འབྲུག་ལོ་བ།
ཤ་ཁྲག་གཅིག་པའི་སྤུན་ཟླའི་ལག་རྡང་མེ་ལྕེའི་ཀློང་ནས་མདུད་དེ་ཐལ།།
མུན་པ་གཤགས་པའི་སྤོབས་པའི་ཁུ་ཚུར་གནམ་ལ་འཕྱར་ནས་བཞུད་དེ་ཐལ།།
གཅིག་བཞུད་གཉིས་བཞུད་མེ་ལྕེའི་རླབས་ཀྱིས་སེམས་ཀྱི་རི་ཀླུང་ཡང་ཡང་སྒུལ།།
མེ་དང་ཉེ་བའི་བདག་གི་སེམས་འདི་མེ་བཞིན་བཞུར་ཞིང་མཆེད་ཀྱིན་ཡོད།།
ལུས་གཅིག་སྲོག་གཅིག་གཏའ་མར་བཞག་པའི་ཞུ་འབོད་གསན་མཁན་ག་ཚོད་ཡོད།།
མེ་ལ་བཏབས་པའི་ཤ་རུས་འདི་ཚོ་སེམས་ཀྱིས་མཐོང་མཁན་ག་ཚོད་ཡོད།།
མེ་ལ་བཅིབས་ནས་བཞུད་པ་དག་གི་ཁ་ཆེམས་རི་མོ་གསལ་འདོན་ཆེད།།
ད་ནི་མེ་ལྕེའི་ཀློང་ལ་ཞུགས་ནས་བླ་འབོད་ཐེངས་ཤིག་བྱེད་སྙིང་འདོད།།
སྐྱེ་བ་གཅིག་ལ་འཆི་བ་གཅིག་དེ་གནམ་གྱི་རྒྱལ་མོའི་བསྐོས་ཐང་སྟེ།།
ནད་དང་རྐྱེན་ངན་བར་ཆད་ཞེད་པོས་ནམ་ཞིག་བསྒྱེལ་མིན་སུ་ཡིས་ཤེས།།
བདེན་དོན་རྩོད་པའི་སྤོབས་པའི་མེ་ལ་ལུས་སྲོག་འདོགས་པའི་དཔའ་སྙིང་གིས།།
འཆི་བདག་རྒྱལ་པོའི་སྒོ་གླེགས་རྡུང་ལ་འཇིགས་སྐྲག་དགོས་དོན་མེད་པར་མཐོང་།།
མཚོན་གྱི་ཆར་བ་འཇིགས་རུང་དག་དང་མུ་གེའི་འཇིགས་པ་ཡ་ང་དག།།
གཅེས་པའི་སྲོག་གི་གཤེད་དུ་བབས་ནས་ཕྱིར་འོང་མེད་པའི་ལམ་པོ་ཆེར།།
གཅིག་མིན་ཁྲི་ཚོ་བཅུ་གཉིས་དེད་པ་བསམ་ཞིང་བསམ་ན་ཞེ་སྡང་མེས།།
དྲག་མཚོན་གཡུལ་ལ་འཇུག་པའི་སེམས་པར་བྲེད་ཤ་ཡང་ཡང་སློང་བར་བྱེད།།
འོན་ཏེ་ཕ་མེས་འབུམ་ཕྲག་གཅིག་གི་སྲོག་གི་ཀ་བ་བསྒྱེལ་ཤུལ་ན།།
འཚེ་མེད་ཞི་བ་དམ་པའི་ལམ་བཟང་འདེད་པའི་སེམས་ཁམས་གཉོམ་པོ་འདིས།།
དུང་ཕྱུར་བདུན་ཅུའི་སེམས་དང་མིག་དག་བོད་ལ་འགུག་པའི་གདུང་འབོད་ཅིག།།
མ་བཅོས་སེམས་པའི་རླབས་ཀྱི་རྩེ་ན་དེ་རིང་སང་ཉིན་འབར་ལ་ཕྱོགས།།
མེ་ཡི་ཚ་དབལ་བཟོད་པ་མིན་དག་མེ་ཡི་ཐག་ཉེར་མ་བཅར་རོགས།།
མེ་ལྕེའི་རྦ་རླབས་འཇོམས་པའི་ལས་དག་སུ་དང་གང་གིས་མ་རྩོམ་རོགས།།
བདག་ནི་ལུས་སྲོག་མེ་ལྕེའི་རླབས་ཟེགས་ཕྱོགས་སུ་གཏོང་བའི་གཞི་ཤུལ་ནས།།
འཆི་མིན་གསོན་མིན་ཚེ་ཡི་ཉག་ཐག་མཐོང་བ་ཁོ་ནར་ཧ་ཅང་འཇིགས།།
དམག་གིས་བསྐོར་བའི་ཕ་ས་དྲོན་མོའི་བཞིན་མདངས་ཐེངས་གཅིག་བཀྲུ་བར་འདོད།།
མེ་མདའི་སོ་ཁའི་བོད་མི་དག་གི་ངོ་གདོང་ཐལ་རྡུལ་ཕྱགས་པར་འདོད།།
བཙན་གྱིས་གཅུན་པའི་སྐད་དང་ཡི་གེར་བཅིངས་འགྲོལ་ཉི་མ་བསུ་བར་འདོད།།
རྒྱལ་མཆོག་དམ་པའི་འཛུམ་གྲོལ་ཞས་རས་བོད་འབངས་མིག་ལ་བསུ་བར་འདོད།།
རང་དབང་ཉི་འོད་ཕྱོགས་བཞིར་ཁྱབ་པའི་གངས་ལྗོངས་བདེ་དགའི་ཚལ་ཞིག་ནས།།
མི་ལུས་རིན་ཆེན་ཡང་ཡང་རྙེད་དེ་བསྟན་སྲིད་ཞབས་འདེགས་རྩོམ་པ་ཡི།།
ལས་དང་སྨོན་ལམ་མཚམས་སྦྱོར་མཁས་པ་ཡོད་ན་འདི་ཙམ་ཐུགས་འདོགས་འཚལ།།
བཟོད་བསྲན་སྙིང་ལ་རུས་པ་ལྡན་དག་མཐུན་ལམ་མདུད་པ་གཅིག་ལ་རྒྱོབས།།
རང་དབང་མེད་ན་བདེ་སྐྱིད་ཅེས་པ་ཉིན་ཞག་རེ་འགའི་སྣང་ཚུལ་ཙམ།།
བདེ་སྣང་ཕྲ་མོར་ཞེན་སེམས་གཤེད་མ་བསྲེགས་པའི་སྙིང་རྩེའི་མེ་ལྕེ་འདི།།
མཚམས་རེར་འབར་ཞིང་འཇགས་པའི་གསེང་ན་བདག་ནི་སེམས་ངལ་ལྕི་བར་ཡོད།།
ཤིན་ཏུ་མི་སྐྱིད་གདུང་བའི་ཀློང་ན་འཕག་འཚག་འདི་ཡིས་འགུལ་གྱིན་ཡོད།།
དེ་འདྲ་མ་གནང།
ཅི་ཞིག་བཤད་དགོས་པ་ཡང་མི་ཤེས་གི
རང་ལ་དྲི་བ་གཏོང་བཞིན་ཡོད།
གོང་བཀོད་ཀྱི་རྩོམ་ཡག་པོ་འདུག་ཐུགས་རྗེ་ཆེ་དྲ་གྲོགས་ལགས། ངས་ཁ་བརྡ་དྲ་བ་ལ་གནས་ལུགས་ཁ་ཤེས་ཞིག་བརྗོད་འདོད་བྱུང་བས་དགོངས་འགལ་མེད་པར་ཞུ། ངས་ལྟས་ན་ཁ་བརྡ་དྲ྄་བ་ཟེར་བ་འདི་བཙན་འབྱོར་གཞུང་དང་། བཙན་འབྱོར་གཉིས་ལ་ཉམས་རྒུད་འགྲོ་བའི་རྒྱུ་གསུམ་ཏེ། དང་པོ། བཀོད་མི་རུང་བ་དང་། བཀོད་མི་འོས་པ་བཀོད་ཅིང་། ༧གོངས་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨོད་ཞུ་བའི་རྩོམ་ངན་ཐབ་སྡུག་དེ་འདྲ་ཞིག་མ་འོ་ཡི་དམག་པའི་མཆན་དུ་བཀོད་ཀྱང་། ཁ་བརྡ་དྲ྄་བས་སྟངས་འཛིན་མ་བྱེད་པར་མཆན་དུ་བཞག་པ་དང་། མི་ངན་ཁ་ཤེས་ཀྱིས་མི་འོས་པའི་རྩོམ་རིགས་སྣ་ཚོགས་སྤེལ་ཏེ། བོད་པའི་སྤྱི་ཚོགས་སུ་དཀྲུགས་ཤིང་དང་དབྱེན་སྦྱོར་ཚད་ལས་འདས་པ་དང་། བློ་ཡུལ་དུ་གཤོང་དཀའ་བ་ཅི་རིགས་ཤིག་བྱེད་པའི་ཐད་ལ། ཟུར་གནས་དང་སྤྱི་སེམས་ཅན་གྱིས་ཟུར་ཟ་དང་སྐྱོན་བརྗོད་ཕྲན་བུ་རེ་གནང་ཚེ་མཆན་དུ་འགོག་པའི་ངང་ཚུལ་འདི་ལ་ལྟས་ཚེ་རྒྱུ་དང་པོ་ལས་མ་མདས་པར་སྙམ། གཉིས་པ་ནི། བཀྲ་མི་ཤེས་པའི་གནད་དོན་འགའ་ཞིག་བདེན་བརྫུན་གྱི་དབྱེ་བ་ཕྱེས་མ་ཐུབ་ཀྱང་། དཔེར་ན་བུ་མེད་མཚོགས་གཙོས་ད་ལྟ་དངུལ་བཟོས་མིན་གྱི་གནས་ཚུལ་ཏག་ཏག་ར་སྤྲོད་མེད་པ་དང། དོ་བདག་ངོ་མའི་གསལ་བཤད་མ་བྱས་གོང་ནས་དྲ྄་འབུ་འདི་ཚོས། བདེན་མིན་བརྫུན་མིན་ལུང་མ་བསྟན་གྱི་གནས་ཚུལ་འདིའི་རིགས། ས་ཁྱབ་རྡོ་ཁྱབ་ཏུ་སྤེལ་བས་འདི་དང་འདྲ་བའི་རིགས་ལ་མཆན་འགོད་རྒྱུའི་བཀག་འགོག་ལས་ཟློགས་སྟེ། སྣང་བ་མེད་པར་དགའ་དགའ་སྤྲོ་སྤྲོའི་ངང་ལ་འཇོག་པ་འདིའི་རིགས། བརྟགས་ཞིང་དཔྱད་ན་རྒུད་པའི་རྒྱུ་གཉིས་པའོ། ཡང་ན་དྲ྄་རྒྱ་འདིའི་སྟེང་ན། ཉེས་མེད་ལ་བསྙོན་འཛུགས་ཀྱི་མི་དཀར་ལ་ཞ྄་མོ་ནག་པོ་གཡོག་པ་དགའ་བ་དང་། སོ་སོས་སྒེར་གྱི་ཁེ་ཕན་ལ་ཆེད་དུ་དམིགས་ནས་མི་རིགས་ནང་ཁུལ་ལ་དབྱེན་སྦྱོར་དང་དཀྲུག་ཤིང་ཚད་ལས་འདས་པ་སོགས་བྱེད་ནའང་དོ་སྣང་ཏེལ་འབྲུ་ཙམ་ཡང་མེད་པ་དང།་སྟངས་འཛིན་གང་གང་ཡང་མི་ཐུབ་པར་ངན་རྒྱ་པ་ཡན་དུ་གཏོང་ས་འདི་ནི་དཔེར་ན་སྤྱང་ཀུ་ལ་ཚེ་ཐར་དང་། རྐུ་མ་ལ་དཔའ་དར་འདོགས་པ་ལྟ་བུ་ཁྱེད་མེད་ཀྱི་དྲ྄་རྒྱ་འདི་ནི་ཕན་པ་ལས། གནོད་པ་མང་བས་བོད་པ་ཉམས་རྒུད་དུ་འགྲོ་བའི་རྒྱུ་གསུམ་པ་ལས་མ་མདས་སོ། ཡང་ཁོང་ཚོས་དམངས་གཙོ་ཡིན་པས་རང་དབང་ཡིན་ལ། ཁ་བརྡ་དྲ྄་བར་རྩོམ་འགོད་རྒྱུ་བཀག་འགོག་མི་ཆོག་ཟེར་ན། སྤྱིར་དམངས་གཙོ་ལ་ལོངས་སུ་སྤྱོད་སྟང་མ་ཤེས་ན་རྒྱལ་ཁ་ལས་ཕམ་ཁ་བྱུང་བ་ལྟ་བུ་ཆོས་ཉིད་ཀྱི་ཚུལ་ནི། ལྷ་ཁང་དུ་བུར་བརྡོ་གཡུགས་ནས་ཆག་གྲུམ་ཟོས་ཀྱང་དེ་ཉིད་གྱོང་རྒུད་བྱུང་ནའང་བཀག་འགོག་མི་འཐད་པའི་སྐྱོན་གྱི་རྒྱུ་ལས་མི་འདའ་བོ། འོན་ཀྱང་གུས་པསམཆན་འགོད་པ་འདི་ནི་གོང་གི་རྩོམ་ཡིག་ལ་རྟགས་ཚེ་འདི་མི་འོས་ཀྱང་། དགོང་འགལ་མེད་ཞུ་།