རྒྱལ་ཁམས་པ་འགྲོན་གྱིས།
གནས་གཤིས་དྭངས་ལ་སེམས་ཁམས་སྤྲོ་པའི་ཉིན་ཞིག གྲོགས་འཇིགས་མེད་ཁོ་ལས་ཀ་ཞིག་གི་ཆེད། ཉེ་འཁོར་རྒྱ་གར་གྲོང་སྡེར་འགྲོ་དགོས་ཤར། སྐབས་དེ་དུས་ཕྱི་ལ་འགྲོ་ན་ལས་སྣེའི་ཕྱག་ནས་དགོངས་ཞུ་ངེས་པར་འཁྱེར་དགོས། གལ་སྲིད་དགོངས་ཞུ་མེད་ན། དེ་དུས་ཚོགས་ཁག་ཁ་ཤས་ཀྱི་མི་སྣ་བཅུ་ལས་གྲུབ་པའི་ལྟ་རྟོག་ཚོགས་ཆུང་ཞིག་ཡོད་པ་ཁོང་ཚོ་འགྲོ་རེས་ཉིན་དང་ཁེལ་ནས་བཟུང་ན། སྒོར་ལྔ་བཅུའི་ཉེས་ཆད་ཡོད། དེ་བས་ཁོས་རང་མིང་དང་ཟླ་ཚེས་སོགས་དབུ་མེད་ཀྱིས་ཁ་གསལ་ཤིག་བྲིས་ཏེ་ལས་སྣེའི་སར་ཐམ་གའམ་ཐེལ་ཙེ་བཟེད་དུ་འགྲོ་བར་བརྩམས་པ་ན། ཁོའི་གྲོགས་རྩོན་འགྲུས་འབྱོར་ནས་ང་ཡང་འགྲོ་དགོས་པས་ངེད་གཉིས་མཉམ་དུ་འགྲོ་ཟེར་ནས། ཁོང་གཉིས་མཉམ་དུ་འགྲོ་ཡ་བྱས། དགོངས་ཞུ་སྔོན་མའི་སྟེང་འཇིགས་མེད་ཁོ་གཅིག་པོའི་མིང་ལས་མེད་གཤིས་གློ་ཁུག་ནང་བཅུག་སྟེ། འཇིགས་མེད་ཁོས་ཡང་བསྐྱར་ཁོ་གཉིས་ཀྱི་མིང་བྲིས་ཏེ་གོང་ལྟར་དབུ་མེད་ཀྱིས་དགོངས་ཞུ་གྲལ་དག་ཅིག་བྲིས་ཏེ་ལས་སྣེའི་ཕྱག་ནས་དམ་ཕྲུག་བཟེད་དེ་རྒྱ་གར་གྲོང་ལ་ཕྱིན།
སྟབས་མ་ལེགས་པར་ཉིན་དེར་གོང་ཞུ་ལྟ་རྟོག་ཚོགས་ཆུང་དེ་འགྲོ་རེས་ཉིན་ལ་ཁེལ་ཡོད་པས།ཁོ་གཉིས་ལྟ་རྟོག་ཚོགས་པར་ཐུག་སྟེ་དགོངས་ཞུ་སྟོན་དགོས་ཐུག དགོངས་ཞུ་འཇིགས་མེད་ཀྱི་གློ་ཁུག་ཏུ་ཉར་ཡོད་པས་ཁོས་གཞི་ལྷོད་པོའི་ངང་གློ་ཁུག་ནས་དགོངས་ཞུ་བཏོན་ཏེ་ལྟ་རྟོག་ཚོགས་མི་གཅིག་ལ་བསྟན། མི་དེས་དགོངས་ཞུ་ལ་བལྟས་རྗེས། ཁྱེད་རང་གཉིས་ཀྱི་དགོངས་ཞུ་འདི་མི་གཅིག་གི་དགོངས་ཞུ་ལས་མི་གཉིས་ཀྱི་དགོངས་ཞུ་རེད་མི་འདུག་ལབ་པར། འཇིགས་མེད་ཀྱིས་ཀཱ་བ་ཀཱ་བ་ངེད་གཉིས་ཀྱིས་ཡིན་ཞེས་ལན་བཏབ། དེས་ན་དགོངས་ཞུའི་སྟེང་མི་གཅིག་གི་མིང་ལས་མི་གཉིས་ཀྱི་མིང་མི་འདུག་ཅེས་ཚུར་བཤད། ཡང་འཇིགས་མེད་ཀྱིས་ཡོད་ཡོད། ངེད་གཉིས་ཀྱི་མིང་ཡོད་ཅེས་ཕར་བཤད། དེ་ལྟར་ཕར་བཤད་ཚུར་བཤད་ཀྱིས་དགོངས་ཞུ་ལྟ་རྟོག་ཚོགས་མི་བཅུ་རེ་རེ་བཞིན་རེས་སྐོར་གྱིས་གཟིགས་མཐར། ལྟ་རྟོག་ཚོགས་མི་གཅིག་གིས་ཁྱེད་རང་གཉིས་ཀྱི་མིང་ཡིན་སྟངས་ཞིག་མི་འདུག དགོངས་ཞུའི་སྟེང་འཇིགས་མེད་རྒྱ་མཚོ་ཞེས་མི་གཅིག་གི་མིང་ལས་མི་འདུག་པས་ཁྱེད་གཉིས་ཀྱི་འཇིགས་མེད་རྒྱ་མཚོ་སུ་ཡིན་ན་དེའི་དགོངས་ཞུ་ལས། ཁྱེད་གཉིས་ཀྱི་དགོངས་ཞུ་རྩ་ནས་རེད་མི་འདུག་ཅེས་ཞེས་བཤད་པར། ཡང་འཇིགས་མེད་ཀྱིས་མ་རེད་མ་རེད་དེ་མི་གཉིས་ཀྱི་མིང་རེད། འཇིགས་མེད་འཇིགས་མེད་རེད།རྒྱ་མཚོ་རྒྱ་མཚོ་རེད། ནམ་རྒྱུན་ངའི་མིང་ལ་འཇིགས་མེད་ཅེས་འབོད་ཀྱི་ཡོད་ལ། ཁོའི་མིང་ལ་རྒྱ་མཚོ་ཞེས་འབོད་ཀྱི་ཡོད་རེད། དེ་བས་འཇིགས་མེད་རྒྱ་མཚོ་ཞེས་པ་ངེད་གཉིས་ཀྱི་མེང་རེད་ཅེས་ལན་བཏབ་པར། ལྟ་རྟོག་ཚོགས་མི་ཞིག་གིས་དེས་ན་བར་དུ་མ་མཐའ་ཡང་དང་སྒྲ་ཞིག་ཡིན་ཡང་དགོས་པས་དེ་ཡང་མི་འདུག་ཀ་ལབ་པར། འཇིགས་མེད་ཀྱིས་ཡོད་རེད་ཡོད་རེད།འཇིགས་མེད་ཀྱི་མེད་ཅེས་པའི་རྗེས་འཇུག་ད་དེ་དང་སྒྲ་རེད་ཅེས་ཨུ་ཚུགས་ཀྱིས་བཤད། དེ་ལྟར་ཕར་བཤད་ཚུར་བཤད་ཀྱིས་ལྟ་རྟོག་ཚོགས་མི་བཅུས་བཤད་རེས་ཀྱིས་ཁོ་གཉིས་ལ་གླགས་མ་རྙེད་པར་ཨུ་ཐུག་སྟེ་ཁོ་གཉིས་ལ་བདེན་ཁ་སྤྲད་ནས་ཁོ་ཚོ་ཕན་ཚུན་ཁ་བྲལ་ལ་ཉེ་སྐབས།ཉོབ་སྣང་ཞིག་བསྟན་ནས་ཡོད་པའི་ལྟ་རྟོག་ཚོགས་མི་ཞིག་གིས་ག་རེ་ཁྱེད་གཉིས་ཀྱི་དགོངས་ཞུ་དེ་ང་ལ་ཡང་བསྐྱར་ཞིག་སྟོན་དང་ཞེས་བཤད་དེ་བླངས་ནས་བལྟས་རྗེས། མ་གཞི་ནས་རང་གཉིས་ཀྱི་འདི་དགོངས་ཞུ་ཞིག་རེད་མི་འདུག སྟེང་དུ་དམ་ཕྲུག་མི་འདུག་ཅེས་བཤད་པ་དང་།ཁོ་གཉིས་ཧང་སང་མདོག་གིས། ཨཱ་་་་་ཡོད་ད་ཡོད་ཅེས་ཟེར་བཞིན་དགོངས་ཞུ་ལ་བལྟས།གཟོད་གཞི་ནས་དགོངས་ཞུ་དེ་འཇིགས་མེད་ཁོ་གཅིག་པོ་འགྲོ་གྲབས་བྱས་ཏེ་བྲིས་པའི་སྟེང་ལ་དམ་ཕྲུག་མ་བཟེད་པར་གློ་ཁུག་ཏུ་བླུགས་པ་དེ་ཡིན་པ་ཤེས་ཏེ། འཇིགས་མེད་རྒྱ་མཚོ་དང་།བརྩོན་འགྲུས་རྒྱ་མཚོ་ཞེས་པའི་ཁོ་གཉིས་ཀྱི་མིང་ཅན་གྱི་དགོངས་ཞུ་སྟེང་ལ་ལས་སྣེའི་དམ་ཕྲུག་ཡོད་སའི་ཚད་ལྡན་དེ་གློ་ཁུག་ཏུ་ལྷག་ཡོད་པ་དྲན་ནས་ལམ་སེང་བླངས་ཏེ་ལྟ་རྟོག་ཚོགས་མི་ཚོར་བསྟན། དེ་མ་ཐག་ཁོང་ཚོ་ཚང་མ་ཧད་དེ་ངོ་ཚ་དང་བཅས་ཅི་བྱ་གཏོལ་མེད་ངང་ཕན་ཚུན་གྱི་གདོང་ལ་ཡང་ལྟ་མི་ཕོད་པར་ཅ་ཡུན་ཙམ་ལ་ལྷག
ད་ནང་ཞོགས་ཇའི་ཞོར་ལ་ཚོགས་ཟུར་པདྨ་འབྱུང་གནས་མཆོག་གི་ཁ་སང་དགོང་ཁའི་གསལ་བཤད་བརྙན་ཐུང་ལ་བལྟས་པས། ལོ་ཟླའི་ཕྲེང་བ་མང་བོ་ཞིག་འདས་ཀྱང་། ད་དུང་ཡང་ངའི་དྲན་ངོགས་སུ་གསལ་ལེར་དགོད་སྤྱད་མཚར་གཏམ་ཞིག་གི་ཟོལ་དུ་ཡོད་པའི་དངོས་བྱུང་སྒྲུང་ཐུང་འདི་དྲན་བྱུང་བས། ཚོགས་ཟུར་མཆོག་གི་བཅའ་ཁྲིམས་དོན་ཚན་ང་བཞི་བ། གྲོས་བསྡུར་བཀག་སྡོམ་གྱི་ཚིག་འགྲེལ་དང་ཧ་ཅང་མཐུན་ཚབ་ཆེ་བས། ཞར་ཞོར་དུ་དེ་མུར་འདི་ལྟར་ཡིག་ཐོག་ཏུ་བཀོད།
མདོ་དོན་ངའི་གྲོགས་འཇིགས་མེད་ཁོ་གཉིས་ཀྱིས་དེ་ལྟར་ཨུ་ཚུགས་བྱས་དོན། དགོངས་ཞུ་ངོ་མ་ཡོད་པ་དེ་བརྗེད་ངེས་རྐུན་པོས་ཁྱེར་འདུག་པས་མ་དྲན་པར། ཉེས་ཆད་སྒོར་ལྔ་བཅུ་དེ་མི་ཕོག་ཆེད། བསམ་གཞིག་མེད་པར་དགོངས་ཞུ་རྫུན་མའམ། སྟེང་གི་མི་གཅིག་གི་མིང་དེ་མི་གཉིས་ཀྱི་མིང་ལ་བསྒྱུར་ཅི་ཐུབ་ཀྱིས་ཁ་བདེ་ལྕེ་བདེ་ཡིས་ཁ་རྩོད་བྱས་ཏེ། འཇིགས་མེད་ཀྱི་མེད་སྒྲའི་ཡང་འཇུག་ད་དེ་ཚིག་ཕྲད་ཀྱི་དང་སྒྲའི་འབྱེད་པའི་དོན་དུ་འགྲེལ་གང་ཐུབ་བྱས་མཐར་རང་གཞན་ཚང་མ་ངོ་ཚ་ཁ་སྐྱེངས་བཟོས་པ་དེ་རེད། ཁ་སང་ཚོགས་ཟུར་པད་འབྱུང་མཆོག་གིས་སྒེར་གྱི་ཁེ་གྲགས་ཁོ་ན་ཙམ་གྱིས་ཆེད། བཅའ་ཁྲིམས་དོན་ཚན་ང་བཞི་བ། གྲོས་བསྡུར་བཀག་སྡོམ། ཞེས་པའི་ཚན་པའི་ནང་གི་འབྱེད་པའི་དང་སྒྲར་འགྲེལ་ལོག་གིས་བེེད་མེད་བཏང་སྟེ།མང་ཚོགས་མགོ་རྨོངས་སུ་གཞུག་འཆར་གྱིས་མུ་མཐུད་དེ་ལམ་ལོག་བསྟན། ད་དུང་འབྲེལ་མེད་དོན་མེད་ཀྱི་ཆོས་ར་བའི་རིག་པ་མགོ་མཚུངས་ལྟ་བུའི་རྣམ་གྲངས་མང་བོ་ཞིག་དཔེ་དོན་མི་འབྱོར་བཞིན་དུ་བཙན་གྱིས་འགྲེལ་སྐྱོན་གནང་ཡང་། བདེན་པ་རྫུན་པར་ནམ་ཡང་བསྒྱུར་མི་ཐུབ་པ་ཆོས་ཉིད་ལགས་པས་དཀའ། མ་ཟད་ང་ཚོའི་སྤྱི་ཚོགས་ཆུང་ཆུང་འདི་གཉོར་སྐྱོང་བྱེད་མཁན་དང་། བཅའ་ཁྲིམ་གྱི་ཡབ་ཡུམ་ལྟ་བུའི་རྒན་རབ་པ་ཚོས་གསལ་བཤད་གསལ་གསལ་ཐང་ཐང་གནང་ཡོད་པ་དེ་ལྟར་དང་། ལྷག་དོན་ད་བར་དོན་སྣང་ཅན་ཚོར་མི་རེ་ལ་བཅའ་ཁྲིམས་དེབ་རེ་ཡོད་པ་ཡང་མཁྱེད་པ་གནང་རྒྱུ་གལ།
༼བསྟན་པ་མགོ་ནས་བཤིག་༽ ཅེས་པའི་བཤད་སྲོལ་ལྟར། ད་བར་གྱི་ང་ཚོའི་མགོ་བ་ཚོར་ངན་གོམས་ཤིག་ཡོད་པ་ནི། སྤྱི་ཚོགས་སྤྱི་མཐུན་གྱི་ལས་སུ་ཞུགས་ཡ་གུད་དུ་བོར་དེ། སྒེར་གྱི་དགོས་མཁོ་འབའ་ཞིག་ཁོག་ཏུ་བཅུག་སྟེ། སྤྱི་ཚོགས་འཁྲུག་གཞིའི་རྒྱུ་ཡོངས་རྫོགས་མགོ་བ་སོ་སོས་བརྩམས། དེ་ནས་ལྷག་བསམ་ཅན་དང་། སྤྱི་སེམས་ཅན་གྱི་མི་མང་དྲང་བདེན་པ་ཚོས་མང་གཙོའི་མཁས་དབང་ལོངས་སུ་སྤྱད་དེ་མ་འགྲིག་ས་དང་ནོར་ཁྲུལ་ཤོར་ས་གང་དེར་ཐེར་འདོན་བྱེད་དུས། ཁོང་ཚོ་ནག་པོ་བཟོ་ཅི་ཐུབ་ཀྱིས་རྒྱ་མའི་སོ་བ་དང་། ཆོལ་ཞེན་སྐམ་པོ་ཅན་སོགས་ཐ་སྙད་གང་གི་བཙོག་བཙོག་དག་སྤྱད་དེ། རང་ཁེ་ལ་རམ་འདེགས་བྱེད་མཁན་ཚོར་བརྒྱུད་ལམ་འདྲ་མིན་བརྒྱུད་ངོ་སྤྲོད་ལོག་པར་བྱས་ཏེ། མུ་མཐུད་དེ་མུན་ཁུང་དུ་འཁྲིད་གང་ནུས་བྱས་དང་བྱེད་བཞིན་པའི་དཔེ་མཚོན་ཡག་ཤོས་ཤིག་ནི། ཁ་ཉིད་སྲིད་སྐྱོང་གིས་བོད་ཀྱི་དྲ་བརྙན་དུ་མི་མང་དང་གསར་འགོད་པར་སྡིགས་ར་དང་འཇིགས་སྐུལ་བྱས་པ་དེ་དང་། ཁ་སང་ཚོགས་ཟུར་མཆོག་གི་གསལ་བཤད་འདི་གཉིས་ཀུན་ནས་འཚམས་ཏེ། ༼རྩམ་པ་རང་གིས་ཟས།།རྩམ་ཁུག་མི་མགོར་བཀོན།།༽ པའི་དཔེ་ལྟར་ཁོང་ཚོ་རྐུན་མ་མིན་མདོག་མདོག་གིས་གང་ཞིག་ནས་ཡིབས་སྡོད་ཀྱིས་རྒྱང་ལྟ་བྱེད་དེ་བཞུགས་ཡོད།
གང་ལྟར་མཐའ་དོན་ཞུ་འདོད་པ་ནི།
དང་སྒྲ་སྡུད་དང་འབྱེད་པ་དང་། ། རྒྱུ་མཚན་ཚེ་སྐབས་གདམས་ངག་ལྔའོ།། ཞེས་པའི་སྐབས་ཀྱི་ཚིག་ཕྲད་དང་སྒྲ་འབྱེད་པར་འཇུག་པའི་དཔེ་ཁྲིད་བྱེད་མཁན་གྱི་སློབ་ཆུང་སློབ་མ་ཞིག ཚོགས་ཟུར་པད་འབྱུང་མཆོག་ལ་ངོ་སྤྲོད་དགོས་འདུག་ལ།
དུས་ལས་ཡོལ་ཡོད་ཀྱང་། སྲིད་སྐྱོང་མཆོག་ལ། སྒམ་ཚུགས་དང་། ཁེངས་སྐྱུང་ཞེས་པའི་ང་ཚོའི་བོད་ཀྱི་ཐ་སྙད་དོན་ཆེན་པོ་ཅན་འདི་ལྟ་བུ་དག་གིས་མཚོན། ཡ་རབ་བོད་མི་རྣལ་མ་ཞིག་བྱེད་སྟངས་ནས་ཟབ་ཁྲིད་བྱེད་མཁན་ཞིག་གོ་སྒྲིག་དགོས་འདུག་པ་ཡང་། དུས་ལས་ཡོལ་མེད་ན་སྔ་མེད་པའི་ཚོད་དུ་འདུག་པ་བཅས།
ཅུང་རིང་འདུག་མ་གཏོགས། རྩོམ་སྟངས་ལེགས།