བོན་རྒྱ་བསྟན་འཛིན་རབ་རྒྱས།
མི་མང་མང་ཆེ་བ་གྲོང་གསེབ་ནས་ཡོང་ཞིང་། གྲོང་གསེབ་ནི་བདེན་པའི་ཞིང་ཁམས་ཡིན་པས། ཆབ་སྲིད་ཀྱི་སྒྱུ་མའི་ཟློས་གར་རེ་མངོན་དུས་དང་ལེན་གྱི་སྙིང་སྟོབས་ལས་གཞན་དུ་ཤ་གཟེར་རུས་གཟེར་གྱི་ཚོར་བ་ཡོང་གི་ཡོད། བོད་ཀྱི་ཆབ་སྲིད་ཀྱི་སྒྱུ་མའི་ཟློས་གར་ནང་དུ་སྤྱོད་བཟང་དང་ལས་སྒྱུ་འབྲས་ཡོད་ནའང་། དེང་རབས་མང་གཙོའི་ཆབ་སྲིད་ཀྱི་སྒྱུ་མའི་ཟློས་གར་ནང་དུ་སྤྱོད་བཟང་དང་ལས་སྒྱུ་འབྲས་སྣང་མེད་ཀྱི་ཆབ་སྲིད་པ་གྲངས་མེད་ཡོད། རང་ཉིད་ཀྱི་ཐོབ་ཐང་རང་ཉིད་ཀྱིས་རྩོད་དགོས་ཤིང་། ཐོབ་ཐང་གི་ཆེད་དུ་ཅི་ཡང་བློས་གཏོང་དགོས་ལ་གང་ལའང་བསམ་བློ་གཏོང་ས་མེད། རྒྱ་གར་དང་དབྱིན་ཇི། ཨ་རིའི་མང་གཙོའི་ལྟ་གྲུབ་ངོས་ལེན་བྱེད་ན། དེ་དང་ལྷན་དུ་རང་གི་ཚོར་བ་དང་དད་མོས་ལ་མི་འཚམ་པ་མང་པོ་ཞིག་ཀྱང་ངེས་པར་ཁས་ལེན་དགོས། འདི་ནི་རང་སེམས་ལ་ངོས་འཛིན་དང་ངེས་ཤིང་འདྲེན་པའི་གནས་ལུགས་ཤིག་རེད།
བོད་མི་ས་ཡ་གཅིག་བསད་ཀྱང་རང་གི་ཆོས་ལུགས་བློས་བཏང་མེད། བོད་ཀྱི་ཆོས་ལུགས་ཀྱི་དགྲ་བོ་བོད་ཀྱི་དགྲ་བོ་ཡིན། འདི་བོད་མིའི་སེམས་ཁམས་རེད། རྒྱ་མི་ས་ཡ་ག་ཚོད་འགྲོ་དགོས་ཀྱང་ཏང་བློས་མི་གཏོང་བའི་ཀླད་མཁྲེགས་ཏང་ཡོན་པ་ཧ་ཅང་མོད་པ་མ་ཟད་། དེ་དག་གིས་ཏང་གི་དགྲ་བོ་རྒྱའི་དགྲ་བོར་ངོས་འཛིན་གྱིན་ཡོད། དེ་བཞིན་མང་གཙོའི་དགྲའང་དེང་རབས་མང་གཙོའི་ལམ་ལུགས་བརྟན་པོ་ཡོད་པའི་རྒྱ་གར་དང་དབྱིན་ཇི། ཨ་རི་བཅས་ཀྱིས་དགྲར་ལྟ་ཞིང་ངོས་ལེན་མེད། གནད་འགག་འདི་དག་ཀྱང་བསམ་གཞིག་དང་གདམ་གའི་རྒྱབ་རྟེན་ཡིན།
ད་ནི་བོད་མིའི་སྒྲིག་འཛུགས་ཀྱི་ཀ་བ་གསུམ་གར་དཀའ་ངལ་འཕྲད་གཞི་ཞིག་ལ་གྱུར་ཡོད། སྐབས་འདིར་སུ་ཞིག་བདེན་པ་ཡིན་མིན་དང་གང་ཞིག་ཁྲིམས་མཐུན་ཡིན་མིན་གྱི་སྐད་ཆ་གླེང་དུས་མིན། འདས་ཟིན་པ་ནི་འདས་ཟིན་པ་རེད། བསྐྱར་སྔོག་གི་ལམ་ཁ་ཡོད་ཀྱང་ད་ལྟ་ནི་དུས་ཚོད་མིན། ད་ནི་གྲོས་འཚོགས་འཕར་མའི་སྐབས་སུ་ཁྲིམས་ཞིབ་པ་ཞིག་ངེས་པར་བསྐོ་རྒྱུ་དེ་ཡིན། དེ་ལ་སུ་ཞིག་བསྐོས་ཀྱང་ཁྱད་པར་མེད། མཐར་ཐུག་གི་གདམ་ག་དང་ལམ་ཁར་གྱུར་ཡོད། ད་རེའི་གྲོས་ཚོགས་འཕར་མའི་སྐབས་སུ་སྤྱི་འཐུས་ཚོས་འདི་ལ་འགན་ཁུར་ངེས་རེད། ས་ཐོག་ནས་འཚོགས་མ་ཐུབ་ན་དྲ་ཐོག་ནས་འཚོགས་ནའང་དུས་རབས་དང་བཅའ་ཁྲིམས་གཉིས་ཀར་འཚམས་པའི་ལམ་ཡིན། གལ་སྲིད་འདི་ལ་མང་བསྐུར་སྤྱི་འཐུས་ཚོས་འགན་ཁུར་མ་ཐུབ་ན་ཁྲིམས་འགལ་ཙམ་ལས་བརྒལ་ཏེ་སྒྲིག་འཛུགས་གཏོར་མཁན་གྱི་ལོ་རྒྱུས་ཀྱི་ནག་ཉེས་ཁུར་བ་མ་ཟད། དེང་རབས་མང་གཙོའི་ལམ་ལུགས་རྩ་བརྟན་ཅན་གྱི་རྒྱལ་ཁོངས་གང་དུའང་གོམ་པ་སྤོ་ས་མེད།
ཁྲིམས་ཞིབ་པ་ཆེ་བ་དང་གཞན་གཉིས་ལས་གནས་སུ་བསྐྱར་དུ་དགོད་པའི་ལམ་ཁ་ཞིག་ཡོད་པ་རེད་དམ། དེ་ནི་མི་མང་གི་རེ་འདོད་ཅིག་ཡིན་ནའང་ཁྲིམས་སྒྲིག་དང་ལམ་ལུགས་ཀྱིས་ཁས་ལེན་ནམ། ཁ་སང་བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས་སྤྱི་འཐུས་རྒྱུན་ལས་ནང་ཕེབས་ནས། གསུང་སྐུལ་ཞུས་རབས་ཀྱི་ཟུར་ཞིག་བརྒྱུད་ལམ་ནང་ཐོན་པ་དང་། ད་ལྟའི་ཚོགས་ཆུང་གི་ཚོགས་མིར་གྲགས་པ་དང་བཀའ་ཟུར་ཚེ་རིང་ཕུན་ཚོགས་ཀྱིས་ཟམ་གདོང་རིན་པོ་ཆེ་ལའང་བསླབ་བྱ་དང་དོགས་སློང་། ཁྲིམས་ཞིབ་པ་ཆེ་བ་དང་གཞན་གཉིས་ལས་གཅིག་མ་གཏོགས་གཞན་གཉིས་ལ་འཕོ་འགྱུར་གྱི་དུས་ཚོད་ཀྱང་ཐོན་ཡོད་རབས་བཤད་སོང་། བསྐོས་ནས་དུས་ཚོད་ཇི་ཙམ་སོང་བ་གསར་འགྱུར་བརྒྱུད་ལམ་ན་ཁྲ་ལེམ་མེར་ཡོད། དེ་ལྟར་གྲོས་ཚོགས་ཀྱི་ཐག་གཅོད་མཐར་ཐུག་གི་ཐག་གཅོད་ཡིན་པར་བཤད་ཀྱིན་པ་སོགས་ལས་ཀྱང་བརྡ་གསལ་བོ་རྒྱག་གི་མེད་དམ།
ད་ལྟའི་བར་དུ། ཁྲིམས་ཀྱིས་མ་དེད་རང་གི་ཁེ་བཟང་དང་མ་འབྲེལ་བར། ཆབ་སྲིད་པ་ཞིག་གིས་རང་གི་ནོར་འཁྲུལ་ངོས་ལེན་བྱས་པའི་ལོ་རྒྱུས་མེད་པས། སྤྱི་འཐུས་ལྷན་ཚོགས་ཀྱིས་ཀྱང་རང་གིས་བྱས་པ་ཁྲིམས་འགལ་དུ་ངོས་ལེན་གྱིས་ཁྲིམས་ཞིབ་པ་ཆེ་བ་དང་གཞན་གཉིས་ལས་གནས་སུ་བསྐྱར་འཁོད་ཅེས་པ་ནི། མི་མང་གི་རེ་འདོད་ཡིན་ཡང་བསམ་གཞིག་ནན་མོ་མ་བྱས་པ་དང་རང་གི་ཚོར་གྲོགས་སུ་ལངས་པ་ཞིག་རེད་སྙམ། ལྟོས་དང་ད་རེའི་འོས་ཐོན་སྤྱི་འཐུས་དག་ལས་བྱང་ཨ་རི་དང་ཡུ་རོབ་སོགས་ཕྱིའི་རྒྱལ་ཁབ་ཁག་གི་སྤྱི་འཐུས་འོས་མི་ཚང་མ་གསར་བ་ལས། སྤྱི་འཐུས་བརྒྱ་ཆའི་བདུན་ཅུ་སྤྱི་འཐུས་རྙིང་པ་རང་སོར་ཐོན་ཡོད། འདི་ནའང་བརྡ་ཞིག་རྒྱག་གི་ཡོད།
ད་ནི་སྲིད་སྐྱོང་ལའང་ཐུགས་ཚེགས་ལངས་ཀི་ཡོད། བཀྲ་ཤིས་པའི་རྩིས་སྤྲོད་ཅིག་ལ་བསམས་ནས་ད་ལྟའི་བར་དུ་ངལ་བརྒྱ་ཁྱད་བསད་བྱས་ཡོད། སྤྲད་ཀྱང་ཐུབ་ཅེས་ཐོན་མཇལ་དང་བཅར་འདྲིའི་ལེ་ཚན་ཚང་མར་འུར་ནས་ཕྱིར་རྡ་སར་འཁོར་དུས། ད་གཟོད་སེམས་ཁྲལ་ལངས་པ་རེད། ཕྱོགས་གཅིག་ནས་འགན་གཡོལ་བ་རེད། བཅའ་ཁྲིམས་ཀྱི་དོན་ཚན་གཉིས་རིམ་པར་བགྲངས་པ་ལའང་རྒྱུ་མཚན་ཡོད་རེད། འགན་གཡོལ་ནས་གདམ་ག་གཉིས་པར་གྱུར་ན་གང་ཞིག་ལ་འགྱུར་པ་དེ་བཤད་ཀྱིན་ཡོད་རེད། ང་ཚོའི་བཅའ་ཁྲིམས་ནི་ཚིག་དོན་དང་ལེའུ་གོང་བསྒྲིགས་གཉིས་ཀྱི་སྟེང་ནས་གོ་བ་མ་བླངས་ན་བཅའ་ཁྲིམས་ལ་གཡོལ་ས་དང་འཐེན་ས་གཉིས་ཀ་ཡོད་པ་ནི། ད་རེའི་རྙོག་དྲ་འདི་ལས་གསལ་བོར་གྱུར་པ་རེད། དེར་བརྟེན། ད་ནི་གདམ་ག་གཅིག་ལས་ལྷག་མེད། ད་ནི་པད་མ་འབྱུང་གནས་ཁྲིམས་ཞིབ་པར་བསླེབས་ཀྱང་བསྐོ་དགོས་པ་ཡིན། འདི་ནི་མཐར་ཐུག་གི་ལམ་རེད།
ཁ་ཤས་ཀྱིས་རྒྱལ་བ་རིན་པོ་ཆེ་ཁྲ་ལྷམ་མེར་བཞུགས་ཡོད་ཟེར་གྱིན་འདུག བཅའ་ཁྲིམས་ལེའུ་དང་པོར་སྐུ་དབང་འགའ་ཤས་ཕུལ་ཡོད་ཟེར། ཡིན་ནའང་། གྲོས་ཚོགས་དང་བཀའ་ཤག་གིས་ལམ་སྟོན་ཞུས་ཆོག་པ་དང་། བཀའ་སློབ་ཕེབས་ཆོག་པ་ལས་བཅའ་ཁྲིམས་ནང་ཐག་གཅོད་དང་མང་གཙོ་བསྐྱར་འཛུགས་ཀྱི་སྐུ་དབང་ཕུལ་མེད། ད་ནི་སྐུ་ཚེགས་དེ་འདྲ་ཞིག་ལ་གཏད་པར་འདོད་ན། སེམས་པ་གདོན་གྱིས་བརླམ་པ་ལས་གཞན་ཅི་ཡང་མིན། དེ་འབྲེལ་ཚོད་མེད་དུ་གང་དྲན་བྱུང་རྒྱལ་སྨྲ་བ་དག་གིས་ཀྱང་འགན་ཞིག་ཁུར་ན་འོས། སྲིད་སྐྱོང་གི་སློབ་སྦྱོང་གི་གནས་བབ་དང་ཁོར་ཡུག་གང་ནས་བསམ་ཡང་མང་གཙོ་རྩ་གཏོར་གྱི་ཁུར་ལེན་པའི་སྤོབས་པ་མེད། སྤྱི་ལོ་ཉིས་སྟོང་བཅུ་གཅིག་ལོར། ཧར་ཝར་གཙུག་ལག་སློབ་གཉེར་ཁང་ནས་ཐོན་པའི་གཞོན་སྐྱེས་ཁྲིམས་ལུགས་འབུམ་རམས་པ་བློ་བཟང་སེང་གེ་ལགས་བཀའ་ཁྲིར་བཞེངས་པར། བོད་ཡིག་གི་རྩོམ་ཡིག་ཐོག་མ་འབྲི་མཁན་ང་ཡིན། མུ་མཐུད་ནས་རྩོམ་ཡིག་མང་པོ་བྲིས་ཤིང་སྡིངས་ཆ་མང་པོ་ནས་རྒྱབ་སྐྱོར་གྱི་གཏམ་བཤད་སྤེལ་བ་ཡིན། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་ཆེས་ཐ་མའི་རྒྱབ་སྐྱོར་བ་གཞོན་སྐྱེས་གསུམ་ལས། ཁོང་གི་རྒྱབ་སྐྱོར་གྱི་གཏམ་བཤད་པ་ང་ཡིན། དེར་བརྟེན། ངས་སྲིད་སྐྱོང་གི་ལས་དོན་ལ་སྐུར་འདེབས་བྱེད་མི་སྲིད་པ་མ་ཟད། འཛུགས་སྐྲུན་སོགས་ལས་གཞི་མང་པོར་ཡི་རངས་དང་ནོར་འཛོལ་དག་ལའང་བསམ་ཤེས་ཡོད་ཀྱང་མང་གཙོ་དང་སྒྲིག་འཛུགས་འདོར་མི་སྲིད།
སྤྱི་ལོ་ ༢༠༢༡ ལོའི་ཟླ་ ༠༤ ཚེས་ ༣༠ ཉིན།
འོ་ད། ཁ་རྒྱབ་པ་སུས་ཡང་བཤད་ཐུབ་ཀྱི་རེད།
ཡག་པོ་བྲིས་འདུག་ བཀླགས་ཟིན།
ཡག་པོ་འདུག
འདས་པའི་རྗེས་མ་དེད་ན་མ་འོངས་པའི་མདུན་བསུ་མི་ཐུབ་།
མ་འོངས་པའི་མདུན་བསུ་དགོས་ན་འདས་པའི་རྗེས་འདེད་དགོས་།
འདས་དང་མ་འོངས་གཉིས་ཀྱི་འོག་ཏུ་ད་ལྟའི་ལམ་ཁ་ཚོལ་དགོས་།