསོ་སྐྱོང་ཟབ་སྦྱོང་གི་ལྟེ་གནས་འཛུགས་སྐྲུན་ལ་ཤུགས་སྣོན་བྱ་རྒྱུ།༾
འདིའི་དོན་ནི་ཅི་ཞིག་ཡིན་ནམ། དགེ་རྒན་གསོ་སྐྱོང་ཟབ་སྦྱོང་ལ་ཅིའི་ཕྱིར་གློ་བུར་དུ་ཤུགས་སྣོན་བྱེད་དགོས་པ་བྱུང་བ་རེད། དེ་ལྟར་དྲིས་ན་ཡང་མ་རེད། འོ་ན། འདི་ནི་དགེ་རྒན་གྱི་རིག་གནས་སྒྲིག་གཞི་ཁྱོན་ཡོངས་ནས་མཐོར་འདེགས་བྱེད་པ་ལ་ཟེར་བ་ཡིན་ནམ། ཡང་ན་རྒྱ་ཡིག་གི་ལམ་ནས་སློབ་ཁྲིད་བྱེད་ཐུབ་པའི་ནུས་པ་ཇེ་མཐོར་གཏོང་བར་ཟེར་བ་ཡིན་ནམ།
བདག་གིས་སྐད་ཆ་རབ་བེ་རུབ་བེ་འདིའི་ནང་དོན་འདི་ལྟར་གོ་བ་བླངས་ན་ཅི་འདྲ་རེད། དེ་ནི་བོད་རིགས་དགེ་རྒན་ཚོའི་རྒྱ་སྐད་དང་རྒྱ་ཡིག་གི་ཆུ་ཚད་ཇེ་མཐོར་བཏང་སྟེ། ཕྱིར་སོང་རྗེས་བོད་ཀྱི་སློབ་མར་རྒྱ་སྐད་ཀྱི་ལམ་ནས་སློབ་ཁྲིད་བྱེད་བདེ་བའི་ཕྱིར་གསོ་སྦྱོང་ལ་ཤུགས་སྣོན་བྱེད་དགོས་པ་རེད། དེ་ཨེ་རེད།
༿དམིགས་བསལ་སྲིད་ཇུས་གཏན་འབེབ་ཀྱིས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་གྲངས་ཉུང་མི་རིགས་ས་ཁུལ་དུ་སོང་ནས་དགེ་རྒན་བྱེད་པར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་རྒྱུ།༾
འདི་ནི་གབ་ཚིག་ཅིག་དང་འདྲ། དམིགས་བསལ་གྱི་སྲིད་ཇུས་ཟེར་བ་དེ་ག་འདྲ་ཞིག་ལ་གོ་ན་འགྲིག དེ་ནི་མི་རིགས་ཤིག་གི་སྟོབས་ཆེ་རུ་འགྲོ་བ་དང་རྩ་བ་ཇེ་བརྟན་དུ་འགྲོ་བའི་ཕྱིར་མི་རིགས་གཞན་ཞིག་རིམ་བཞིན་ལོ་རྒྱུས་སྟེགས་བུའི་གྲུ་ཟུར་དུ་འདེད་པའི་དམིགས་བསལ་གྱི་སྲིད་ཇུས་ལ་ཟེར་བ་ཡིན་ནམ། ཡང་ན་མི་རིགས་ཤིག་གིས་ལོ་རྒྱུས་སྒེར་དབང་དང་རིག་གནས་དབང་གཅོད་བྱེད་ཕྱིར་མི་རིགས་གཞན་ཞིག་འདུ་ཤེས་འཐོམ་སྦྲིད། ཤེས་པ་ཁ་རུབ། ངག་ཆག་ཞེ་ཁུལ་དུ་གཏོང་བའི་དམིགས་བསལ་གྱི་སྲིད་ཇུས་ཡིན་ནམ། ཡང་མཐོ་རིམ་སློབ་གྲྭ་ཟེར་བའི་སློབ་གྲྭ་དེ་ཡང་རྒྱ་རིགས་སློབ་གྲྭར་གོ་དགོས་སམ། དེ་ལྟར་ཡིན་ན་ནང་ལོགས་ཀྱི་དཀྱིལ་སྙིང་ངམ་བཟང་གྲས་ཀྱི་སློབ་ཆེན་ཞིག་ཡིན་ན། དེ་ནས་ཐོན་པའི་ན་གཞོན་ཡོན་ཏན་པས་ནི་བོད་ཁུལ་དུ་ཕྱི་ཚོའི་ཁྲག་རྒྱུན་གསར་བ་ཞིག་སྐྱེལ་ཏེ་ཡོང་ཡང་སྲིད། འོན་ཀྱང་ཟི་ལིང་གི་རྒྱ་རིགས་སློབ་ཆེན་དག་ནང་བཞིན་སྤྱིར་བཏང་ངམ་ཡང་ན་མར་མཐའི་སློབ་ཆེན་ལས་ཐོན་པ་ཞིག་ཡིན་ན་ང་ཚོར་དགའ་བོ་གང་ཡང་མེད། དགའ་བསུ་ནས་ཁྱོན་ནས་ཐོབ་ཐབས་བྲལ། རྒོད་པོ་མཐུར་འཇོག་དང་བཙན་པོ་གཉའ་འཇོག་བྱས་ན་གཞན་ཞིག་རེད།
ལྔ། 6000ནས12000།
༿2015ལོའི་བར་དུ།ཞིང་ཆེན་ཕྱིའི་ས་ཆ་གཞན་དུ་སློབ་གྲྭར་ཞུགས་ཚད་ཀྱི་མི་གྲངས་བསྡོམས་པས6000ཡན་ལ་སླེབས་ཐུབ་པ་བྱ་རྒྱུ་དང་།2020ལོའི་བར་དུ།ཞིང་ཆེན་ཕྱིའི་ས་ཆ་གཞན་དུ་སློབ་གྲྭར་ཞུགས་ཚད་ཀྱི་མི་གྲངས་བསྡོམས་པས12000ཡན་ལ་སླེབས་ཐུབ་པ་བྱ་རྒྱུ༾
གྲངས་ཀ་འདི་དག་ཧ་ལས་པ་ཞིག་རེད། འོན་ཀྱང་བདག་གིས་ཅི་ལྟར་བཤད་དགོས་པ་མི་ཤེས། འདི་ནི་ཀློག་གྲོགས་ཁྱོད་ཀྱིས་ཀུན་ལ་ཁ་གསལ་ཞིག་བཀྲོལ་རོགས་ཞུ།
གང་ལྟར་མཇུག་མཐར༼ སྐད་གཉིས་སློབ་གསོའི ༽ཤུན་པགས་གཡར་ཏེ༼སྐད་གཅིག་སློབ་གསོ ༽འུ་ཚོའི་ཡུལ་དུ་སིམ་འཛུལ་བྱས་མི་ཡོང་བའི་ཕྱིར། རྩམ་དྲི་བྲོ་བ་ཡོངས་ནས་རྒྱང་བསྐོར་ཏེ་རྒྱབ་ལག་བཅོས་ནས་ངག་ཐུན་བཟུང་སྟེ་མི་སྡོད་པར་སྐད་ཆ་ཚིག་གཅིག་རེ་ཡིན་རུང་ཤོད་ཡོང་བའི་རེ་བ་སྙིང་ནས་འཛིན།
2010.10.26 དགུང་མོ།
ཡོང་ཁུངས།[སེང་རྡོར་དྲ་བ།]
hi
སྐད་ཆ་ལྡོག་ཕྱོགས་ནས་བཤད་ན། ང་ཚོས་ཁྲིམས་མཐུན་ངང་སྐད་ཡིག་གི་སྐོར་བརྒྱ་བཤད་སྟོང་བཤད་བྱས་ཀྱང་། ཡ་གིའི་སྲིད་འཛིན་ལ་སོགས་པ་གནད་ཡོད་མི་སྣ་ཚོས་སྣང་མེད་དུ་བཏང་སྟེ། ང་ཚོའི་སློབ་མ་ཁྲི་ཚོ་བརྒལ་བའི་དྲང་བདེན་གྱི་འབོད་སྒྲ་དེ་དག་རྒྱ་མཚོ་རྡོ་གཡུག་གི་དཔེ་དང་། ཞུ་མཁན་ཆུང་དྲགས་ཉན་མཁན་ཆེ་དྲགས་པའི་དཀའ་ངལ་གྱི་དབང་དུ་སོང་སྟེ། ནུས་པ་ཆུ་ཐིགས་ཙམ་ཡང་མ་ཐོན་ན་ང་ཚོས་ད་གཟོད་ཅི་ཞིག་བྱེད་དགོས་སམ།
ཐབས་ལམ་ཅི་ཞིག་འཚོལ་དགོས་སམ། ཕྱོགས་དང་མུ་གང་ཞིག་ནས་ཡང་བསྐྱར་ང་ཚོའི་ཚེ་སྲོག་དང་འབྲེལ་བའི་སྐད་ཡིག་ཅེས་པ་དེ་གླེང་དགོས་སམ། ངའི་བསམ་པའི་འཆར་སྒོར་ད་དུང་དྲི་རྟགས་མང་པོ་ཞིག་གིས་འཚང་ཁ་རྒྱག་གིན་འདུག ཁྱེད་རྣམས་ཀྱི་ཐུགས་ལའང་དེ་དང་དེ་འདྲའི་དྲི་རྟགས་མང་པོ་ཞིག་གི་འཚང་ཁ་རྒྱག་གིན་ཡོད་པར་ཡིད་ཆེས་བྱེད་བཞིན་ཡོད།
དངོས་གནས་ཅི་ཞིག་བྱེད་དགོས་སམ།