རྫ་ཚེ་རིང་བཀྲ་ཤིས།
སངས་རྒྱས་ལ་ཕྱག་འཚལ་ལོ། །
༡༽ སྐྱེས་སྐར་གྱི་རྟེན་འབྲེལ་མ་འཆུགས་པ་ཞིག་དགོས།
རང་རེའི་ཕ་མེས་དུས་སུ་ནི་བོད་མི་དཀྱུས་མ་དག་ལ་རང་ཉིད་ཀྱི་སྐྱེ་ཚེས་ལ་དོ་སྣང་བྱེད་པའི་གོམས་གཤིས་ཆེར་མེད། སྐྱེས་སྐར་གཏོང་བ་སོགས་ནི་དེ་བས་ཀྱང་དཀོན། འོན་ཀྱང་༧རྒྱལ་དབང་བཅུ་གསུམ་པའི་དུས་སུ་སྐྱེ་ཚེས་ཐོ་འགོད་དགོས་པ་སོགས་དུས་དང་མཐུན་པའི་འགྲོ་སྟངས་དང་ལེན་བྱེད་མགོ་ཚུགས་འདུག
ད་ལྟ་ནི་བོད་མི་སྤྱི་དང་། ཁྱད་པར་ན་གཞོན་དག་གི་ཁྲོད་དུ་སྐྱེས་སྐར་གཏོང་བ་ནི་ཡོངས་ཁྱབ་ཅན་དུ་གྱུར། ན་གཞོན་དང་ཕྲུ་གུ་དག་གིས་རང་གི་སྐྱེས་སྐར་ལ་དོ་སྣང་བྱེད་པའི་ཚད་དེའང་མི་རིགས་གཞན་དང་གཅིག་པ་ཆགས་ཡོད། དེ་ནི་དུས་ཚོད་དང་ཁོར་ཡུག་རིག་གནས་བཅས་ཀྱི་ཤུགས་རྐྱེན་རེད། དེ་ལ་མ་འགྲིགས་པའང་མི་འདུག ཡིན་ན་ཡང་། ལག་ལེན་གྱི་ཆ་ནས་རང་གི་ཡུལ་སྲོལ་གོམས་གཤིས། སྐད་ཡིག ཆོས་ཕྱོགས་ཀྱི་འདུ་ཤེས་འཛིན་སྟངས་བཅས་ཀྱི་རྟེན་འབྲེལ་མ་འཆུགས་པ་ཞིག་ཧ་ཅང་གལ་ཆེ།
༢༽ སྐྱེས་སྐར་ལམ་སྟོན་གྱི་བཀའ་ལན་གསེར་ཞུན་མ།
སྟབས་ལེགས་པ་ཞིག་ལ། ཉེ་ཆར་ཕྲན་གྱིས་སྐྱབས་མགོན་ཡིད་བཞིན་ནོར་བུས་བོད་པས་སྐྱེས་སྐར་སྲུང་བརྩི་བྱེད་སྟངས་ག་འདྲ་བྱས་ན་འོས་ཤོས་ཡིན་པའི་སྐོར་ལ་བཀའ་སློབ་གསལ་པོ་ཞིག་གནང་འདུག་པ་མཇལ་བྱུང་།
དེ་ཡང་། ་སྤྱི་ལོ་༢༠༠༨ ལོའི་ཟླ་༨ ཚེས་༢༩ ཉིན། ལ་དྭགས་རླུང་འཕྲིན་གྱི་ལས་རིམ་གལ་ཆེ་ཞིག་གི་ཐོག་གསར་འགོད་པས། དེ་སྔ་ལ་ལ་དྭགས་ཁུལ་དུ་ཕྲུ་གུའི་སྐྱེས་ཚེས་ཉིན་བླ་མ་དང་། དགོན་པ་ལྷ་ཁང་མཇལ་བར་ཕྱིན་ནས་མཆོད་འབུལ་དང་། བསངས་གསོལ་བྱེད་པ། ཉམ་ཐག་ལ་སྦྱིན་པ་གཏོང་བ། ཤིང་སྣ་མེ་ཏོག་འཛུགས་བྱེད་པ་སོགས་ཀྱིས་གོམས་སྲོལ་བཟང་པོ་ཡོད་། འོན་ཀྱང་བར་སྐབས་ཞིག་ནས་སྐྱེས་སྐར་ཉིན་ཕྱི་ལུགས་ལྟར་སྤྲི་གོར་(CAKE)བཏུབ་པ་དང་། ཡང་ལ་(CANDLE)ཡི་སྒྲོན་མེ་ཕུ་རྒྱབ་སྟེ་མེ་གསོད་པ་སོགས་དར་ཁྱབ་ཆེན་པོ་འགྲོ་བཞིན་འདུག་པར་དེར་དགོངས་ཚུལ་གང་ཡོད། ཅེས་བཀའ་དྲིས་ཞུས་པར།
བཀའ་ལན་དུ། སྦྱིར་གནས་དུས་ལ་འཕོ་འགྱུར་འགྲོ་བ་ནི་རང་བཞིན་ཆོས་ཉིད་ཡིན་ཡང་། ཕྱི་ལུགས་ལམ་སྲོལ་གྱི་རྗེས་སུ་འབྲངས་ནས་ལད་མོ་བྱེད་པ་ལས། རང་གི་ཕ་མེས་དུས་ནས་དར་བའི་ཡ་རབས་གྱི་རྩ་ཆེའི་གོམས་སྲོལ་བཟང་པོ་མི་ཉམས་རྒྱུ་འཛིན་བྱས་ན་རང་ལ་ཕན་ཐོགས་ཆེ་ཞིང་། རང་རྒྱུད་བཟང་པོའི་ཡོན་ཏན་མ་ཉམས་པ་བྱ་རྒྱུ་འདི་ནད་འགག་ཡོད་། ཕྱག་དང་མཆོད་འབུལ་དང་། སྦྱིན་པ་བཏང་བའི་ལས་ཀྱི་འབྲས་བུས་ཚེ་བསོད་དཔལ་འབྱོར་འཕེལ་བ་དང་། ཤིང་སྣ་མེ་ཏོག་འདེབས་འཛུགས་བྱས་པས་ཡུལ་གྱི་མཛེས་སྡུག་དང་འཁོར་ཡུག་སྲུང་སྐྱོབ་ལ་ཕན་གྱི་ཡོད། ལྷག་པར་རང་རེ་ནང་པས་མཆོད་མེ་འབུལ་བ་ནི་མ་རིག་གི་མུན་པ་སྣང་བ་སེལ་བའི་རྟགས་མཚན་བཟང་པོར་བརྩི་བ་དང་། དེ་ལ་ཕུ་བརྒྱབ་སྟེ་བསད་ན་སྔགས་གྱི་ནུས་པ་ཉམས་གྱི་ཡོད་པ་བཤད་གྱི་ཡོད། ཅེས་བཀའ་བསྩལ།
གོང་གི་བཀའ་སློབ་འདི་ནི་ཕྲན་གྱི་བསམ་ཚུལ་འདིའི་གཞི་འཛིན་ས་ཡིན། འོག་ཏུ་བཀའ་སློབ་དེའི་དགོངས་དོན་ལག་ལེན་དུ་བྱེད་སྟངས་ཀྱི་བསམ་ཚུལ་ཕྲན་བུ་ཞིག་བརྗོད་འདོད་སྐྱེས།
༣༽ སྐྱེས་སྐར་གྱི་གླུ་དབྱངས་བོད་སྐད་ཀྱིས་ལེན་པ།
དེ་ཡང་དོན་ཚན་གསམ་གྱི་ཐོག་ནས་བརྗོད་པར་བྱ་སྟེ། དང་པོ། སྐྱེས་སྐར་རྟེན་འབྲེལ་ཞུ་ཚིག་གི་གླུ་དབྱངས་༼ཁྱོད་ཀྱི་སྐྱེས་སྐར་ལ་རྟེན་འབྲེལ་ཞུ། ༽ནི་ངེས་པར་དུ་བོད་སྐད་ཐོག་ནས་ལེན་དགོས། དེ་རྗེས་དབྱིན་སྐད་སོགས་ཀྱི་ཁྱོད་ཀྱི་སྐྱེས་སྐར་སྤྲོ་བོ་ཡོང་བར་སྨོན་ཞེས་པའི་གླུ་དབྱངས་མཉམ་ལེན་བྱས་ན་ཆོག གལ་ཏེ། མི་རིགས་གཞན་གྱི་གྲོགས་པོ་མཉམ་ཞུགས་བྱས་མེད་ན་དེ་ཡང་དགོས་དོན་མེད། ད་ཆ་འགའ་ཞིག་གིས་དབྱིན་སྐད་དང་རྒྱ་ཡིག་ཕལ་ཆེར་མི་ཤེས་ན་ཡང་། ཁ་ནས་རྒྱ་སྐད་དང་དབྱིན་སྐད་ཀྱིས་སྐྱེས་སྐར་གྱི་བཞས་གཏོང་ཁུལ་བྱས་ནས་མགོ་བཙུགས་ན་བྲོ་བ་ཡོད་པ་དང་། བོད་སྐད་ལེན་དགོས་ན་ངོ་ཚ་དང་ཁ་ལ་མ་བདེ་བ་ལྟ་བུ་བྱེད་བཞིན་པ་འདི་ནི་ཧ་ཅང་བྱབ་ཆུང་དང་རྒྱུ་མཚན་མེད་པ། ར་མགོ་ལུག་འབྱར་བཅས་རེད། འདི་ལ་འགྱུར་བ་ངེས་པར་གཏོང་དགོས་ཤིང་། ཡག་ཤོས་བྱུང་ན་བོད་ཀྱི་ཕོ་སྐད་དང་མོ་སྐད་ཀྱི་ཚབ་མཚོན་རང་བཞིན་ལྡན་པའི་གླུ་པ་དང་གླུ་མ་གཞན་ལ་བག་ཆགས་གསལ་པོ་འཇོག་ནུས་མཁན་གཉིས་ཀྱིས་ཆེད་དུ་བོད་སྐད་ཐོག་སྐྱེས་སྐར་གྱི་བཞས་བཏང་བ་ཞིག་ཡོད་ན་ན་གཞོན་ཚོས་ལས་སླ་པོས་ལད་ཟློས་དང་དང་ལེན་བྱེད་པ་ཡིན་པས་དེ་འདྲའི་ཕྱོགས་ལའང་བསམ་བློ་གཏོང་དགོས།
གང་ལྟར་ངེས་པར་དུ་བོད་སྐད་ཀྱི་ཐོག་ནས་རྟེན་འབྲེལ་གྱི་ཤིས་ཚིག་བརྗོད་པའི་གོམས་གཤིས་འཇགས་སུ་འཇུག་དགོས་ཤིང་། གལ་ཏེ་སྐྱེས་སྐར་རྒྱས་ཙམ་གཏོང་མཁན་ཞིག་ཡིན་ན་ཐོག་མ་ནས་གཞོན་སྐྱེས་འགའ་ཞིག་ལ་མཉམ་ལེན་བྱེད་རྒྱུའི་མགོ་སྐུལ་དགོས་པའི་ལས་ཀ་སྤྲད་དེ་གྲ་འགྲིགས་པོས་མཉམ་ལེན་བྱེད་དུ་ཆུགས། དེ་ཡང་ཕྲུ་གུའི་སྐྱེས་སྐར་ལྟ་བུ་ཡིན་ན་ཕ་མ་དང་། བླ་མ་དང་ཕ་མ་ལྟ་བུའི་སྐྱེས་སྐར་ཡིན་ན་གོ་སྒྲིག་པས་འགན་ཁུར་ནས་ལས་གོ་སྒྲིག་དེ་ལྟར་བྱེད་དགོས།
རང་གི་བུ་བརྒྱུད་ཀྱི་ལོ་གཅིག་གི་གལ་ཆེ་ཤོས་ཀྱི་སྐྱེས་སྐར་ལ་བོད་སྐད་ཀྱི་ལམ་ནས་རྟེན་འབྲེལ་ཞུས་ན་དེས་ཕྲུ་གུའི་གོམས་གཤིས་ལ་ཁྱད་པར་ཆེན་པོ་བྱེད་ཐུབ། ད་དུང་བཀྲ་ཤིས་བདེ་ལེགས་ནི་མངོན་མཐོ་དང་ངེས་ལེགས་ཀྱི་ཡོན་ཏན་རྣམ་པ་གཉིས་དང་འབྲེལ་བའི་ཤིས་བརྗོད་ཁྱད་པར་བ་ཞིག་ཡིན་པ་འདི་ལོའི་ལོ་སར་སྐབས་རིན་པོ་ཆེས་ཡོངས་ཁྱབ་འཚམས་འཕྲིན་དུ་རྒྱས་འགྲེལ་གནང་ཡོད། འདི་དང་འདི་ལྟ་བུའི་ཐོག་ན་ཀྱང་ཐུན་མོང་མིན་པའི་རིག་གནས་ཀྱི་རིན་ཐང་དང་བསམ་བློའི་འཁྱེར་སོ་དག་མཚོན་གྱི་ཡོད་པ་རེད་ལ། མཚོན་ཐུབ་པ་དེ་ཡང་ཤེས་དགོས།
༤༽ ཞག་སྒྲོན་གསོད་པ་བཞག་ནས་མཆོད་མེ་སྦོར་བ།
གཉིས་པ། མཆོད་མེ་སྦོར་སྟངས་དང་སྤྲི་གོར་བཟོ་སྟངས་སྐོར་རེད། སྐྱེས་སྐར་གྱི་སྤྲི་སྒོར་འབྱོར་བ་དང་སྐྱེས་སྐར་གྱི་གཞི་རྒྱ་ཆེ་ཆུང་དང་བསྟུན་ནས་ཁྲོམ་ནས་ཉོ་བ་དང་། བོད་ལུགས་ཀྱི་ཐུད་ལྟ་བུ་རང་གི་ལག་གིས་བཟོ་བ་སོགས་གང་བྱས་ཀྱང་མ་འགྲིགས་པ་མེད། ཐོག་ཏུ་བོད་ལུགས་ཀྱི་ཐུད་རིས་སོགས་བྲིས་ན་ཡང་ཆོག་མོད་ཐོག་ཏུ་ཞག་སྒྲོན་འཛུགས་མི་རུང་།
དེའི་ཚབ་ཏུ་མཆོད་ཀོང་ལེགས་པོ་མར་ཁུས་གང་བ་གསར་པ་ཞིག་གོ་སྒྲིག་བྱས་ཏེ། དེ་སྤྲི་གོར་གྱི་འགྲམ་དུ་བཞག དེར་ཡོད་དགེ་འདུན་པའམ་རྒན་རབས་པས་སྣ་དྲངས་ཏེ། ཚང་མས་སྤྲིའི་གོར་གྱི་མཐའ་ནས་བསྐོར་བཞིན་ལག་ཐལ་མོ་སྦྱར་ཏེ། ཚང་མས་འདོན་ཤེས་ངེས་ཀྱི་ཤིས་སྨོན་ཚིགས་བཅད་གཅིག་གམ། སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ་སོགས་ཀྱི་ཚིགས་བཅད་གཅིག་ཙམ་ཞིག་བཏོན་ཚར་བ་དང་། མཆོད་ཀོང་དེ་སྐྱེས་སྐར་གཏོང་མཁན་གཙོ་བོ་སུ་ཡིན་པ་དེས་སྦར་རྗེས་མཆོད་སྟེགས་སུ་འབུལ་བའམ། དེ་མེད་ན་ཅོག་ཙེའི་ཐོག་ལྟ་བུར་བཀོད་ལེགས་པར་བསྒྲིགས།
དེ་བཞིན་དེང་སང་གི་ལུགས་ལྟར་ཐོག་མར་སྐྱེས་སྐར་གཏོང་མཁན་ལ་འདོད་མོས་ཀྱི་སྨོན་ལམ་(許願)འདེབས་སུ་འཇུག སྐབས་དེར་ད་དུང་། དེ་ནས་སྤྲི་གོར་དུམ་བུ་དང་པོ་བཏུབ་ནས་སྡེར་མ་ཆུང་ཆུང་ཞིག་གི་ནང་དུ་བླངས་པ་མཆོད་སྟེགས་སུ་འབུལ་བའམ། སྐྱེས་སྐར་གཏོང་ཡུལ་སྤྱིར་བཏང་གི་ཚོགས་ཁང་དང་ཟ་ཁང་ལྟ་བུ་ཡིན་ན་མཉམ་ཞུགས་གནང་མཁན་གྱི་གྲས་སུ་ཡོད་པའི་དགེ་འདུན་པ་དང་མ་ཡུམ་སོགས་རང་གི་སེམས་ནང་ལ་རྩ་ཆེ་ཤོས་ཀྱི་མི་ལ་ཐོག་མར་འབུལ་བ་ནས་མགོ་བརྩམས་ཏེ་ཁ་བཏགས་གཡོགས་པ་དང་། ཤིས་ཤོག་དང་ལག་རྟགས་སྤྲོད་ལེན། གླུ་བཞས་ཞབས་བྲོ་སོགས་དགའ་དགའ་སྤྲོ་སྤྲོའི་ངང་བྱེད་དགོས།
༥༽ དེང་རབས་ཀྱི་འགྲོས་དང་མཐུན་ལ་རིག་གཞུང་གི་རྐང་ཟིན་པ།
གསུམ་པ། ད་དུང་སྐྱེས་སྐར་སྲུང་རྩི་བྱེད་སྟངས་གཞན་ཏེ། རང་གི་སྐྱེས་སྐར་ལ་བསྔོས་པའི་བརྔན་པས་ཡར་དཀོན་མཆོག་ལ་མཆོད་པ་དང་། ངན་སློང་ལ་སྦྱིན་པ། སྤྱི་ཚོགས་ཞབས་ཞུ་དང་ལྗོན་ཤིང་འདེབས་འཛུགས། ཚེ་ཐར་སྲོག་བླུ་སོགས་བྱེད་རྒྱུའི་གོམས་བཤིས་མུ་མཐུད་རྒྱུད་འཛིན་བྱེད་འོས་ཤིང་། ད་དུང་ཕ་མ་དང་བླ་མ་སོགས་ཀྱི་འཁྲུངས་སྐར་ལ་དམིགས་ནས་ཡར་མཆོད་མར་སྦྱིན་དང་ཚེ་ཐར་སྲོག་བླུ་སོགས་དགེ་ལས་བྱས་ན་ཧ་ཅང་ལེགས། དེའི་ཕན་ཡོན་ནི་གོང་དུ་བཀའ་སློབ་ཏུ་གསལ་བ་ལྟར་ལགས།
འོན་ཀྱང་། དགོན་པར་མཆོད་མཇལ་བྱེད་པ་དང་ཚེ་ཐར་སྲོག་བླུ་བྱེད་པ་ཁོ་ན་ལས་དེང་སང་གི་ལུགས་སྲོལ་ལྟར་གྲོགས་པོ་དགའ་བོ་མཉམ་འཛོམས་ཀྱིས་གླུ་ལེན་པ། སྤྲིའི་གོར་ཟ་བ། ཐུག་སྤྲོ་གཏོང་བ་སོགས་མེད་པར་གུ་དོག་དྲགས་ནའང་ན་གཞོན་དག་གི་སེམས་ཁམས་དང་མི་འཚམས་པ་ཡོང་ངེས།
དེས་ན་རྣམ་པའི་ཆ་ནས་དེང་རབས་ཀྱི་འགྲོས་དང་མཐུན་ལ། ངོ་བོའི་ཆ་ནས་ནང་ཆོས་དང་སྐད་ཡིག་གི་བསམ་བློའི་རིན་ཐང་དང་རིག་གཞུང་གི་ངོ་བོ་ཡང་མ་བརླགས་པ་ཞིག་གི་འཕེལ་ཕྱོགས་ལ་སྐུལ་འདེད་བྱེད་དགོས།
ཞེས་པ་འདི་ཡང་སྤྱི་ལོ་༢༠༡༦ བོད་ཚེས་ས་ག་ཟླ་བའི་ཚེས་༡༡ བཟང་པོར་རྫ་ཚེ་རིང་བཀྲ་ཤིས་ཀྱིས་རྒན་མོ་བསམ་བཟང་གི་གཏམ་ཏུ་ཐལ་ལོ།།
རད་གི་ཕ་མྱེས་ཀྱི་ལུགས་སྲོལ་བཟང་པོ་དག་བོད་པས་ཉར་འཇོག་བྱས་མེད་བོད་པས་ཕ་མེས་ཀྱི་ལུགས་སྲོལ་རྣམས་དོར་ཅི་ཐུབ་བྱས་ཡོད། སྔོན་དུས་སུ་བོད་པས་ཐམས་ཅད་རྒྱ་གར་ལ་གཏུག་ཡོད། ད་དུས་ཐམས་ཅད་ནུབ་ཕྱོགས་པའི་རྗེས་སུ་འབྲངས་བཞིན་ཡོད། བྱས་ཙང་ཡོང་ཡ་མེད་པ་དེ་རེད། མ་གཞི་ནས་ཁྱེད་ཀྱིས་དེ་སྔོན་སངས་རྒྱས་ཀྱི་འཁྲུངས་སྐར་ལ་card ལེགས་སྐྱེས་ཀྱི་འཚམས་འདྲི་དེ་འདྲ་བསྐུར་དགོས་པ་རེད་ཟེར་ནས་མང་པོ་ཞིག་ཨུ་ཚུགས་བྱས་སོང། ཡང་ད་ལྟ་ཕ་མེས་ཀྱི་ལུགས་སྲོལ་དེ་ཚོ་ཉར་དགོས་རེད་ཟེར་སོང། དེ་གཉིས་འགལ་བ་རེད། ཕ་མེས་ཀྱི་སྐབས་སུ་card སྐྱེས་སྐར་ལ་འཁྲུངས་སྐར་གྱི་card གཏོང་སྲོལ་མེད། དེ་ནི་ནུབ་ཕྱོགས་པའི་ལུགས་སྲོལ་རེད། ཡང་ལ་དྭགས་པས་སྔ་དུས་སུ་བྱིས་པའི་སྐྱེས་སྐར་ལ་ཤིང་སྡོང་འཛུག་གི་ཡོད་ཟེར། ཡིན་ས་རེད་ལ་དྭགས་ཀྱི་ས་ཆར་ཤིང་ནགས་གཏུག་པོ་དེ་འདྲ་མཐོང་རྒྱུ་འདུག་ཧཧཧ་ཀུ་རྩེད་ཞུས་ཡིན། ཡག་པོ་འདུག་ཁྱེད་རང་གིས་བྲིས་པ་རྣམས་མཐར་ཆགས་སུ་བཀླགས་ཡིན།
བོད་ལ་སྔོན་མ་ནས་སྐྱེས་སྐར་གཏོང་བའི་ལུགས་སྲོལ་ཞེ་དྲག་དར་མེད་མོད།དེང་སང་སྐྱེས་སྐར་དང་གཉེན་སྒྲིག་བྱེད་སྟངས་སོགས།ཕྱི་ལོགས་སུ་ཡོད་པའི་བོད་པ་རྣམས་ཀྱིས་ནུབ་ཕྱོགས་པའི་ལད་མོ་བྱས་ཏེ།ཞྭ་མོ་དང་གོན་པ་འདྲ་མི་འདྲ་གྱོན་པ་དང་།བོད་ནང་ལོགས་སུ་ཡོད་པ་རྣམས་ཀྱིས་ཀྱང་།རྒྱ་ལུགས་ལྟར་འདྲ་མི་འདྲ་བྱེད་ཀྱིན་འདུགའོ་ན་ཇི་ལྟར་བྱེད་དགོས་ཟེར་ན།༧རྒྱལ་བའི་བཀའ་གསུང་ལྟར་མཆོད་འབུལ་དང་སྦྱིན་གཏོང་ཤིང་ནག་འདེབས་འཛུག་བྱེད་ན་ཡག་ཤོས་ཡིན་ཞིང་།ཚེ་འདི་དང་ཕྱི་མ་འཕྲོད་རྟེན་འཁོར་ཡུགས་རང་གཞན་སུ་ལའང་ཕྱོགས་གང་ཐད་ནས་དེ་ལས་ལྷག་ཅིག་མི་འདུག་སྙམ་མོ།
དེ་འདྲ་ཡིན་ན་གྱ་སྟོན་གང་དུ་འཇོག
“ཡང་ལ་དྭགས་པས་སྔ་དུས་སུ་བྱིས་པའི་སྐྱེས་སྐར་ལ་ཤིང་སྡོང་འཛུག་གི་ཡོད་ཟེར།”ཞེས་པ་འདི་ བཅོས་མ་ཡིན་འདུག ལ་དྭགས་མི་རིགས་མང་ཆེ་བ་བོད་ནས་འོངས་པ་དེར་གཞིས་ཆགས། བོད་ཡུལ་ལྟར་ཤིང་སྡོང་འཛུགས་པའི་སྲོལ་མེད། བླ་མ་ཚུལ་ཁྲིམས་ཉི་མར་སིང་དམག་གིས་བཤིགས་པའི་དགོན་པ་ལྷ་ཁང་མང་པོ་་ལ་བཞིགས་གསོས་མཛད་དུས་གདུང་མ་མ་རག་པར་འོ་བརྒྱལ་བྱུང་།
ཇམ་མུ་ནས་འོངས་པའི་གཞུང་གི་ལས་བྱེད་པ་ཞིག་གིས་ལ་དྭགས་ལ་ཤིང་སྡོང་ལག་བཙུགས་མེད་པར་མཐོང་སྟེ། ལ་དྭགས་གྲོང་ཡུལ་ཕལ་ཆེར་ལ་གཞུང་གི་སྐྱེད་ཚལ་སྦྱར་པ་ཡོད་པ་མང་པོ་བཙུགས། ཁོང་ལ་་གཞན་ཕན་སེམས་ཡོད་པ་ལ་དྭགས་པས་བརྗེད་དུ་མི་རུང་བ་ཞིག་ཡིན་ཡང་། བདག་གིས་ཁོང་གིས་མིང་ཅི་ཡིན་མ་ཤེས།
ཕྱིས་སུ་ལ་དྭགས་པ་སྙེ་མོའི་དགོན་པ་ཚེ་དབང་ཕུན་ཚོགས་ཀྱིས་དིང་དུས་ཀྱི་སློབ་སྦྱོང་བྱས་ཤིང་། ༡༩༨༠པའི་སྐབས་སུ་ལ་དྭགས་ཀྱི་རྫོང་དཔོན་དུ་གྱུར་ནས། ཤུང་སྡོང་ལག་བཙུགས་དག་ལ་གཞུང་ནས་དངུལ་ཐོབ་ཐུབ་པའི་ལུགས་སྲོལ་བཙུགས་ཏེ། ལྕང་མ་ལག་བཙུག་མང་དུ་བྱུང་།
ལ་དྭགས་ཞེས་པ་རི་དང་ཐང་གི་བར་ན་ལུང་པ་རེ་ལ་ཆུ་རྒྱུན་འབབས་པར་གྲོང་སྡེ་རེ་ཆགས། མི་གྲངས་ཉུང་བས་མུ་གེ་མ་བརྒྱབས་ཙམ་ཡིན་འདུག
དིང་དུས་མི་རྣམས་ལ་སློང་སྦྱོང་གི་གོ་སྐབས་ཐོབ། མི་མངས་ཀྱིས་ཡུལ་ལ་དབང་སྒྱུར། རྒྱ་གར་པ་དང་། ཕྱི་ལོགས་པའི་ལྟ་སྐོར་པ་མང་པོ་འོང་། ལ་དྭགས་པས་སྔོན་མ་བཞིན་དུ་ལུས་གཟུགས་ཀྱི་ཤུགས་ལས་མི་བྱེད་པས། ལུས་གཟུགས་ཀྱི་ཤུགས་ལས་བྱེད་པར་བལ་ཡུལ་སོགས་ཀྱི་མི་དག་ལ་དྭགས་སུ་གཞིས་ཆགས་པ་ཐོས། ལ་དྭགས་པ་འབྱོར་ལྡན་ཕ་མས་བུ་ཕྲུག་ཀུན་རྒྱ་གར་དུ་སློབ་སྦྱོང་ལ་གཏོང་ཡང་། བུ་ཕྲུག་མ་རབས་པ་ཀུན་གྱིས་ཉལ་ཐཁ་སྤྱོད་པ་སོགས་མ་རུངས་པའི་ལས་བྱེད་པ་ཐོས། དེ་འདྲ་མ་ཡིན་པར་ལྷ་དང་བླ་མའི་བྱིན་རླབས་དང་། རང་རང་གི་ལས་བཟང་པོས་བདེ་བ་དང་ལྡན་པའི་ལ་དྭགས་ཏེ་མར་ཡུལ་དུ་འགྱུར་བར་སྨོན་ནོ།
ད་བོད་ཡིག་དབྱངས་གསལ་ལ་་་་་ཤ་གྲིས་རེ་རེ་བཞིན་ནས་བཏུབ་ཨ་་་་་དེ་ནས་ཉིན་གཅིག་་་་་སར་གདན་དང་རྐང་ཕྱིས་ལའང་བཀྲིས་བདེ་ལེགས་དང་་་་རྡོག་རྫིས་བྱོས་་་ཨ་་་ རིག་གཞུང་གལ་ཆེན་པོ་རེད་པ།