དོལ་སྨྱོན།
ཡུན་རིང་མ་མཇལ་བའི་ཁ་བརྡ་ཚང་གི་དྲ་བདག་དང་དྲ་གྲོགས་རྣམ་པ།
ཁྱེད་རྣམས་སྐུ་ཁམས་བདེ་ལགས་སམ།
ངས་འདི་ལྟར་ལས་དབང་དང་བྱ་བཞག་འགའ་ཞིག་གི་ཆེད་དུ་རྒྱུག་རྒྱུག་ནས་ཟླ་བ་
འགའ་ཞིག་ཡུད་ཀྱིས་ཟད་པའི་དེ་རིང་། སེམས་ཀྱི་སྐྱོ་གདུང་དང་ངལ་དུབ་ཡོད་ཚད་
ལྷོད་ཀྱིས་བཞག་ནས། སླར་ཡང་ཁྱེད་རྣམ་པའི་སྤྱན་ཟུང་ནང་ཐེངས་གཅིག་ལ་ལང་ན་
འདོད་བྱུང་། རྡོག་འཕྲེས་དང་བྱ་བཞག་ཡོད་ཚད་ལན་གཅིག་བསྐྱུར་ནས།
སླར་ཡང་ཁྱེད་རྣམ་པའི་སེམས་ངོགས་ན་ཐེངས་གཅིག་གཉིད་ན་འདོད་བྱུང་།
འདི་ལྟར་འཁོར་བ་ནི་ནམ་ཡང་ཆ་མི་སྙོམ་པའི་གཅོང་རོང་གི་ལམ་ཕྲན་ཞིག་སྟེ། ལམ་ཕྲན་
དེ་ནི་འདི་ལྟར་བགྲོད་དཀའ་ལ་ལམ་ཕྲན་དེ་ནི་འདི་ལྟར་འགྲིམས་དཀའ་བ་ཞིག་རེད་ཨང་།
ངས་མི་ཡུལ་དུ་ལྟེ་ཁྲག་འཕོས་པ་ནས་བཟུང་། ནམ་ཡང་མེ་ཏོག་གི་འཇིག་རྟེན་ཞིག་ན་
དགོད་སྒྲས་འཚོ་བ་ལས་འདི་ལྟ་བུའི་གཅོང་རོང་གི་ལམ་ཞིག་དེ་སྔ་འགྲིམས་མ་མྱོང་།
ད་ལྟ་ཕྱིར་མིག་ཅིག་འཕངས་ན་མེ་ཏོག་གི་འཇིག་རྟེན་ཞིག་ནས། ཚེར་མའི་འཁོར་ཡུག་ཅིག་
ཏུ་གནས་སྤོས་པ་ནི་རང་ཉིད་ཀྱི་ལས་དབང་ཞིག་གམ། ཡང་ན་རང་ཉིད་ཀྱི་ཕམ་ཁ་ཆེ་ཤོས་
དེ་ཡིན་པར་འདོད། གང་ལྟར་བཞུད་ཟིན་པ་ནི་ནམ་ཡང་འདས་པ་ཡིན་པས་དེ་ཉིད་གླེང་ན་
སེམས་ཚོར་ལྷག་མ་ཞིག་ལས་ཅི་ཡང་མི་འདུག དེ་ནི་འཁོར་ཡུག་གི་གནས་སྟངས་དང་དུས་
ཚོད་ཀྱི་འགྱུར་བའི་ཆོས་ཉིད་ལས་མ་འདས་པར་མངོན།
ད་ནི་བཞུད་ཟིན་པའི་གནས་ཚུལ་རྣམས་རི་རབ་དང་གཙང་པོའི་རྒྱབ་ཏུ་བསྐྱུར་ནས།
རང་ཉིད་ཀྱི་ལས་འགན་རྣམས་འབད་པས་སྒྲུབ་ངེས་ཡིན་ལ། མི་རིགས་དང་རིག་གཞུང་
གི་གོ་དོན་ལའང་ལྷོད་ཀྱིས་འཇུག་ངེས་ཡིན། མ་ཚད་མཁྱེན་རྒྱ་དང་རྣམ་དཔྱོད་ཡངས་
པའི་དྲ་གྲོགས་ཚོའི་སེམས་ཁམས་ཀྱང་དལ་གྱིས་བསྔོགས་ངེས་ཡིན།
གཞན་ཡང་རང་ཉིད་ཀྱི་སེམས་ཚོར་དག་ཀྱང་འདི་ནས་བརྗོད་ངེས་ཡིན་ལ།
གཞན་གྱི་ཚོ་བ་ཡང་དལ་གྱིས་མྱོང་ངེས་ཡིན།
གང་ལྟར་རྡུལ་འདུས་ཀྱི་ཕུང་པོ་འདི་མ་འཐོར་བར་དུ། རྣམ་ཤེས་རྟ་རྔ་ཙམ་འདི་མ་འགག་བར་དུ།
གཅོང་རོང་ལས་ཀྱང་གཟར་བའི་བར་བདོའི་ལམ་ཕྲན་དེ་མ་འགྲིམས་བར་དུ།
ང་ཡི་སེམས་ཚོར་ལས་འཕོས་པའི་དགའ་སྐྱོ་སྡུག་གསུམ་གྱི་གཏམ་རྒྱུད་དག་འདི་ནས་ཤོད་ངེས་ཡིན་ལ།
ང་ཡི་འདས་མ་ད་གསུམ་ལས་འཕོས་པའི་རྒྱབ་གཟུགས་ཧྲུལ་པོ་དག་ཀྱང་འདི་ནས་གླེང་ངེས་ཡིན།
དེ་ནི་སྐར་ཆ་གཅིག་གི་དུས་ཡུན་ལས་མེད་ནའང།