ཨ་འདུས་མིག་ཆུ། ས་རཱ
གཞིས་ལུས་སྤུན་ཟླ་ཚོས་བསྒྲུབ་ཀྱང་བསྒྲུབ་མི་ནུས་པ་དག་ནི།ང་ཚོས་འདི་ནས་ཧུར་ཐག་འབད་ཐག་གིས་བསྒྲུབ་དགོས་ལ། གཞིས་བཞུགས་སྤུན་ཟླ་ཚོས་བསྒྲུབ་ནུས་པ་དག་ལ། ང་ཚོས་འབད་འབད་བརྩོན་བརྩོན་བྱེད་མ་ཐུབ་ཀྱང་འགྲིག་མོད། བྱེད་ཐུབ་ན་དགེ་མཚན་ལས་སྐྱོན་ནི་གཏན་ནས་མེད་པར་སེམས་སོ། དཔེར་ན།ཡུལ་ཤུལ་ས་ཡོམ་ལྟ་བུར་མཚོན་ན། སྐབས་དེའི་བོད་གངས་ཅན་པའི་སེམས་ཀྱི་གདུང་བ་དང་། མི་རིགས་ནང་ཁུལ་ལ་བཅངས་པའི་འདུ་ཤེས་བསམ་བློ་དག་ནི། ང་ཚོ་བྱེས་པ་དག་ལས་་གཞིས་ལུས་པའི་གདུང་སེམས་མཉམ་བསྐྱེད་ཀྱི་ནུས་པ་ཁོ་ནས་འཛམ་གླིང་ཡུག་གཅིག་ཏུ་བསྒྲགས་ཐུབ་ཡོད། འདི་དག་གི་རིགས་ལ་ཆབ་སྲིད་ཀྱི་གནད་དོན་དེ་ཙམ་མེད་པས་འདི་འབྲེལ་གྱི་བོད་ཀྱི་བདེ་སྡུག་གང་ཞིག་གཞིས་བཞུགས་པ་ཚོས་ང་ཚོ་ལས་ལྷག་པ་ཞིག་བརྗོད་ནུས་ཀྱི་ཡོད།
ང་ཚོ་ལ་འགན་ཁུར་ཞིག་ཡོད་པ་ནི། ཆབ་སྲིད་ཀྱི་བཙན་འོག་ནས་གཉའ་གནོན་དང་།འཇིགས་སྐུལ། དྲག་སྤྱོད་མྱོང་བཞིན་པའི་གཞིས་བཞུགས་པ་དག་གིས་བརྗོད་འདོད་ཀྱང་བརྗོད་མི་ནུས་པ་དག་དང་། རང་ལུས་མེ་ལ་བསྒྲོན་པ། ཆུ་རུ་མཆོངས་པ། དབྱིངས་ལ་དཔྱངས་པ་དག་གི་ན་ཟུག་དང་། སྨྲེང་སྐྱོ། སེམས་ངལ་དག་ང་ཚོས་ཅིས་ཀྱང་བསྒྲགས་དགོས་པ་རེད།
རང་གི་ཕ་ས་ཕ་ཡུལ་ན་ཉིན་སོང་ཡང་མཚན་མ་སོང་བར་སྡུག་གི་ཁུར་ཆེན་ཞིག་ཁུར་ཞིང་། ཤ་དར་ལ་ཁྲག་དར་བའི་གཞོན་སྐྱེས་སྟག་འདྲ་གཟིག་འདྲ་རེ་མི་རིགས་ཀྱི་སླད་དུ། བདེན་དོན་གྱི་ཆེད་དུ།རླབས་ཆེ་ལ་རྙེད་དཀའ་བའི་མི་ལུས་རིན་པོ་ཆེ་དེ་ཚ་ལ་བཟོད་མི་ནུས་པའི་མེ་རླབས་དབུས་ན་མཆོད་མེར་སྒྲོན་ཡོང་དུས། བཙན་བྱོལ་བས་“དགའ་བ་ལ”་དང་“སྐྱིད་པ་ལ་”ཞེས་པ་གདངས་ ལ་གྱེར་ཞིང་། རྐང་པ་གཡས་འདེགས་གཡོན་འདེགས་དང་ལག་ཟུང་ཡར་ཕབ་མར་ཕབ་ཀྱིས་སྤྲོ་སྐྱིད་བཏང་ནས་བསྡད་ན། ཕ་རྒན་གྲོངས་པའི་ཕུང་པོའི་སྟེང་གཞས་ཞབས་སྤྲོ་འཁྲབ་པའི་ན་ཟུག་ལས་ཀྱང་ལྕི་ཨང་།
ཕ་ཡུལ་གྱི་རི་ལུང་གང་ས་གང་དུ་རྒྱ་རྒན་ཚང་གི་བཤས་ར་རུ་གྱུར་ཞིང་།འུ་ཚང་གི་ཕུ་ནུ་མིང་སྲིང་དག་བཙན་ཤི་ཐེབས་པའི་དུར་ས་རུ་གྱུར་ཡོད་པ་མ་ཟད། དྭངས་གཙང་གི་ཆུ་ཕྲན་དག་ཀྱང་ང་ཚོའི་དཔའ་བློ་ཁོག་ཅན་དག་གི་ཟུངས་ཁྲག་གི་དྭངས་མ་འདྲིས་ནས་བཞུར་བཞིན་པ་ལ་བསམ་ན། བཙན་བྱོལ་བའི་ཟ་དང་ཟུར་ནས་དང་། མངོན་དང་ལྐོག་ནས་འཁྲབ་བཞིན་པའི་སྤྲོ་སྐྱིད་དག་དང་གླུ་སྒྲ་དག་ནི། (མི་མང་ཁྲོད་ཀྱི་བསམ་མེད་ཚོ་ལ)ཕ་ཡུལ་ལ་དོན་རྐྱེན་རྒྱུན་མར་འབྱུང་བཞིན་པའི་མི་ཞིག་ལ་མཚོན་ན། སྐྲངས་འབུར་སྟེང་ལ་ཁུ་ཚུར་གཞུས་པ་ལས་ཀྱང་ཁྱད་གང་ཞིག་འདུག་གམ།
གཞིས་ལུས་མི་མང་གི་ན་ཟུག་དང་སྐྱོ་ངལ་ངར་ཤུགས་ཀྱིས་མཆེད་ཅིང་། ཤ་རློན་ལ་ཚོར་ཤེས་ལྡན་པའི་སྐུ་ཕུང་ན་མེ་ལྕེ་ལམ་ལམ་དུ་འབར་ཞིང་། གསོན་དྲི་ཐིལ་ཐིལ་དུ་འཕྱུར་ནས་འོང་དུས། ང་ཚོ་བཙན་བྱོལ་བའི་སེམས་ཤུགས་དང་ལ་རྒྱ་མེ་ལྕེ་བཞིན་འབར་དགོས་མོད། ད་ལྟ་དང་ད་དུང་མེ་ཕུང་ལ་ཆུ་འཁྱག་བླུགས་པ་བཞིན་ཁུ་སིམ་སིམ་དང་འཇམ་འཇམ་ཐིང་ཐིང་གིས་ངོ་གདོང་ན་འཛུམ་གྱིས་ཁེངས་ཤིང་། (མི་མང་ལ་གཙོ་བོ་བཤད་པ་ཡིན)སེམས་པ་དགའ་སྣང་གིས་བསྐྱིལ་ནས་འདུག་སྟངས་འདི་ཡག་རྟགས་ཤིག་རེད་མི་འདོད་དོ།།
ཕ་ཡུལ་ནས་ཤ་རུས་གདུང་རྒྱུད་གཅིག་པའི་ནང་མི་སྤུན་ཟླ་གང་མང་ཞིག་བོད་ཀྱི་རང་དབང་རང་བདག་གི་ཆེད་དུ་དང་། མི་རིགས་བདེན་དོན་གྱི་ཆེད་དུ། ཚེ་སྲོག་ཕང་མེད་དུ་གཏོང་བའི་དཔའ་བོ་དག་མེ་སྟག་བཞིན་གཅིག་རྗེས་གཉིས་མཐུད་ཀྱིས་མཆོང་ནས་འོང་དུས། བཙན་བྱོལ་ན་རང་རིགས་དང་རང་མི་ལ་ཤ་ཞེན་མེད་པའི་མི་བུ་དག་ཤོག་བུ་སྣུམ་གྱིས་ཟིན་པ་བཞིན་མཆེད་ནས་འོང་བ་ལ་་བསམས་ན་ཅི་འདྲའི་ཡ་ང་བ་ཞིག་རེད་ཨང།
ངའི་ཨ་མ་དང་གཉེན་ཉེ་དག་གིས་ཟེར་ན། ཕ་ཡུལ་ན་ཁྱེད་རང་ཡོད་སྐབས་ཀྱི་མེ་ཏོག་གི་དྲི་བསུང་དག་མི་འདུག་སྟེ། ཡོད་ཚད་མི་གསོན་པོ་བསྲེག་པའི་དྲི་ཡིས་ཁྱབ་འདུག་ཟེར་ལ། ད་དུང་ཁྱེད་རང་ཡོད་སྐབས་ཀྱི་ཁུ་བྱུག་གི་གླུ་སྒྲ་དག་ཀྱང་ཡལ་འདུག་སྟེ། མེ་མདའ་དང་ཨག་སྐད་ཀྱིས་ཁྱབ་འདུག་ཟེར། བདག་གི་ཕ་ཡུལ་གྱི་གནས་སྟངས་འདི་དག་ལ་བསམ་ན། ད་ལོ་ང་སྐྱིད་པོ་བྱས་ནས་འདུག་འདོད་གཏན་ནས་མི་འདུག
བདག་གི་ཕ་ཡུལ་བོད་དམ་ཨ་མདོ་རྔ་བ་ན། “དམག་་མི་དག་གིས་གུང་ཁྲན་ཏང་གི་ཁ་ལ་ཉན་རྒྱུ་དང་། མེ་མདས་དམག་མིའི་ཁ་ལ་ཉན་རྒྱུ་”ཡིན་པའི་བསྒྲགས་ཡིག་སྦྱར་འདུག་ཟེར་བ་ཐོས་ལ། “རྔ་བ་མི་མང་ལ་གུས་འདུད་ཞུ་”ཞེས་པ་ཞིག་དོས་སྐྱེལ་རླངས་འཁོར་ཞིག་གི་གཡས་གཡོན་ལ་སྦྱར་ཏེ། ནང་ལོགས་སུ་དྲག་ཆས་གྱོན་ཞིང་། དྲག་མཚོན་ཐོགས་པའི་རྒྱ་དམག་དག་ཁྱི་ལྡོམ་བཞིན་རྔ་བའི་སྲང་ལམ་ན་རྒྱུ་བཞིན་པ་མིག་གིས་མཐོང་རྒྱུ་བྱུང་། དེ་དག་ལ་ཞིབ་འདང་རེ་བརྒྱབ་ན། ཁྱེད་ཅག་གསོད་པའི་ཆོག་མཆན་གུང་ཁྲན་ཏང་གིས་གནང་སོང་བས་ང་ཚོས་ཁྱེད་ཅག་གསོད་རྒྱུ་ཡིན་ཞེས་པ་ལས་མ་འདས་ན། བཙོན་ར་ལྟ་བུའི་བདག་གི་ཕ་ཡུལ་དང་། དེར་འཚོ་བའི་ངའི་ནང་མི་མིང་སྲིང་དག་ལ་བསམ་ན། མི་ཡུལ་འདི་ན་སྐྱིད་པོ་བྱས་ནས་སྡོད་འདོད་ཀྱི་བསམ་བློ་གཏན་ནས་མི་འདུག
བདག་གི་ཕ་ཡུལ་ཨ་མདོ་རྔ་བ་ནས། བདག་དང་ངོ་ཤེས་ལ་རྒྱུས་ཡོད་པའི་ན་ཆུང་དག་མེ་ལྕེ་ལམ་ལམ་གྱིས་འབར་སོང་བ་ཐོས་ནས་འོང་བཞིན་འདུག་ལ། བདག་གི་གོམ་པ་སྤོ་མྱོང་སའི་ས་ཆ་དག་ལ་རྒྱ་དམག་གིས་ཁེབས་འདུག་པ་གོ་ནས་འོང་བཞིན་འདུག་པས། ད་སྐབས་བདག་གི་ཕ་ཡུལ་གྱི་རྒན་གཞོན་བར་གསུམ་སྲུང་སྐྱོབ་བྱ་ཆེད་ཁོང་ཚོ་ལྟར། རང་ལུས་མེ་སྲེག་གཏོང་ཐུབ་པའི་བློ་སྤོབས་དང་། ཚེ་སྲོག་གཏའ་མར་འཇོག་ཐུབ་པའི་སྙིང་སྟོབས་ཤིག་གཞར་ཡང་བདག་ལ་མེད་དུ་ཆུག་ཀྱང་། གདུང་སེམས་མཉམ་བསྐྱེད་བྱེད་ཐུབ་དགོས་པ་ནི་ང་ལ་ལས་འབྲས་ཀྱིས་ཕབ་པའི་ལྡོག་མེད་ཀྱི་བཀའ་ཡིག་ཉག་ཅིག་ཡིན་པ་ཤེས་ནས་ཡོད།
ད་དུང་བདག་གི་ཕ་ཡུལ་རྔ་བ་ནས་མེ་ལྕེའི་འོད་ལ་འཐིམས་སོང་བའི་དཔའ་རྒོད་གསུམ་ང་ཚོ་དང་གཏན་དུ་བྲལ་སོང་ནའང་། དེ་ལས་གཞན་པའི་གྲྭ་གཞོན་བཞི་དང་མི་སྐྱ་གཅིག་བཅས་སྐུ་ལུས་ཚིག་ཏེ་མགལ་དུམ་ཞིག་དང་འདྲ་བར་གྱུར་ནས་ཡོད་ཀྱང་། ཚེ་སྲོག་གི་རྒྱུ་བ་མ་ཆད་པར་རྒྱ་དམར་པོའི་མུན་པ་ལྟ་བུའི་བཙོན་ཁང་ན་བཙན་གྱིས་བཅུགས་ཤིང་། གཅར་རྡུང་བཟོད་གླགས་མེད་པ་མྱོང་བཞིན་ཁྲིད་སོང་སྐད། དེ་བས་་ན་བདག་གི་སེམས་ཁམས་ན་ན་ཟུག་དང་སྐྱོ་ངལ་གྱིས་ཡོངས་སུ་ཁེངས་ནས་འདུག་པས། སྐྱིད་པོ་ཞེས་པ་ཞིག་ལུས་ཀྱིས་ཐུབ་ཀྱང་སེམས་ཀྱིས་བཟོད་མ་ཐུབ་ཐལ།
བོད་ཀྱི་སྲང་བར་གང་ས་ནས་མཆེད་ནས་འོང་བཞིན་པའི་དཔའ་འབར་དག་ང་ཚོ་བཙན་བྱོལ་བ་དག་གིས་ལག་ལ་དམ་པར་འཇུས་ཏེ། གཞིས་ལུས་མི་མང་ཇི་ལྟར་འབར་ཚུལ་ལ་བསམ་བཞིན། ང་ཚོས་འདི་ནས་དུ་བ་སྔོ་ལྷོག་ལྷོག་ཏུ་འཕྱུར་བཅུག་ཏེ། དུ་བ་ཡུག་གཅིག་གིས་འཛམ་གླིང་ས་ཆེན་་ཡོངས་སུ་འཐིབས་པར་བྱས་ནས་མིག་རུབ་པའི་འཛམ་གླིང་གི་སྐྱེ་བོ་དག་ལ། དུ་བ་དེ་སེལ་ཐབས་ཀྱི་ལས་ཀ་མ་བྱེད་ཐབས་མེད་ཅིག་ཅེས་ཀྱང་བཟོ་དགོས་ཨང་།
དེང་དུས་བདག་གི་ཕ་ཡུལ་རྔ་བའི་གནས་སྟངས་ལ་བསམས་ན། སྡོང་པོ་དག་ལྷགས་པས་བསྒུལ་བའི་སྒྲ་དབྱངས་དག་ནི་སྐྱོ་སྣང་འབའ་ཞིག་སྐྲུན་བྱེད་ཀྱི་ཤུགས་གླུ་ཞིག་རེད་ལ། གང་ནས་ཐོས་འོང་བའི་གླུ་སྒྲ་དག་ཀྱང་སྙིང་ལ་ཁབ་བཙུགས་ལྟ་བུའི་སྙིང་གཟེར་བྱེད་ཅིག་ཏུ་གྱུར་འདུག་པ་མ་ཟད། རང་རིགས་སྤུན་ཟླ་དག་གི་བྲོ་གར་གླུ་ལེན་དག་མཐོང་དང་། བོད་ནང་གི་གནས་ཚུལ་མ་ཤེས་མ་གོ་ཚུལ་དྲན་ནས་འོང་དུས་མིག་ལ་སུར་པེན་བྱུགས་པ་བཞིན་མིག་ཆུ་ཤར་ཤར་དུ་བཞུར་འོང་གིན་འདུག་ཡ།
ངས་དེ་རིང་འདིེར་བདག་གིས་རང་ལས་གཞན་པའི་མི་སུ་ལའང་འབོད་སྐུལ་ཞུ་བཞིན་མེད་ལ། སུ་ལའང་སྙིང་གཏམ་འཆད་ཀྱིན་མེད། རང་ཉིད་ཀྱི་སེམས་ཀྱིས་གང་མྱོང་བ་རྣ་བའི་གང་ཐོས་པའི་སྤྱིར་གཞིས་ལུས་མི་མང་གི་གནས་བབ་དང་ཡང་སྒོས་རང་ཉིད་ཀྱི་སྐྱེ་ས་སྐྱེ་ཡུལ་ཨ་མདོ་རྔ་བའི་གནས་བབ་ལ་བསམས་་ན། ལོ་གཅིག་གི་ལོ་ནག་འདིར་རང་ཉིད་ཀྱིས་འདི་འདྲ་ཞིག་བྱེད་དགོས་ཞེས་པ་ཙམ་ལས། བདག་གིས་སྐད་ཆ་ཞིག་གཞན་ལ་འཆད་ཁུལ་བྱས་ཀྱང་སུ་ལའང་མི་ཕན་པ་བདག་གིས་ཤེས་ནས་ཡོད་པས། ངས་སུ་ལའང་བཤད་མེད་ལ། བཤད་འདུག་ཀྱང་མ་བསམ་ན་འགྲིག། གང་ལྟར་ངའི་ཕ་ཡུལ་གྱི་ཡིད་སྐྱོའི་གནས་ཚུལ་འདི་དག་ལ་བསམས་བཞིན་ཡི་གེ་འདི་ཤར་ཤར་བྲིས་པ་ལགས་སོ།
ཨ་འདུས་མིག་ཆུ་ལགས། ངེད་གཉིས་སྐྱེས་ཡུལ་གཅིག་སྟབས་གོམས་གཤིས་བསམ་བློ་མཐུན་ས་མང། འོན་ཀྱང་བཙན་བྱོལ་ལ་སྐྱོན་བརྗོད་མང་དྲགས་ན་གཤིས་བྱེས་གཉིས་ལ་ཕན་པ་གང་ཡང་མེད། ཕྱི་སྡོད་
བོད་གཞུང་གིས་ལམ་སེང་འཛམ་གླིང་བསྒྱུར་དགོས་ན་མི་སྲིད་པ་རེད། རྒྱལ་ཁབ་དང་མི་རིགས་སུ་ཡིན་ན་
ལས་བྱེད་དག་གིས་ལས་ཀ་དལ་མོའི་ངང་འགྲོ་བ་མ་གཏོགས་་རང་དོན་ལྟར་རྒྱུག་མཁན་སུ་ཡང་མེད།
རང་འགུལ་མེ་སྲེག་གཏོང་བའི་སྐྱ་སེར་དག་ལ་བཟང་ངན་གང་ཡང་ངས་ཤོད་མི་ཕོད། ཆོས་ཀྱི་སྐད་ཆ་མིན།
ཉིད་ཀྱི་འབྲི་རྩལ་ངོ་མ་བཟང་གི་རྗེས་སུ་ཡིད་རིངས་ཡོད། ཁྱེད་རྒྱ་གར་ང་དབྱིན་ཡུལ།
དྲི་བ་ ཨ་འདུས་ཞེས་པའི་ཚིག་གི་གི་དོན་ཅི་རེད་དམ།
ཁྱོད་ཚང་གི་ཁང་བ་གྲུ་བཞི་་མ་ངེད་ཚང་གི་ཐིགས་ལེན་སྟེང་ནས་རིག་ཕལ་ཆེར་ཀི་ཅིག་བཏང་ན་གོ་ཚོད་ཡོད།
ད་བདེ་མོ་བྱོལ།།
ཨ་འདུས་མིག་ཆུ་ལེགས།
འཇིག་རྟེན་འདིར་ཆེ་བས་ཆུང་ཟ་བ་སྔོན་མ་ནས་ཡོད། ད་ཆ་ཡང་ཀློ་ཀློའི་ལུང་པ་དག་ལ་ཕན་ཚུན་གསོད་རེས་དང་། ལོག་པའི་ཆོས་བསྟན་ནས་ཀློ་ཀློ་པ་གཞོན་པ་མང་པོས་རང་སྲོག་འཕངས་མེད་དུ་བཏང་ནས་ཨ་རི་སོགས་ནུབ་ཕྱོགས་པ་ཞི་བ་གཞན་ལ་གནོད་འཚེ་མི་བྱེད་པའི་བྱམས་སེམས་ལྡན་པའི་སྐྱེ་བོ་སྟོང་ཕྲག་མང་པོ་བསད་པ་དང་། ད་དུང་དུས་སྐབས་འཐོབ་ན་དེ་བཞིན་གསོད་པ་ལ་ཐབས་གང་ཡོད་བྱེད་ཅིང་། ཀློ་ཀློ་དེ་དག་གིས་ཡུལ་གྲུ་དག་ཏུ་ཡང་དམག་འཁྲུགས་མུ་གེ་ཆད་མེད་འབྱུང་བ། དེ་བཞིན་བོད་ཆོས་ལྡན་གྱི་ཞིང་དུ་ཡང་རྒྱ་དམར་གུང་ཁྲང་གི་འོག་ཏུ་བོད་མི་ཁྲི་ཁྲག་མང་པོ་དམག་དང་མུ་གེས་འདས་གྲོངས་སུ་གྱུར་པ་སོགས་་སྡུག་བསྔལ་བཟོད་གླགས་མེད་པ་བྱུང་བ་དང་། ད་ལྟ་དེ་བཞིན་བོད་རྔ་པ་སོགས་སུ་དེ་འདྲའི་བཙན་གནོན་གྱི་སྡུག་བསྔལ་བྱུང་འབྱུང་བཞིན་པ་གཞོན་པ་མང་པོས་བཟོད་མ་ཐུབ་པར་རང་གི་གཅེས་པའི་སྐུ་ལུས་མེ་ལྷ་ལ་སྒྲོན་སྟེ། འཇིག་རྟེན་ཕྱི་རྒྱལ་ཁབ་དག་གིས་རྒྱ་གཞུང་ལ་གནོན་ཞུགས་རྒྱབ་པའི་རེ་འདུན་ཡོད་ཤས་ཆེ་ཡང་། འཇིག་རྟེན་རྒྱལ་ཁབ་དག་གིས་གང་ཡང་བྱེད་ཐུབ་པ་མེད་ཚོད་དུ་སྣང་། དེར་མ་ཟད་རྒྱ་དམར་གུང་ཁྲན་ལས་བྱེད་པ་དག་གིས་ཀིརྟིའི་རིན་པོ་ཆེ་དང་། ཛམ་གླིང་ཞི་བདེའི་སྡེ་དཔོན་རྒྱལ་བ་རིན་པོ་ཆེ་ཞབས་དང་། ཕྱི་རྒྱལ་ན་་ཡོད་པ་བོད་མི་དག་གིས་བསྐུལ་ནས་དེ་ལྟར་བྱེད་དུ་འཇུག་པའི་ཁུངས་མེད་ཀྱི་སྐྱོན་འཛུགས་བྱེད་པ་ལ་གྲོགས་སུ་འགྱུར་བ་འདུག་ན། རྔ་པ་སོགས་བོད་ཀྱི་གཞོན་པ་རྣམས་ཀྱིས་དེ་ལྟར་དོན་མེད་དུ་རང་གི་གཅེས་པའི་སྐུ་ལུས་འཕངས་མེད་དུ་མ་གཏང་བར་དེའི་ཚབ་ལ་བོད་ཡོངས་རྫོགས་གཅིག་ཏུ་སྒྲིལ་བའི་སྐད་ཡིགདང་རིག་གཞུང་་ལ་བརྩོན་པ་གལ་ཆེ་ཞེས་སྙིང་ནས་གདུང་སེམས་མཉམ་བསྐྱེད་བཅས་མར་ཡུལ་པ་འཇམ་དཔལ་ནས་བྲིས།
གལ་ཏེ་དགྲ་ལས་རྒྱལ་འདོད་ན།
རང་ཉིད་ཡོན་ཏན་ལྡན་པར་བྱ།
དེ་ཡིས་དགྲ་ཡང་སེམས་བསྲེགས་ཤིང་།
རང་ཡང་བསོད་ནམས་འཕེལ་བར་འགྱུར།། ལེ་ ༨ ཚིགས་ ༣༣ ས་པཎ་ལེགས་བཤད།
ཨ་འདུས་མིག་ཆུ་ལགས་ཀྱི་སྐྱོ་ལ་རིང་མོའི་སེམས་གཏམ་འདིས་ང་རང་ཡང་ངུ་རུ་བཅུག་སོང་།
མེར།
མིག་ཆུ་ཉོན།
ཡར་ལངས་དང་མེར་བསྲེགས་ཀྱི་ལས་འགུལ་འདི་ཚོ་དགེ་ལུགས་པ་དང་རྒྱལ་བ་རིན་པོ་ཆེ་ཡི་བདེ་སྡུག་གཅིག་པུ་ལས་བོད་མི་རིགས་ཀྱོ་བདེ་སྡུག་འབྲེལ་མེད་པ་ཤེས་དགོས།
ཡར་ལངས་དང་མེར་བསྲེགས་ཀྱི་ནང་དུ་ས་ཁུལ་གྱི་ཆ་ནས་ཉུང་ཤས་དང་ཆོས་ལུགས་ཀྱི་ཆ་ནས་དགེ་ལུགས་མ་གཏོགས་ཚུད་མེད།
དེ་ཁྱོད་ཀྱིས་ཉམས་ཞིབ་ཡང་པོ་བྱ་དང་ཤེས་ཀྱི་རེད།
བོད་ཁྱོན་ཡོངས་ནས་ཡར་ལངས་དང་མེར་བསྲེགས་བྱས་མེད་ཆོས་བརྒྱུད་ཡོངས་རྫོགས་ཀྱིས་ཡར་ལངས་དང་མེར་བསྲེགས་བྱས་མེད།
གནས་ཚུལ་དེ་ཚོ་དགའ་ལྡན་པོ་སྦྲང་དང་དགེ་ལུགས་པ་རྒྱལ་བ་རིན་པོ་ཆེའི་བདེ་སྡུག་གཅིག་པུ་རེད།
ད་བར་དུ་མེར་བསྲེགས་དང་ཡར་ལངས་བྱ་མཁན་དང་སྣེ་ཁྱིད་པ་ཚོ་དགེ་ལུགས་རེད།
ཆོས་བརྒྱུད་གཞན་གྱིས་དེ་ལྟར་ཡར་ལངས་དང་སྣེ་ཁྲིད་བྱས་མེད།
གནས་ཚུལ་འདི་ཚོ་རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་ཐུབ་མིན་གྱི་གནས་ཚུ་ཞིག་ལ་འབྲེལ་ཡོད་རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་ན་དགེ་ལུགས་མ་གཏོགས་ཆོས་བརྒྱུད་གཞན་ལ་རྒྱལ་བ་རིན་པོ་ཆེ་བོད་དུ་ཕེབས་མ་ཕེབས་ལ་ཁྱད་པར་ཆགས་ཀྱི་མེད།
རང་ལུས་མེར་བསྲེགས་ཀྱི་ལས་འགུལ་འདི་དགེ་ལུགས་གཅིག་པུའི་བདེ་སྡུག་མ་གཏོགས་བོད་མི་རིགས་ཀྱི་བདེ་སྡུག་ལ་འབྲེལ་མེད།
བདག་གི་མཆན་དེར་ཀླ་ཀློ་ཞེས་པར་ཀློ་ཀློའི་ཞེས་ཡིག་ནོར་ཡོད་པ་དྲ་གྲོགས་ཤིག་གིས་གཟིགས་ཏེ། དྲི་བར་མཛད་པར་་ཡིག་ནོར་ངོས་འཛིན་ཞུས་པ་ལགས།