ལྷོ་ཕྱོགས་ཉི་ཟླ།
ཁ་ཉིན་ཝཱ་ར་ཎ་སིར་༸གོང་ས་མཆོག་གིས་གསུང་ཆོས་དང་བསྟུན་ནས་བོད་རིགས་ས་ཁུལ་ཡོངས་རྫོགས་ནས་གསར་འབྱོར་བ་སྟོང་ཚོ་བརྒལ་བ་ཞིག་ཕེབས་འདུག འདིའི་ལོ་ཁ་ཤས་སྔོན་ལ་༸གོང་ས་མཆོག་གིས་གསུང་ཆོས་སྐབས་སུ་དམིགས་གསལ་གྱི་ཨ་མདོའི་སྐད་བསྒྱུར་བ་ཞིག་ཡོད་པས་ཞེ་དྲ་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་ཚང་མའི་མཁྱེན་གསལ་རེད། ད་ལོ་དམིགས་གསལ་གྱི་ཨ་མདོའི་སྐད་བསྒྱུར་བ་མེད་སྟབས་ཨ་མདོའི་གསར་འབྱོར་བ་ཚོའི་ཁོང་གིས་བཀའ་གསུང་ཁྱོན་ནས་གོ་མ་སོང་ཅེས་ངུ་ཤུབ་འཐེན་མཁན་མང་པོ་འདུག ང་རང་ཉིད་ཡང་བློ་འཚུབ་ཆེ་ཤོས་ཞིག་བྱུང་སོང་། དེ་ནས་ངས་ཨ་མདོ་བ་གསར་འབྱོར་བ་ཁ་ཤས་ལ་དྲིས་ཡིན། ཁྱེད་རང་ཚོའི་༸གོང་ས་མཆོག་གི་གསུང་གོ་སོང་ཅེས་དྲིས་སྐབས་རྒན་པོ་ཞིག་གི་ལན་རྒྱབ་སོང་།ད་ལོར་རྒྱ་གར་ལ་ཐེངས་བཞི་བ་ཡིན། བློ་ཚུབ་ཧ་ཅང་བྱུང་སོང་། ཁོང་གིས་གསུང་གཅིག་གོ་མ་སོང་། ད་བོད་ལ་སོང་ན་བོད་མི་ཚོས་དྲིས་ན་ཁོང་གིས་ཅི་གསུང་ཀྱི་འདུག་ལབ་ན་ངས་གར་བཤད་གང་བཤད་མི་འདུག་ཅེས་འགྲེལ་བརྗོད་གནང་མཁན་མང་པོ་འདུག འདི་ཚོའི་ཕྱོགས་ལ་བདག་པོ་ཞིག་དང་མིག་བལྟ་རེ་བྱེད་དགོས་བ་གཙོ་བོ་མདོ་སྨད་དབུས་རྒྱུན་ལས་ནས་བལྟ་རྟོག་བྱེད་དགོས་བ་ཞིག་ཆགས་འདུག
ཁོང་ཚོ་ཡང་དཀའ་ངལ་ཞིག་གི་འོག་ནས་དམིགས་ཡུལ་ཞིག་བསམ་ནས་འགྲོ་གྲོན་མང་པོ་ཞིག་དང་དཀའ་ངལ་མང་པོ་ཞིག་དྭངས་དུ་བླངས་ནས༸གོང་ས་མཆོག་གི་གསེར་མཇལ་དང་ཞལ་གསུང་ཁོ་ན་བསམ་ནས་ཡོང་བ་སྨོས་མེད་རེད། བྱེས་སྡོད་བོད་མི་ཚོ་ཡིན་ན་ཡང་གསར་འབྱོར་བ་ཚོ་ལ་དམིགས་གསལ་གྱི་དཀའ་ངལ་རེ་ཡོད་ན་སེལ་ཐུབ་བྱེད་དགོས་བ་ང་ཚོའི་ལས་འགན་གལ་ཆེན་ཞིག་རེད། འདི་ནི་ང་ཚོའི་སྒྲུབ་དགོས་བ་ཞིག་དང་སྒྲུབ་འོས་བ་ཞིག་རེད། བོད་གཞུང་ཡིན་ན་ཡང་ལོ་རྟག་པར་གསར་འབྱོར་བ་སོགས་ཀྱི་རིགས་གང་ཐད་ནས་ལྷོད་གཡེང་མེད་པའི་སྒོ་ནས་གང་ཡོང་ཅི་ཡོང་གིས་ཞབས་ཞུ་མང་དག་ཅིག་བསྒྲུབ་བཞིན་ཡོད་པ་ཚང་མའི་མཁྱེན་གསལ་རེད།
མཐར་དོན་རེ་འདུན་ཞིག་ནི། ལོ་རྗེས་མ་ནས་བཟུང་ཨ་མདོའི་གསར་འབྱོར་བ་ཚོ་ལ་གསུང་ཆོས་སྐབས་སུ་སྐད་བསྒྱུར་བ་མཉམ་མྱོང་ཅན།ལྷག་བསམ་ཅན་དེ་མིན་ཤེས་ཡོན་ལ་རང་སྐྱ་འཕེར་མཁན་གྱི་མི་བུ་ཞིག་ངེས་པར་དུ་འདེམས་ཐོན་ཡོང་དགོས་ཀྱི་འདུག འདི་ལ་ཚང་མའི་དོ་སྣང་ཆེན་པོ་ཞིག་བྱེད་རྒྱུ་གལ།
བསམ་ཚུལ་ཧ་ཅང་ཡག་པོ་རེད། ཨ་མདོ་ལས་གཞན་ཁམས་པ་ལ་ཡང་དཀའ་ངལ་དེ་ཡོད་རྒྱུ་རེད་བསམ་གི གཞུང་སྒེར་གཉིས་ཀྱིས་དོ་སྣང་ངེས་པར་བྱེད་དགོས་པ་ཟིག་རེད་བསམ།
སྤྱིར་ང་ཚོའི་བོད་མི་ཚང་མའི་གོ་ཐུབ་པའི་སྐད་ཞིག་འཇོག་མི་ཐུབ་རྒྱུ་མཚན་ནི་ང་ཚོ་བོད་མི་རིགས་ཀྱི་སྐད་དང་ཡི་གེ་ཤེས་དགོས་པ་རེད་ཡིན་ཡང་ཨ་མདོའི་དབུ་སྐད་མི་གོ་བ་དང་དབུ་པའི་ཨ་སྐད་མི་གོ་བ་དེ་བཞིན་ཁམས་དེ་མཚུངས་རེད། ཡིན་ན་བློ་ཕམས་སྐྱེ་དགོས་པ་ཞིག་མ་རེད་རང་ཉིས་ཀྱི་སྤྱང་ན་དེ་གོ་ནུས་པ་ཞིག་རེད་པ་ལགས། རང་ནུས་གང་ཡོད་ཀྱི་ཁོང་ཚོ་ལ་རོགས་པ་བྱེད་རྒྱུང་འི་ཚོའི་ལས་འགན་རེད་གྲོགས་པོ་ཚོའི་དེ་ལ་ཐུགས་རྗེ་གཟིགས་ཞུ་རྒྱུ་ཡིན།
ཨ་ལགས་འཇིགས་མེད་ཀྱིས་སྣེ་ཁྲིད་པའི་མདོ་སྨད་ཚང་འཇོན་དགོ་ས་ནས་འཇོན་གྱི་མེད་པ་ཀུན་གསལ་རེད།
ནང་དཀྲུག་བྱེད་དགོས་ན་ཨ་ལགས་ཚང་ལ་དྲིས་དང་ཐབས་ཡོད་ཁོ་ཐག་རེད།
ཕྱོགས་གཅིག་གི་བསམ་ཚུལ་ཞིག་རེད་བསམ་གི།ད་དུང་ཅུང་གསལ་ཁ་དབྱེ་ནས་བརྗོད་འདོད་པ་ཞིག་ལ།སྐུ་ཉིད་ཨ་མདོ་ལ་ཞེན་འགོག་ཧ་ཅང་ཆེ་བའི་དབང་གིས་སེམས་ཚོར་དེ་འདྲ་བྱུང་ཡོད་པ་ཐག་གཅོད་ཆོད།
ད་ལོའི་བཀའ་ཆོས་སྐབས་མདོ་ཁམས་སྟོད་ནས་ཀྱང་ཡོང་མཁན་ཧ་ཅང་མང་པོ་རེད།དེ་ཡང་ད་ལོ་ཙམ་མ་རེད།་ལོ་ལྟར་དེ་འདྲ་རེད།འོན་ཀྱང་ཁམས་པའི་སྐད་སྒྱུར་དགོས་ཞེས་ད་བར་ཕལ་ཆེར་སྐད་བརྒྱབ་པ་དྲན་གྱི་མི་འདུག་་་ངར་ཡང་གསུང་ཆོས་སྐབས་ཁམས་པའི་ཕོ་རྒོད་ཅིག་ཐུག་སོང།་ཁོང་གིས་རྒྱལ་བ་རིན་པོ་ཆེས་བཀའ་གང་གནང་བ་གོ་ཡི་མི་འདུག་་ཚིག་གཅིག་གོ་བ་ནི་སེམས་བཟང་པོ་གསུངས་པ་དེ་ཙམ་ཡིན་ཟེར།་འོན་ཀྱང་ཁོང་གིས་ཁམས་པའི་སྐད་བསྒྱུར་དགོས་ཟེར་གྱི་མིའདུག་ངས་ཀྱང་ཁྱེད་ཅག་ལ་སྐད་སྒྱུར་ཡོད་ན་ཡག་པོ་རེད་ཟེར་མེད།་་ཁོང་གིས་བཀའ་ཆོས་མ་གོ་བ་རང་ཉིད་ཀྱི་སྐྱོན་ཡིན་པ་ངོས་འཛིན་བྱེད་ཀྱི་འདུག་པ་མ་ཟད།བོད་རྒྱལ་ཡོངས་ཀྱི་སྐད་ནི་༸གོང་ས་མཆོག་དང་རང་རེའི་རྒྱལ་ས་ལྷ་སའི་མི་དམངས་ཀྱིས་སྤྱོད་བཞིན་པའི་སྐད་དེ་རང་ལ་ངོས་འཛིན་བྱས་འགྲོ་རྐྱང་བྱེད་བཞིན་ཡོད་པ་ཚོར་བྱུང།
འོན་ཀྱང་སྟབས་ཉེས་པ་ཞིག་ལ་མ་མདོ་བ་ཚོས།་་རྨོངས་ཞེན་གྱི་བསམ་བློ་འཁྱེར་ནས་བྱ་དངོས་ཡོད་ཚད་མ་མདོ་བས་སྟངས་འཛིན་བྱེད་རྒྱུའི་ཧམ་སེམས་བཅངས་ནས།་ཐ་ན་བཟའ་བཅའི་རིགས་ལའང་ཨ་མདོའི་བག་ལེབ།མ་མདོའི་ཇ།་ཨ་མདོའི་མོག་མོག་་ཨ་མདོའི་འཐེན་ཐུག་་ཨ་མདོའི་གྲོང་གསེབ་སོགས་ཐ་སྙེད་སྔོན་མེད་གསར་བཅོས་མང་དག་བྱས་ཏེ་དབྱེ་འབྱེད་ཆེན་པོ་བྱེད་བཞིན་པའི་སྦྱོར་བ་དེ་འདྲ་ཡག་རྟགས་ཤིག་གཏན་ནས་མ་རེད།་ཆོལ་ཁ་གཞན་གཉིས་ཀྱི་ནང།་ཁམས་པའི་བག་ལེབ།ཁམས་པའི་གྲོངས་གསེབ།དབུས་གཙང་བག་ལེབ།དབུས་གཙང་གྲོང་གསེབ་ཟེར་བ་ཞིག་གཏན་ནས་མཐོང་རྒྱུ་མེད།་དེར་བརྟེན་ང་ཚོས་བོད་སྤྱི་ལ་བསམ་བློ་མང་ཙམ་གཏོང་དགོས་པ་ལས་སོ་སོའི་ཆོལ་ཁའི་དོན་དག་གཅིག་པུར་བསམ་མི་ཉེན།
ཨ་མདོ་ནས་ཡོང་བའི་གསུང་ཆོས་ཞུ་མཁན་དེས་མ་གོ་ཡང་ཁྱེད་རང་གིས་གོ་ཡོད་སྟབས་ཁོང་ལ་འགྲེལ་བཤད་བྱས་ན་ཆོག་་གོ་མཁན་ཚོས་མ་གོ་མཁན་ལ་འགྲེལ་བཤད་བརྒྱག་རྒྱུ་ནི་སྤྱི་ཚོགས་ཀྱི་ཆོས་ཉིད་རེད།་་ཚང་མས་གོ་མཁན་ཞིག་ཐུབ་པ་སངས་རྒྱས་ཀྱིས་ཀྱང་བཟོས་ཐུབ་མེད།
སྐད་ཆ་དེ་འདྲ་རྐྱང་རྐྱང་བཤད་ནས་བསྡད་ན་རྙོག་དྲ་ནམ་ཡང་རྫོགས་རྒྱུ་མེད།
སྤྱིར་བཏང་ཁྱེད་རང་གིས་ཨ་མདོ་བའི་སྐད་སྒྱུར་དགོས་ཟེར་བ་ལས་ཁམས་དང་སྟོད་པ་མངའ་རིས་ཕྱོགས་ནས་ཡོང་མཁན་རྣམས་ལ་སྐད་སྒྱུར་དགོས་ཞེས་ཟེར་མི་ཕོད་པ་གང་ཡིན།་་སྐད་ཆ་འདི་ཁོ་ནས་ཁྱེད་རང་གི་མི་གཤིས་རིང་ལུགས་ལ་ནོངས་སྐྱོན་ཆེན་པོ་ཡོད་པ་ལོང་བས་བལྟས་ཀྱང་ཁམས་གསུམ་རང་རེད་འདུག
ཁྱབ་བསྒྲགས་དེ་ནི་ཨ་མདོ་སྤྱིའི་བླ་བཙོང་གི་སྐད་ཆ་ཞིག་རེད། རང་གིས་སྐད་ཡིག་ལ་ཧུར་བརྩོན་མེད་པར་བོད་ལ་བོད་པའི་སྐད་བསྒྱུར་དགོས་ཟེར་བ་ཤིན་ཏུ་ཐ་ཆད་པའི་ངུ་འབོད་ཀྱི་ཚིག་ཏུ་སྣང་ངོ་། །མ་ཚད་ཨ་མདོའི་ཕྱོགས་ན་ཆོས་མེད་སྨྲ་བ་མང་བས་༧གོང་ས་མཆོག་གིས་ཆོས་བཤད་གནང་བས་མ་གོ་བ་ཡིན་མིན་འགྲོ། དེ་མིན་བོད་སྤྱིའི་སྐད་ཡིག་ལ་མཐོང་རྒྱ་གསོག་ན་བཟང་བ་རེད།
ཨ་མདོ་བའི་སྐད་བསྒྱུར་ཨ་མདོ་བའི་མཁོ་སྤྲོད་མ་ཐུབ་པ་དེ་ཨ་མདོ་བའི་མ་འཇོན་པ་རེད། དེང་སང་བོད་རིགས་ནང་ལ་སྐད་གཉིས་སྨྲ་བའི་མི་ཡོད་རེད། འཕྲུལ་ཆས་ཡོད་རེད། དངུལ་ཡོད་རེད། བོད་པའི་སྤྱི་ཚོགས་འཁྱོན་ཡོངས་ལ་གྲ་སྒྲིག་བྱེད་མཁན་མེད་པ་འདིས་ལན་པ་མ་རེད་པེ། ཚང་མ་རྒྱལ་བ་རིན་པོ་ཆེ་དང་། བོད་གཞུང་གིས་བྱེད་ཨ་དགོས།
ཆོ་མེད་པ་མ་ཤོད། དཀའ་ངལ་འདི་གནས་སྐབས་རེད། སྡུག་རུས་བྱས་ནས་བཀའ་ཆོས་ཉན་ན་གོ་འགྲོ་ཡི་རེད། ད་ལྟ་ཚང་མས་བོད་ཀྱི་སྤྱི་སྐད་དགོས་ཀྱི་འདུག་ཅེས་སྐོད་འབོད་རྒྱག་པ་མ་ཟད་ཤེས་ཡོན་ཅན་ཚོའི་ཚོར་སྣང་ནི་དེ་བས་ཤུགས་ཆེ། ང་ཚོས་ལུང་ཁུག་རེའི་སྐད་ལ་སྐར་སྒྱུར་བ་རེ་གྲ་བསྒྲིག་དགོས་ན་ངོ་ཚ་དགོས་པ་དང་། བོད་ཀྱི་སྤྱི་སྐད་ལ་ཤུགསརྐྱེན་ངན་པ་ཐེབས་སྲིད། གང་མཚམས་ཞིག་ནས་ཁ་འདོན་གྱི་དཔེ་ཆ་འདི་ཚོ་དང་བཀའ་བསྟན་སོགས་ཀྱང་ལུང་ཁུག་གི་སྐད་ལ་བསྒྱུར་དགོས་མི་ཟེར་བའི་ངེས་པ་མེད། སྐབས་དེ་དུས་བོད་ཀྱི་སྐད་འདི་དུམ་བུ་ཕྲག་ལ་འགྲོ་རྒྱུ་དང། དེ་དུས་བོད་མི་ཚང་མས་ཝ་ར་ཎ་སི་དང་རྫོང་གསར་མཁྱེན་བརྩེའི་ལས་གཞིར་རྒྱབ་སྐྱོར་བྱས་ཏེ་ཚང་མས་སྤྱི་སྐད་ཀྱི་ཆེད་དུ་དབྱིན་ཡིག་གི་ལམ་ནས་ནང་ཆོས་ལ་སློབ་གཉེར་བྱ་རྒྱུ་རེད། བྱས་གཙང་ཨ་མདོ་བས་མིག་རྒྱང་རིང་ཙམ་བལྟས། ཨམ་ཅོག་མང་ཙམ་ཉན་ནས་ལུང་ཁུག་རེ་ལ་སྐད་སྒྱུར་རེ་དགོས་མ་ཟེར་རོགས།
རྡ་སའི་ས་གནས་རྒྱུན་ལས་ཀྱིས་མཐོང་དགོས་རྒྱུ་དེ་མཐོང་མི་འདུག
བྱེད་དགོས་རྒྱུ་དེ་བྱས་མི་འདུག
ལས་དགོས་རྒྱུ་དེ་ལས་མི་འདུག
མི་དགོས་རྒྱུ་སྤུན་ཟླ་ནང་ལོག་ལ་དཔུང་འདྲ་བསྒྲིག་ནས་ཁ་རུབ་ལྕེ་རུབ་བྱེད་ཀྱི་འདུག
སྤྱིར་དབུས་པས་ཁམས་སྐད་གོ་བ་དང་ཁམས་པས་ཨམ་སྐད་གོ་བ་སོགས་ཕན་ཚུན་གཅིག་སྐད་གཅིག་གིས་གོ་བ་ཞིག་བྱུང་ན་བཟང་མོད། ཞིབ་ཏུ་བསམ་ན་སྐད་སོ་སོ་ལ་ཁྱད་ཆོས་ཡོད་པར་མ་ཟད། དབུས་སྐད་ལས་ཨམ་སྐད་དང་ཁམས་སྐད་ཡིག་སྐད་དང་འབྲེལ་ཆེ་བར་མ་ཟད། ཁམས་སྐད་དང་ཨམ་སྐད་གཉིས་བརྡ་རྙིང་སྤྱོད་ཆེ་བའི་ཆགས་ཡོད་སྟབས་བོད་ཀྱི་སྐད་ཡིག་འདི་དབུས་སྐད་ལ་གཅིག་གྱུར་ཡོང་བར་འབད་བརྩོན་བྱེད་པར་དགེ་མཚན་ཡོད་མེད་བལྟ་དགོས། གསུང་ཆོས་དང་མཇལ་ཁའི་སྐབས་སྐད་སྒྱུར་པ་བཞག་ན་མི་འགྲིག་པ་ཅི་ལ་ཡོད།
རེད།
དཀའ་ངལ་དེ་འདྲ་འཕྲད་པ་ཡག་པོ་རེད། དཀའ་ངལ་དེ་འདྲ་འཕྲད་ན་གནད་འགག་གང་ལ་ཐུག་པ་ངོས་ཟིན་ཐུབ་ཀི་རེད། གནད་འགག་དེ་གཞན་དག་གང་མ་རེད། གནད་འགག་དེ་ནི་བོད་མི་ཚོའི་སྐད་ཆ་གཅིག་ཤོད་རྒྱུ་དེ་རེད། བོད་མི་ནཚོས་སྐད་ཆ་གཅིག་ཤོད་ཐུབ་པ་བྱུང་ན་སྡུག་སྐད་དེ་འདྲ་རྒྱག་དགོས་ཐུག་གི་མ་རེད།
གནད་འགག་འདི་སེམས་ལ་བཟུང་ནས་རྗེས་ཕྱོགས་བོད་མི་སུ་ཡིན་ན་ཡང་སྡུག་སྐད་རྒྱག་རྒྱག་རྒྱུ་མཚམས་བཞག་ནས་སྐད་ཆ་གཅིག་ཤོད་རྒྱུར་འབད་བརྩོན་གནང་རོགས་གནང་ཟེར་ཤོད་རོགས་བྱོས།
དོ་སྣང་བྱེད་དགོས་ས་འདི་རེད། ཤུགས་རྒྱག་ས་ཡང་འདི་ཡིན། དོ་སྣང་བྱེད་ཡུལ་གྱི་གནད་འདི་ལས་ལྡོག་ན་མི་ལོ་བརྒྱ་ཕྲག་ལ་སྡུག་བརྒྱབ་ཀྱང་སྟོང་པ་ཡིན།
རེད་ཡ། བསམ་ཚུལ་རྨད་བྱུང་། ཡིན་རུང་ད་ཐེངས་ཀྱི་བསམ་ཚུལ་གསུངས་བ་ཅུང་འཕྱིས་དྲགས་འདུག མ་འོངས་པར་སྔ་ཙམ་གསུང་བྱོན་རྒྱུ་དེ་གལ་ཆེ།
དཀའ་ངལ་འདི་མདོ་སྨད་དབུས་རྒྱུན་གྱི་ལས་ཀ་རེད། དེ་མ་བྱས་ཙང་འཐུས་ཤོར་རེད་ལ། སྡུག་ཅག་ཀྱང་རེད། དེ་ག་ནང་བཞིན་མདོ་སྟོད་ཆུ་སྒང་གིས་ཀྱང་ཁམས་པའི་སྐད་བསྒྱུར་བཀོད་སྒྲིག་བྱེད་རྒྱུ་གལ་ཆེན་རེད།
སྟོད་པའི་གསར་འབྱོར་བ་རྣམས་ལའང་༧གོང་ས༧་མཆོག་གི་གསུང་ཆོས་ཀྱི་སྐབས་སུ་སྐད་བསྒྱུར་ཞིག་གོ་སྒྲིག་གནང་རོགས་རྗེས་མའི་གསུང་ཆོས་ཀྱི་སྐབས་སུ།
ཡོད་ན་ཡོད་མཉམ་དང་མེད་ན་མེད་མཉམ་གནང་རོགས།
ཀུན་ལ་སྙོམས་པའི་ཉི་མ་ཤར་བར་ཤོག
དེ་བཞིན་དེ་ལྟར་དགོས་ན་གྲྭ་སའི་དགེ་རྒན་ལོ་ལོན་དེ་ཚོའི་ས་ནས་དཔེ་ཁྲིད་ཞུ་སྐབས་ཀྱང་སྐད་གོ་ཐུབ་ཀྱི་མི་འདུག་དེས་ན་དེ་ཚོ་ལའང་དགོངས་པ་བཞེས་ནས་སྐད་བསྒྱུར་འཇོག་རོགས།
དེ་ནས་ཚོགས་འདུ་ནམ་ཚོགས་ཀྱི་སྐབས་སུའང་ཆོལ་ཁ་གསུམ་དང་བཞི་ལས་སོགས་ཀྱི་སྐད་བསྒྱུར་འཇོག་རོགས་གནང་ན་ཤིན་ཏུ་ནས་ལེགས།
བི་བི་སིའི་དོན་གྱིས་གསལ་བཤད་དང་། ལ་སྟོད་བུའི་བསྟིང་ཚིག་དེ་ཡང་གནད་དུ་ཁེལ་འདུག
ཆེད་རྩོམ་འདིའི་འོག་ཏུ་མཆན་བུ་འདི་ཙམ་ཡིན།
གཤམ་གྱི་སྐད་ཆ་འདི་དག་ནི་ཕྲན་གྱིས་སྔོན་ཞིག་ལ་བྲིས་པའི་༼རིག་གཞུང་གི་ཁྲོམ་ར་རིག་གཞུང་གི་ངོ་བོའི་སྟེང་ནས་རྒྱལ་མཚམས་མེད་པའི་འཁོར་བསྐྱོད་བྱེད་དགོས།༽ཞེས་པའི་ཆེད་རྩོམ་ཞིག་གི་མཇུག་གི་དུམ་བུ་ཡིན།
ང་འདིའི་ཐད་སེམས་འཚབ་ཤིན་ཏུ་ཆེན་པོ་ཡོད་པས་འོག་གི་སྐད་ཆ་འདི་ལ་ཡང་གཟུར་གནས་རྣམས་ནས་ངེས་པར་ལེགས་སྤེལ་ཉེས་འགོག་གི་དགོངས་ཚུལ་གསུང་རོགས།
ཨམ་སྐད་གསུང་སྒྱུར་ཟེར་བ་འདིའང་ཕྲལ་དུ་ཕན་ཡང་ཕུགས་སུ་གནོད་པ་ཞིག་སྟེ། འདིས་ངེས་པར་དུ་སྐད་བརྡ་གཅིག་གྱུར་གྱི་བརྒྱུད་ལམ་ཡག་ཤོས་སམ་མ་མཐའ་ཡང་ཆོལ་གསུམ་སྤུན་ཟླ་ཕན་ཚུན་སྐད་ཆ་ཤོད་ཐུབ་པའི་ལམ་ཁ་ཡག་ཤོས་དེ་འགོག་གི་ཡོད། དཔེ་གསེར་རྟ་ཆོས་སྒར་ལྟ་བུ་ལ་ཆོལ་གསུམ་ས་ཁུལ་སོ་སོའི་མི་མང་ཤིན་ཏུ་མང་པོ་ཡོད་པ་སྟེ། མིག་སྔར་འཛམ་གླིང་གི་ནང་པའི་ཆོས་ཚོགས་ལྟེ་གནས་ཆེ་ཤོས་གཅིག་པུ་དེ་རེད། འོན་ཀྱང་དེ་ལ་མདོ་དབུས་ཁམས་གསུམ་གྱི་སྐད་སྒྱུར་ཟེར་བ་ཞིག་མེད། དེང་སང་ཨམ་སྐད་དུ་གྲགས་པའི་འབྲོག་སྐད་རང་གི་སྟེང་ནས་ཆོས་གསུང་གི་ཡོད་ཀྱང་ཉན་མཁན་ཚང་མ་ཆེད་དུ་ཆོས་ཞུ་བ་ཡིན་པས་དང་པོ་དཀའ་ངལ་ཅུང་ཟད་འཕྲད་སྲིད་ཀྱང་ཉན་གྱིན་ཉན་གྱིན་གོ་སླ་རུ་སོང་ནས་ཟླ་ཤས་ཀྱིས་སོ་སོའི་སྐད་དང་གཅིག་པ་ནང་བཞིན་ཚོར་གྱི་ཡོད། དེ་བཞིན་ྋསྐྱབས་མགོན་རིན་པོ་ཆེའི་བཀའ་ཆོས་ལྟ་བུ་དང་པོ་ཧོབ་དེ་བལྟས་ན་གོ་དཀའ་བ་ལྟ་བུ་འཆར་མཁན་ཞིག་ལ་མཚོན་ན་ཡང་ཁོང་གི་བཀའ་སློབ་ཡིག་ཐོག་ཏུ་ཕབ་པ་དང༌། སྒྲ་བརྙན་ཕབ་ཀྱི་འཁོར་ལོ་བརྒྱུད་ནས་འདྲེས་གང་ཐུབ་བྱས་ནས་ནམ་ཞིག་རང་གིས་ཐད་ཀར་ཉན་ཐུབ་པར་བྱ་རྒྱུ་ལས་རིན་པོ་ཆེས་བཀའ་ཆོས་གསུང་སྐབས་ཨ་མདོའི་ཕོ་སར་ཞིག་གི་སྐད་གྲག་པའི་རྣ་ཉན་ཡོ་ཆས་ཤིག་གིས་རྣ་བ་ཆར་བཏང་བ་ཡིན་ན་ཕལ་ཆེར་ལུང་ཙམ་ཡང་ཐོབ་ཀྱི་ཨེ་ཡོད་ན། ཨ་ལ་རྩེད་མོ་ཡིན། གལ་ཏེ་ཐེངས་གཅིག་བཀའ་ཆོས་ཞུས་ནས་ཐེགས་མཁན་ཞིག་ཡིན་ཀྱང་བཀའ་སློབ་རྣམས་ལམ་སེང་གསུང་ཆོས་གོ་སྒྲིག་པས་ཕབ་བཤུས་ཀྱིས་ཡིག་ཐོག་ནས་འབུལ་ཐུབ་པ་བྱས་ཏེ་སོ་སོའི་ཡང་བསྐྱར་རྟོགས་ཐུབ་པ་སོགས་ཀྱི་ཐབས་ཤེས་བྱས་ན། མང་པོ་ཞིག་གིས་རིན་པོ་ཆེའི་གསུང་ཆོས་ལ་རྣ་བ་དྲག་ཏུ་གླན་པའི་ཉེར་ལེན་གྱིས་དབུས་སྐད་ལ་བག་ཆགས་ཤིག་ཀྱང་རང་བཞིན་གྱིས་སླེབས་ཀྱི་ཡོད། འདིའི་ཐད་ན་ཉིན་ཨ་མདོའི་རྒད་པོ་ཞིག་གིས་དུས་དབང་སྐབས་༼རྣམ་ཅུ་དབང་ལྡན་༽ཉིན་ཚགས་སུ། མ་གོ་ནའང་རིན་པོ་ཆེ་རང་གི་གསུང་སྐད་ཉན་ནས་སྡོད་རྒྱུ་ཡིན་ཟེར་བ་དེ་གནས་སྐབས་ཨུ་ཚུགས་ཚ་དྲག་པ་ལྟ་བུར་སྣང་ནའང་ཁོས་བཅོས་མིན་གྱི་དུང་སེམས་དེས་ང་ཤིན་ཏུ་ཡིད་འཕྲོག་མྱོང༌། འོན་ཀྱང་སྡོད་རྒྱུ་ཙམ་བྱས་ན་མི་འགྲིགས་པས་གོང་བཤད་ལྟར་གང་གོ་ཅི་གོ་བྱས་ནས་མ་གོ་བ་རྣམས་ལམ་སེང་གསུང་ཆོས་གོ་སྒྲིག་ཚན་པ་ལྟ་བུ་འབྲེལ་ཡོད་སྡེ་ཁག་གིས་བཀྲམ་པའི་བཀའ་སློབ་ཕབ་བཤུས་ལ་བསྐྱར་གཟིགས་དང༌། གལ་ཏེ་ཡིག་རྨོངས་ཤིག་ཡིན་ནའང་མི་ལ་ཀློག་ཏུ་འཇུག་པ་ཚུན་ཆད་ཀྱི་ཐབས་ཤེས་བཏོན་ཏེ་བཀའ་ཆོས་ཀྱི་ནང་དོན་ལ་བསམ་བློ་བཏོང་བའི་གལ་ཆེའི་རང་བཞིན་ལ་ནི་ནམ་ཡང་འགོག་རྐྱེན་ཐེབས་མི་ཉན། ངས་ཐེངས་མང་པོར་བཤད་མྱོང༌། རང་རེའི་ཆིག་སྒྲིལ་ནི་ཆོས་ཀྱི་ཆིག་སྒྲིལ་ཞིག་རེད། ང་ཚོའི་ཡི་གེ་གཅིག་གྱུར་འདི་ཡང་ཆོས་ལུགས་ཀྱིས་བྱས་པ་རེད། ད་སྐད་ཡིག་གཅིག་གྱུར་གྱི་ཕྱོགས་སུ་གོམ་པ་སྤོ་དགོས་ནའང་ཆོས་ལུགས་དང་ཁ་འབྲལ་ཐབས་མེད། དེའི་ཕྱིར་བླ་ཆེན་དག་གི་ཆོས་ཚོགས་ཀྱི་གཞི་རྐང་འཛིན་སའི་སྐད་དེའང་སྤྱི་སྐད་ཡོང་དང་མི་ཡོང་གི་ལྟོས་ཚབ་ཆེ་བའི་བརྒྱུད་ལམ་ཞིག་རེད། དེའི་ཕྱིར་ལོ་རྒྱུས་ཀྱི་སྟེང་ན་མེད་པའི་ཨམ་སྐད་དང་ཁམས་སྐད་ཀྱི་གསུང་སྒྱུར་ཟེར་བ་ལྟ་བུ་ནི་ཆབ་སྲིད་ཀྱི་ཐ་སྙད་སྤྱད་ནས་བཤད་ན་ཕལ་ཆེར་ཁ་བྲལ་རིང་ལུགས་པ་ཞིག་ཏུ་འགྱུར་ཉེན་ཆེ། བཀན་ལྷོའི་༼བླ་སྲོག་༽གི་ཨ་མདོའི་རྩོམ་པ་པོ་ཞིག་གིས་བོད་སྐད་སྤྱི་སྐད་དུ་འགྲོ་བའི་བརྒྱ་ཆ་བདུན་ཅུའི་རྨང་གཞི་དབུས་སྐད་ཉིད་ཡིན་པའི་སྒྲུབ་བྱེད་གནང་བ་ལ་རང་ངོས་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། རྒྱུ་མཚན་ང་ཚོས་ཆོལ་ཁ་དང་ལུང་ཚན་གྱི་ཚོར་བ་བྱེ་བྲག་པ་གཙིགས་སུ་འཛིན་པའི་རང་ལྟ་མཆོག་འཛིན་ལས་བརྒལ་ཏེ་རྣམ་དཔྱོད་དྲང་ལམ་དུ་ཞུགས་པའི་མངོན་སྟངས་ཇི་སྟེ་མིན། ལར་ད་ལྟ་སའི་གོ་ལ་འཁུམ་ནས་རྡོག་རྡོག་ཆགས་ཟིན་པའི་མ་ཚད་ཆུང་དུ་ཡང་འགྲོ་བཞིན་ཡོད། ལྷ་ས་ཡང་ཐག་ཉེ་རུ་སོང་ཟིན། ད་ལྟའི་དུས་ཀྱི་མིང་ལ་འཛམ་གླིང་ཆུང་ངུའི་དུས་རབས་སམ་གོ་ལ་གཅིག་གྱུར་གྱི་དུས་རབས་ཟེར། གྲོགས་པོ་རྣམ་པ། ང་ཚོས་བློ་ཁོག་ཆེ་ཙམ་གྱི་སྟེང་ནས་༼འཛམ་གླིང་ལ་ཁ་ཕྱོགས་པ་དང་མ་འོངས་པ་ལ་ཁ་ཕྱོགས་པ་༽ཞེས་པའི་ཚིག་དེ་ངེས་པར་དང་ལེན་བྱེད་དགོས། ནམ་ཡང་ང་ཚོས་ལྟེ་བར་ཕྱོགས་པའི་ཤུགས་དེ་ཆེ་རུ་བཏོང་དགོས་པ་ལས་ཨ་མདོ་ཡིན་པས་ཨམ་སྐད། ཁམས་པ་ཡིན་པས་ཁམས་སྐད། ད་དུང་རྒྱལ་རོང་ཡིན་པས་ལོག་སྐད་སོགས་རེ་རེ་ནས་གྲྭ་མི་ཉམས་པར་བརྒྱུད་འཛིན་བྱེད་འདོད་པ་ནི་མཐར་གཅིག་ཀྱང་མེད་པར་འགྱུར་བའི་དུས་རབས་ཀྱི་གཡབ་མོ་མ་ཡིན་ནམ།
༧སྐུ་མདུན་གྱི་གསུངས་སྐད་དབུ་སྐད་ཡིན་པས། ཁམས་དང་ཨ་མདོའི་གསར་འབྱོར་ཆོས་དུས་ཐུང་ལས་འདུག་ལོང་མེད་མཁན་ཚོར་གསུངས་བསྒྱུར་ཡོད་ན་ཕན་ཐོགས་ཡོད་ཤག་རེད། སྤྱིར་ཟླ་ཤས་གཤིབ་ན་ཆོལ་གསུམ་ཡུལ་ལུང་སོ་སོའི་ཡུལ་སྐད་རྣམས་དཀའ་ངལ་མེད་པར་ཕན་ཚུན་གོམས་སླ་བ་དང་གོ་འགྲོ་བ་བདེན་མོད། གསར་འབྱོར་དབུས་སྐད་ལ་གོམས་འདྲིས་བྱེད་ལོང་མེད་པའི་མདོ་སྟོད་སྨད་ཀྱི་དུས་ཐུང་ཆོས་ཞུ་བ་གསར་འབྱོར་ཚོའི་ཆེད་དུ་གསུངས་བསྒྱུར་ཞིག་གོ་སྒྲིག་བྱེད་འོས་པ་མཐོང་། འགྲོ་སོང་ནི་གསར་འབྱོར་བ་ཁོ་ཚོས་ཕུལ་བའི་སྐྱབས་རྟེན་སོགས་ཀྱིས་ཀྱང་ལས་སླ་བོ་ཁེབས་འགྲོ་གི་རེད། འབུལ་བ་ཚང་མ་བསྡུ་རྐྱང་བྱས་ཏེ་ཕར་གསུངས་ཚིག་མ་གོ་ནའང་བདག་སྤྲོད་མི་བྱེད་པ་ཁྲེལ་མེད་མ་རེད་པས། ཆོས་ཞུ་དེ་ང་ཚོ་་ནང་བཞིན་དྲན་རྒྱུ་མང་པོ་དེ་འདྲ་མ་ཡིན་པར་ལྷག་བསམ་རྣམ་དག་དང་དྲང་པོ་དྲང་རྐྱང་ཡོད་རེད།
༧སྐུ་མདུན་གྱི་གསུངས་སྐད་དབུ་སྐད་ཡིན་པས། ཁམས་དང་ཨ་མདོའི་གསར་འབྱོར་ཆོས་དུས་ཐུང་ལས་འདུག་ལོང་མེད་མཁན་ཚོར་གསུངས་བསྒྱུར་ཡོད་ན་ཕན་ཐོགས་ཡོད་ཤག་རེད། སྤྱིར་ཟླ་ཤས་གཤིབ་ན་ཆོལ་གསུམ་ཡུལ་ལུང་སོ་སོའི་ཡུལ་སྐད་རྣམས་དཀའ་ངལ་མེད་པར་ཕན་ཚུན་གོམས་སླ་བ་དང་གོ་འགྲོ་བ་བདེན་མོད། གསར་འབྱོར་དབུས་སྐད་ལ་གོམས་འདྲིས་བྱེད་ལོང་མེད་པའི་མདོ་སྟོད་སྨད་ཀྱི་དུས་ཐུང་ཆོས་ཞུ་བ་གསར་འབྱོར་ཚོའི་ཆེད་དུ་གསུངས་བསྒྱུར་ཞིག་གོ་སྒྲིག་བྱེད་འོས་པ་མཐོང་། འགྲོ་སོང་ནི་གསར་འབྱོར་བ་ཁོ་ཚོས་ཕུལ་བའི་སྐྱབས་རྟེན་སོགས་ཀྱིས་ཀྱང་ལས་སླ་བོ་ཁེབས་འགྲོ་གི་རེད། འབུལ་བ་ཚང་མ་བསྡུ་རྐྱང་བྱས་ཏེ་ཕར་གསུངས་ཚིག་མ་གོ་ནའང་བདག་སྤྲོད་མི་བྱེད་པ་ཁྲེལ་མེད་མ་རེད་པས། ཆོས་ཞུ་དེ་ཚོ་ང་ཚོ་ནང་བཞིན་དྲན་རྒྱུ་མང་པོ་དེ་འདྲ་མ་ཡིན་པར་ལྷག་བསམ་རྣམ་དག་དང་དྲང་པོ་དྲང་རྐྱང་ཡོད་རེད།
ཨ་མདོ་བས་༧གོང་ས་མཆོག་གི་གང་གསུངས་པ་དེའི་དོན་དག་མ་གོ་བ་དང། གོ་འདོད་བྱེད་རྒྱུའི་ཐབས་ཤེས་བྱེད་པ་དེས་བོད་ཀྱི་སྤྱི་སྐད་ཐད་ཀྱི་ཚོར་ཤེས་སྐྱེན་པོ་དག་ཕྱིར་བཏོན་བྱས་ཀྱང་མ་བྱས་ཀྱང་རུང། ད་བར་བོད་ཕྱི་ནང་གཉིས་ནས་སྤྱི་སྐད་ཐད་མཁས་བླུན་ཚང་མས་ཀླད་པ་བརྡར་རྗེས། ཆོལ་ཁ་གསུམ་ཕན་ཚུན་ལ་ཚོང་འབྲེལ་གྱིས་མཚོན་པའི་འབྲེལ་ལམ་བཤིབ་འདྲིས་རྒྱུན་འཁྱོངས་བྱེད་དགོས་པ་ཞིག་གི་སྟེང་དུ་བཞག་ཡོད་པས་ཚོར་བ་སྐྱེན་པོ་རྣམས་མ་འགུལ་རོགས་ཅེས་སྐུལ་མ་བྱེད་རྒྱུ་ཡིན།
དེང་སང་སྐད་བརྡ་རིག་པ་བ་དང། མི་འབོར་ལ་ལ་གྲངས་བཤེར་བྱེད་དུས་ཨམ་སྐད་སྤྱོད་མཁན་བོད་ཁམས་ཡོངས་སུ་མང་ཤོས་ཆགས་ཡོད་པ་རེད། མི་རྣམས་ཀྱིས་དེ་ནི་སྒྲ་གདངས་ཤིག་གི་སྒང་ནས་དབྱེ་འབྱེད་བྱེད་ཀྱི་ཡོད་ཀྱང། ངས་ལྟོས་ན།་ཨ་མདོ་བ་དག་གིས་རང་གི་ཡིག་སྐད་བསྐྱོན་པས་ཡིན་རྒྱུ་རེད་བསམ་ལ། ལུང་སྟོན་པའི་རྣམ་བཞག་དང་འགལ་བའི་ཡུལ་སྐད་ཡི་གེ་རུ་བཙན་སྦྱར་བྱེད་མཁན་ཉུང་ཤོས་ནི་ཨ་མདོའི་ཡིག་འབྲི་བ་ཚོ་རེད། དེ་རྣམས་ཞོར་འཕྲོས་ཙམ་ཡིན། སྤྱིར་མི་རིགས་གཅིག་གི་ནང་སྐད་བསྒྱུར་བསྟན་དགོས་ཚེ། བློ་ལྡན་དག་གིས་ཀྱང་སེམས་འཚབ་བྱེད་ངེས་ཀྱང། ད་ལྟའི་དུས་ཚོད་འདིར་༧གོང་ས་མཆོག་གི་གསུངས་མ་གོ་ཀྱང་གོ་ཁུལ་གྱིས་སྐད་བརྡ་གཅིག་གྱུར་གྱི་ཞེན་ཁོག་འཛིན་རྒྱུ་ལས། ༧གོང་ས་མཆོག་གི་བཀའ་སློབ་ཀྱི་ནང་དོན་རྣམས་བོད་མི་རིགས་ལ་མཁོ་གལ་ཆེ་བ་མཁྱེན་དགོས་པར་སེམས་ལ། གཞིས་ལུས་དོན་གྱི་བདག་པོ་རྣམས་ལ་དེ་བས་ཀྱང་རྟེན་གཞིའི་ལུས་ཀྱི་རྣམ་ཤེས་ལྟ་བུ་ཆགས་ཡོད་པ་རེད།
བསམ་ཚུལ་ཡག་པོ་འདུག དེ་ཆོལ་ཁའི་དབྱེ་འབྱེད་དང་ཕྱོགས་ཞེན་དེ་འདྲ་མ་རེད། མི་མང་ལ་ཞབས་ཞུ་སྒྲུབ་སྟངས་མ་འདང་བའི་སྐོར་རེད། ཆོལ་ཁའི་དོན་ཞིག་ཡིན་ན། ཆོལ་ཁའི་ཐོབ་ཐང་སྐོར་ཡིན་པས་ངེས་པར་བཤད་དགོས་པ་རེད། ཆོལ་ཁའི་ཐོབ་ཐང་དང་ཕྱོགས་ཞེན་གཉིས་རྦད་དེ་མ་འདྲ་བའི་དོན་དག་གཉིས་རེད། ཁྱེད་ཀྱི་བསམ་ཚུལ་དེ། ད་རེས་འཕྱི་དྲགས་ཀྱང་རྗེས་ཕྱོགས་སུ་ཕན་ཐོགས་སྲིད།
སྤྱིར་བཏང་གཞུང་ཟེར་བ་དེ། མི་མང་ལ་དཀའ་ངལ་ག་རེ་ཡོད་ན། དེ་སེལ་མཁན་དང་ཞབས་ཞུ་ཞུ་མཁན་རེད། ལྷག་པར་དུ། དད་པ་དམ་ཚིག་ལ་བརྟེན་ནས། ས་ཐག་རིང་ནས་དཀའ་ངལ་མང་པོ་ཞིག་བརྒྱུད་ནས་སླེབས་པའི་ས་ཁུག་ལུང་ཁུག་གི་མི་མང་འདི་ཚོར་དངོས་གནས་འདོད་པ་ཁེངས་པའི་ཞབས་ཞུ་ཞིག་མི་སྒྲུབ་པར་སུ་ལ་ཞབས་ཞུ་བསྒྲུབ།
བོད་གཞུང་ལ་མཚོན་ན། ད་རེས་བོད་ནང་ནས་སླེབས་པའི་མི་མང་ལ་ཞབས་ཞུ་རྣལ་མ་ཞིག་བསྒྲུབ་རྒྱུ་དེ་གོ་སྐབས་ཤིག་ཀྱང་རེད། ལྷག་པར་མདོ་སྟོད་སྨད་ནས་ཡོང་བའི་མི་མང་ཚོའི་སེམས་ནང་བོད་གཞུང་ཟེར་བ་འདི་རྒྱང་ཐག་ཅུང་ཟད་རིང་པོ་རེད། ད་བར་ཆོས་ཁོ་ན་ཡིས་བོད་མི་སྟོད་སྨད་བར་གསུམ་གྱི་བསམ་བློ་གཅིག་ཏུ་བསྒྲིལ་ཡོད་པ་མ་གཏོགས་སྲིད་ཀྱིས་མིན། བོད་ནང་གི་མི་མང་དང་། དམིགས་བསལ་མཐའ་ཁུལ་གྱི་མི་མང་ཚོའི་ཡིད་འགུགས་པར་བོད་གཞུང་གིས་འགན་མང་ཞིག་འཁྱེར་དགོས་པ་རེད། དེ་གཅིག་བྱས།
དེ་ནས་ཆོས་ཀྱི་ཐོག་ནས་བཤད་ན། མདོ་སྟོད་སྨད་ཀྱི་མིས་དབུས་སྐད་མི་གོ་བས། སྐད་སྒྱུར་བཞག་ན་ཕར་ཚུར་གཉིས་ཀ་སྐལ་བ་བཟང་པོ་དང་ཚོགས་བསགས་རླབས་ཆེན་རེད། དེ་གཉིས་བྱས།
གསུམ། སྐད་སྒྱུར་བཞག་པ་དེ་གཞན་སྐད་དང་མི་འདྲ་བས། གསལ་བོར་བཤད་ན། མདོ་སྟོད་སྨད་ཀྱི་མི་ལ་དབུས་སྐད་སློབ་ཁྲིད་གནང་བ་དང་གཅིག་མཚུངས་རེད། དེས་ན་སྐད་གཅིག་གྱུར་ལའང་ཕན་པ་རེད།
མཐའ་མཇུག མཐའ་ཁུལ་གྱི་བོད་མི་དད་དམ་གཙང་མ་ཅན་འདི་ཚོས། རྒྱལ་བའི་གསུང་ཡང་གོ། དབུས་སྐད་འགའ་རེ་ཡང་ཤེས། བོད་གཞུང་ཟེར་བ་འདིར་ཡང་སྔར་མེད་པའི་བརྩི་མཐོང་དང་དགའ་བ་ཞིག་སླེབས་ནས་རང་རང་སོ་སོའི་ཕ་ཡུལ་དུ་ལོག་ཕྱིན་ཏེ། མི་ལའང་ཡག་ག་ཞིག་མ་གཏོགས་བཤད་རྒྱུ་མེད་ན་དེའི་ལྷག་གི་ཆབ་སྲིད་ཅིག་ཡོད་རྒྱུ་མ་རེད། དེའི་ལྷག་གི་ཆོས་ཤིག་ཡོད་རྒྱུ་མ་རེད། སྐད་གཅིག་གྱུར་ལའང་། ཆོས་གསན་ཞོར་དུ་ཕྱག་ལས་ཤིག་གནང་བ་མ་རེད་དམ།
སྐྱིད་པོ་མ་བཤད། མདའ་ཚན་པ། ཁྱེད་རང་གི་དྲན་པ་ནང་བཞིན་་་་
དེ་འདྲའི་ལས་སླ་པོ་། དེ་འདྲའི་སྩ་མོ་སྩ་མོ་ཞིག་ཡིན་ན་ག་རེ་བྱས་ནས་བོད་པ་ཟེར་པ་འདི་ལྟར་ཁ་ཐོར་དགུ་ཐོར་དུ་སོང་བ་རེད།
དེ་འདྲའི་འཇམ་མདོག་ཁ་བོ། དེ་འདྲའི་ཡག་མདོག་ཁ་བོ། གནད་འགག་མི་ཤོད་པར་སྣེ་མོ་བཤད། ཕུགས་མི་ཤོད་པར་མདོ་བཤད། རྒྱང་ལ་མི་བལྟ་བར་ཉེ་ས་ཁོ་ན་ལ་བལྟས་ནས་བཤད།
སྔོན་མ་དེ་འདྲ་རྐྱང་བྱས་ནས་ད་ལྟའི་དཀའ་ངལ་འདི་འཕྲད་པ་རེད། དཀའ་ངལ་ལ་དཀའ་ངལ་ཤེས་པར་བྱས་ནས་དཀའ་དེ་སེལ་ཐབས་གི་སྐད་ཆ་ཤོད་དགོས་གི་རེད། དཀའ་ངལ་དེ་ཡང་འཕྲལ་སེལ་གི་དཀའ་ངལ་སེལ་ཡས་མ་ཡིན་པར་དུས་གཏན་དུ་ཡང་བསྐྱར་དཀའ་ངལ་དེ་འདྲ་མི་འཕྲད་པའི་ཐོག་སྐད་ཆ་ཤོད་དགོས་གི་རེད།
མདོ་དེད་ན་ད་ལྟ་ནས་འགོ་བཙུགས་སྟེ་བོད་པ་ཚང་མས་སྐད་ཆ་གཅིག་ཤོད་ཡས་ལ་འབད་བརྩོན་བྱེད་དགོས་གི་རེད། ངས་ཤོད་ཡག་གི་སྐད་ཆ་གཅིག་ཟེར་ཡས་དེ་གཅིག་གིས་ཤོད་པ་གཅིག་གིས་གོ་ཐུབ་པ་དང་། ཡང་། ཅིག་ཤོས་གིས་ཤོད་པ་ཅིག་ཤོས་གིས་གོ་ཐུབ་ན་དེ་གའི་འགྲིག ཡིན་གཅིག་དབུས་སྐད་དང་ཡིན་གཅིག་ཨམ་སྐད་ཤོད་དགོས་ཟེར་ནས་བཙན་བཀའ་བཏང་ན་ཡོང་གི་མ་རེད།
ད་བྱེད་དུས་ཕལ་ཆེར་གདན་ས་ཁག་གི་ཁམས་ཚན་ཚོའི་དབར་ལའང་སྐད་སྒྱུར་རེ་དགོས་པ་མིན་ནམ། བོད་ཀྱི་སྤྱི་སྐད་ལ་དོ་སྣང་བྱོས། ལུང་ཁུག་གི་སྐད་ཆ་དེ་ཚོ་གཡུག་ཞོག
གདན་སའི་ཁམས་ཚན་བར་སྐད་སྒྱུར་དགོས་མ་རེད། ཁོང་ཚོ་ཡུན་རིང་མཉམ་གཤིབ་བྱས་སྡོད་མཁན་ཡིན་ཙང་རིམ་པས་གོ་འགྲོ་གི་རེད།
བོད་ནས་གསུང་ཆོས་ཞུ་རུ་ཡོང་མཁན་ཚོ། དམིགས་ཡུལ་གསུང་ཆོས་ཞུ་རྒྱུ་དེ་རེད། དེ་ཡིན་ན་ཁོང་ཚོའི་གསུང་ཆོས་གོ་ཐུབ་པ་ཞིག་འབྲེལ་ཡོད་མི་ཚོས་བྱེད་དགོས་པ་རེད།
རེད། སྐད་གཅིག་གྱུར་ལ་བཙན་པོ་དབང་ཡོད་བྱས་ནས་ཅང་བཟོ་རྒྱུ་ཡོད་པ་མ་རེད། ཐབས་ཤེས་འཐེན་རྒྱུ་ཡོད་པ་རེད།
མིའི་རིགས་ཕན་ཚུན་འབྲེལ་འདྲིས་མང་ཟིག་ཡོང་ན་གཅིག་གྱུར་ཆགས་ཡོང་བ་དང་། ཡུན་རིང་ཁ་ཐོར་དང་ཁེར་ཚུགས་སུ་བསྡད་ན། སྐད་ཀྱང་ལོགས་སུ་ཆད་འགྲོ་གི་ཡོད་པ་རེད།
ད་ལྟའི་རླུང་འཕྲིན། བརྙན་འཕྲིན། བརྡ་འཕྲིན། འགྲིམ་འགྲུལ་སྟབས་བདེ་རུ་ཕྱིན་པ་དེས་སྐད་གཅིག་གྱུར་ལ་ཕན་དགའ་རབས་ཐོགས་ཡོད་པ་རེད།
བོད་ལ་ད་བར་སྤྱི་སྐད་ཟེར་བ་ཞིག་ཡོད་པ་མ་རེད། ཡིག་སྐད་ཅིག་ཡོད་པ་རེད། ཡིག་སྐད་དེ་སྤྱི་སྐད་མ་རེད། སྤྱི་ཡིག་རེད། ས་ཁུག་ལུང་ཁུག་གི་སྐད་ཚང་མ་ཡིག་ཐོག་ལ་བྲིས། ཚིག་མཛོད་བཟོས། སྤྱི་སྐད་ནང་ལ་སྤུངས། ཕན་ཚུན་གྱི་སྐད་སློབ་སྦྱོང་བྱས་དེ་འདྲ་བྱས་ན། ད་ལྟའི་ཁྱབ་ཆུང་བའི་ཡིག་སྐད་དེ་རྒྱ་ཆེ་རུ་དང་། ཕུན་སུམ་ཇེ་ཚོགས། གཅིག་གྱུར་མིན་པ་རྣམས་གཅིག་གྱུར་ཆགས་པ་ལ་རྨང་གཞི་བཏིང་གི་ཡོད་པ་རེད།
དེ་མིན་ད་བར་ཡིག་ཐོག་ལ་འབྲི་རྒྱུན་མེད་པའི་ཚིག་གསར་རེ་མཐོང་བ་དང་རྒྱུག་པ་གཞུ་རྐྱང་བྱས་བསྡད་ན་སྐད་དེ་གཅིག་གྱུར་དང་ཆ་ཚང་རུ་འགྲོ་ཐབས་ཁོ་རང་ཡོད་པ་མ་རེད། བྱ་སྤྱོད་དེ་རིགས་ནི་སྐད་གཅིག་གྱུར་ལ་གཏོར་བརླག་གཏོང་གི་ཡོད་པ་རེད། དེ་ཁྱེད་ཚོ་སྐད་ཀྱི་ཆོས་ཉིད་དང་འཕོ་འགྱུར་རང་བཞིན་ལ་ཡོངས་སུ་རྨོངས་པའི་གྲྭ་པ་རེ་ཟུང་གིས་གོ་བར་གྱིས།
ངའི་ཕ་ཡུལ་ན། ད་རུང་ཡིག་ཐོག་འབྲི་ཁྱབ་མ་བྱུང་བའི་བྱ་ཚིག་མིང་ཚིག་ཐ་སྙད་གཞན་གྱིས་ཚབ་བྱེད་མི་ཐུབ་པ། དོན་སྙིང་ཟབ་མོ། ལྗིད་ཁོག་ཅན་ཧ་ལས་པའི་མང་པོ་ཡོད། མཚམས་རེར། རྩོམ་རེ་འབྲི་སྐབས་དེའི་གྲས་དེ་མཁོ་གི་འདུག་སྟེ་དག་ཆ་ག་འདྲ་སེ་འབྲི་དགོས་ཤེས་ཀྱི་མི་འདུག
ཕ་ལམ།
མི་ཞིག་ལ་སྐད་སྒྱུར་བ་ཞིག་དགོས་མཁོ་ཡོད་སྐབས། དེ་ལ་འབྲེལ་ཡོད་ནས་སྐད་སྒྱུར་བ་ཞིག་བཀོད་སྒྲིག་བྱས་ན་མི་དེའི་དཀའ་ངལ་སེལ་བ་མ་རེད་དམ། དེ་དཀའ་ངལ་སེལ་བར་བྱེད་པའི་ཐབས་ཤེས་ཤིག་མ་རེད་དམ།
ཆོས་ཞུ་བ་ཞིག་གི་དཀའ་ངལ་སེལ་རྒྱུ་དེ། བོད་རྣམས་ཁ་ཐོར་དགུ་ཐོར་དུ་འགྲོ་མི་འགྲོ་ལ་འབྲེལ་བ་ག་རེ་ཡོད་པ་རེད། དེའི་དོན་དག་ངས་ཤེས་མ་སོང་། དེ་འདྲ་ཡིན་ན་ང་ནོར་རེད།
སྐད་མི་གོ་བ་ཞིག་ལ་སྐད་སྒྱུར་བ་ཞིག་བཀོད་སྒྲིག་བྱེད་རྒྱུ་དེ། ཁ་འཕྲོའི་མི་དེ་ཚོར་འདོད་པ་ཡོད་མིན་རེད་མ་གཏོགས་དེ་རྩ་མོ་རྩ་མོ་ཞིག་རེད། རྩ་མོ་རྩ་མོ་རྣམས་ལ་སྣང་ཆུང་བཏང་ན། དཀའ་མོ་དཀའ་མོ་རྣམས་རྗེས་སུ་ཡོང་ན་ཐང་། སྣང་ཆུང་བྱེད་རྒྱུ་མང་དྲགས་ན། དོན་དག་ཆུང་ཆུང་རེས་ཀྱང་བོད་རྣམས་ཁ་ཐོར་དགུ་ཐོར་དུ་འགྲོ་མ་སྲིད་པ་མ་རེད།
ཁམས་དང་ཨ་མདོའི་ཕྱོགས་ནས་གསར་ཏུ་འབྱོར་བའི་ཆོས་ཞུ་བ་དག་གིས་༧གོང་ས་མཆོག་གི་གསུང་ཆོས་ཀྱི་ནང་དོན་ཐད་ཀར་མི་གོ་བ་ནི་མཐོང་གསལ་རེད། མིའི་དཀའ་ངལ་ལ་བསམ་བློ་གང་ཡང་མི་གཏོང་བར་མི་རེས་ཟུང་གིས་འགན་འཁུར་མེད་པའི་ཕྱོགས་རེས་འཆར་གཏམ་འབའ་ཞིག་གིས་དུས་མདའ་བ་ནི་དངོས་གནས་བློ་ཕམ་དགོས་པ་ཞིག་མ་ཡིན་ནམ། བསམ་བློ་ཡོག་པོ་ཞིག་བཏང་ནས་འཕྲལ་སེལ་གྱི་དཀའ་ངལ་འདི་ལ་གདུང་ལེན་བྱེད་དགོས་པ་ཁ་ཚ་དགོས་གཏུག་ཞིག་མ་ཡིན་ནམ།
གནས་སྐབས་ཀྱི་དགོས་མཁོ་ནི་མཐར་ཐུག་གི་དམིགས་ཡུལ་མིན། མཐར་ཐུག་གི་བདེ་སྐྱིད་ཀྱིས་གནས་ཀྱི་སྡུག་བསྔལ་སེལ་མི་ནུས། དེའི་ཕྱིར་བསམ་འཆར་བཤད་ནོ་ཧ་ཅང་བཟང་གི ཁམས་པ་མ་ལབ་ནོ་སྐྱོན་ཞིག་རེད་བསམ་གི
རྫོང་གསར་མཁྱེན་རྩེ་ཟེར་བ་དང་ཝ་ར་མཐོ་སློབ་སོགས་ཀྱིས་ཕྱི་རྒྱལ་འབྱོར་ལྡན་བ་ཚོའི་ཆེད་དུ་བཀའ་བསྟན་ཆ་ཚང་དབྱིན་སྐད་ནང་བསྒྱུར་རྒྱུའི་ལོ་བརྒྱ་ཡི་འཆར་གཞི་བཟོ་ཐུབ་ས་ནས། བོད་འབྱོར་ཆོས་ཞུ་བ་ཚོའི་ཆེད་དུ་ཉིན་ཤས་ཀྱི་གསུངས་ཆོས་ཀྱང་བསྒྱུར་མི་ཐུབ་པ་འདིའི་ཐོག་ནས་བོད་གཞུང་དང་བཙན་བྱོལ་བའི་དབུ་ཁྲིད་དང་བླ་མ། ལོ་ཙྰ་བའི་མིང་ཅན་ཚོ་བོད་པའི་ཐོག་ལ་སེམས་པ་ནག་པོ་ག་ཚོད་ཡོད་པ་མཚོན་ཡོད་རེད།
༸གོང་ས་མཆོག་གི་གསུང་ཆོས༸ ཝ་ཎའི་གསུང་ཆོས་ཨམ་སྐད་ལ་འགྱུར་མཁན་མེད་པར། བཀའ་བསྟན་ཨིན་སྐད་འགྱུར་འདོད་པ་ནི། དངོས་པོའི་གནས་ཚོད་དང་མི་མཚུངས་པ་ཡིན་པ། འདི་ཡིས་རང་མདོག་བསྟན་པ་མ་རེད་པེ།
དེ་རང་ཡིན་ན་སྟག་མྱོན་གྱི་གསུང་བ་བདེན་པ་རེད་། ཉམས་ཆུང་མཇལ་བ་དེ་ཚོ་སྙིང་རྗེ་། ལོ་རྒན་པ་དེ་ཚོར་ཕ་ལམ་གྱིས་སྐད་ཡིག་གཅིག་གྱུར་ལ་རེ་བ་བྱས་འདུག་ཁོམ་ཡོད་རྒྱུ་མ་རེད་ཡ་།
༡༽དྲ་གྲོགས་ཚང་མས་དགོངས་འཆར་གང་ལེགས་གསུངས་འདུག་་འོན་ཀྱང་འགའ་ཤས་ཀྱིས་དོན་མེད་སྐྱོན་འཛུགས་བྱེད་མཁན་དེ་འདྲ་འདུག་དེ་ཚོ་ཅུང་ཙམ་མི་མཛེས།
༢༽ལྷོ་ཕྱོགས་ཉི་ཟླ་ལགས་ཀྱི་དོན་དངོས་ལ་གཞིགས་ནས་དགོངས་ཚུལ་གསུངས་པའང་བསྡགས་བརྗོད་དང་ཡི་རངས་ཞུ་རྒྱུ་ཡིན།
༣༽བོད་སྐད་ནས་བོད་སྐད་ལ་གསུང་སྒྱུར་དགོས་མི་དགོས་ཞེས་པའི་ཐད་ལ་རྒྱུ་མཚན་ལྡན་པའི་བགྲོ་གླེང་བྱེད་རྒྱུ་གལ་ཆེན་པོ་རེད།དེར་དྲ་གྲོགས་BBCལགས་ཀྱིས་གནད་འགག་ཅིག་གསུངས་འདུག
ངས་དོན་དེར་བསམ་བློ་ཞིབ་ཏུ་བཏང་ནས་བརྗོད་ན།༸གོང་ས་མཆོག་གི་བཀའ་སློབ་མང་ཆེ་བ་ཡིག་སྐད་ནས་བསྐྱོན་གྱི་ཡོད་སྟབས་ཡོངས་སུ་སྐད་ཡིག་ཐ་དད་གཅིག་ལྟ་བུའི་དཀའ་ངལ་ཡོད་མ་རེད།དེར་བརྟེན་གསུང་བསྒྱུར་མེད་ན་ལེགས་པར་མཐོང་།་དེ་ཅིའི་ཕྱིར་ན།་དེ་ནི་ང་ཚོར་མཐུན་རྐྱེན་ཚང་མ་ཚང་གི་སྐད་ཆ་མ་རེད།
དེ་ནི་བོད་ཀྱི་སྤྱི་སྐད་དར་སྤེལ་གྱི་གནད་དོན་ལ་ཐུག་ཡོད།
༤༽ངས་དཔེ་མཚོན་ཞིག་དྲངས་ན།དེ་སྔ་གསོག་སློབ་དུ་བོད་ནས་གསར་དུ་འབྱོར་བའི་དགེ་རྒན་ཨ་མདོ་བ་འགའ་ཤས་ཡོད་པ་དེ་ཚོའི་སློབ་འཁྲིད་རྣམས་དབུས་དང་ཁམས་ཀྱི་སློབ་བུ་རྣམས་ལ་དཀའ་ངལ་འཕྲན་བུ་ཙམ་ལའང་འཕྲད་ཀྱི་མེད།་དེ་བཞིན་ཨ་མདོ་བའི་བུ་ཕྲུག་ཚོ་ལའང་དབུས་ཀྱི་དགེ་རྒན་ཚོའི་སློབ་ཚན་ཉན་སྐབས་དཀའ་ངལ་འཕྲད་ཀྱི་མེད།་
༥༽གཞན་ས་རཱ་མཐོ་སློབ་ཀྱི་དགེ་རྒན་ཆབ་བྲག་ལགས་དེ་སྔ་བོད་ནས་སླེབས་ཏེ་ཡུན་རིང་མ་སོང་བར་འབྲུག་གི་བོད་པའི་གཞིས་ཆགས་ཤིག་ལ་བོད་དགེ་གནང་ནས་བཞུགས་སྐབས་ཉི་ཤས་དཀའ་ངལ་ཅུང་ཙམ་འཕྲད་ཀྱང་དེ་རྗེས་གོམ་འདྲིས་སུ་སོང་ཡོད་པ་རེད།
༦༽དེ་སྔ་བོད་རྙིང་པའི་སྐབས་ལ་ཨ་མདོ་གྲྭ་རྒྱུན་མང་པོ་དབུས་ཕྱོགས་སུ་སློབ་གཉེར་ལ་ཕེབས་ཀྱི་ཡོད་པ་དང།དེང་སྐབས་བོད་ནང་ལའང་དབུས་གཙང་པ་མང་པོ་ཁམས་དང་ཨ་མདོར་འགྲོ་སྲོལ་དར་འདུག་ལ།དེ་བཞིན་སྨད་ཕྱོགས་དབུས་གཙང་ལ་ཡོང་མཁན་ཡང་སྔར་བཞིན་ཡོད་པ་རེད།་ཁོང་ཚོར་སྐད་ཀྱི་དཀའ་ངལ་འཕྲལ་སེལ་ཙམ་ལས་ཉིན་ཤས་ནས་གོམ་འདྲིས་སུ་འགྲོ་གི་ཡོད།གནས་དོན་དེ་ཚོ་དངོས་ཡོད་ཡིན།
༧༽ཡུལ་སྐད་ཀྱི་སྐད་སྒྱུར་ཟེར་བ་དང།་ཡུལ་སྐད་ཀྱི་ཚིག་མཛོདཡུལ་སྐད་ཀྱི་གློག་བརྙན་ཟེར་བ།ཡུལ་སྐད་ཀྱི་རྩམ་སྒྲུང་སོགས་ནི་བོད་ཀྱི་སྤྱི་སྐད་ལ་འགོག་རྐྱེན་གཙོ་བོ་ཞིག་དང།་སྤྱི་སྐད་ལ་གཏོར་བཤིག་གཏོང་མཁན་ལག་ཆ་གཙོ་བོ་ཞིག་གྱུར་ཡོད།
༨༽དབུས་པས་ཨམ་སྐད་ལ་དོ་སྣང་དང་ལེགས་ཆ་ལེན་དགོས་ལ།་ཨ་མདོ་བས་༸རྒྱལ་བའི་གསུང་ཆོས་ཀྱི་མཚོན་པའི་དབུས་སྐད་འཆད་ཉན་བྱ་བ་སོགས་ལ་མཐའ་དག་དོ་སྣང་དང་འབད་བརྩོན་གནང་ན་ང་ཚོར་སྤྱི་སྐད་ཀྱི་སྐྱ་རེངས་ཤིག་ཤར་ངེས་རེད།
ལ་རྒྱའི་བདག་པོའི་ལ་རྒྱའི་གསུང་ལ་དགའ་བསུ་ཡོད། མཐེ་བོང་སྒྲེང་།
མཁས་དབང་རྣམ་པ་ཚོ། ཁྱེད་ཅག་གི་ནང་མའི་ཁོང་ནས་ཁྱེད་རང་མ་གཏོགས། སྟོད་ཉི་མ་ལྷ་ས་ཙམ་ལ་ཡང་། ཐེངས་རེ་མ་གཏོགས་ཕེབས་མྱོང་ཨེ་ཡོད་། མེད་ན་ཁྱོ་རང་གི་ཤུལ་ལྷག་ཕ་མ་རྒན་རྒོན་གཉིས་ནས། གོང་ས་མཆོག་གི་གསུང་ཚོག་འབྲུ་གཅིག་་གོ་ན་ཐུབ་པ་བྱུང་ན་ཁྱོ་དེ་འདྲ་ཁྲོ་དགོ་དོན་ཅང་ཨེ་ཡོད་བསམ་ཀི སྐད་ཡིག་གཅིག་གྱུར་ཟེར་པ་འདི་། རང་དབང་རང་ལག་ཏུ་སོན་སྐབས་རྩོད་རྒྱུ་ལས། རྒྱ་མོ་མ་ཉལ་གོང་། རྒྱ་རྒན་གི་རྐང་བསྣམ་ཕུད་པ་ལྟ་བུ་མིན་འགྲོ་བསམ། གོང་ས་མཆོག་ནས་ནམ་ཡིན་རུང་། མིག་བཙུམ་ཐལ་མོ་སྦྱར་པ་ཙམ་གྱིས་མི་ཕན་པར། དོན་གོ་བ་བྱེད་རྒྱུ་དེ་ཧ་ཅང་གལ་ཆེ། གསུང་པ་དེ་མ་གོ་ཐ། ཁྱེད་ནས་སྤྱི་ཚོགས་ཞབས་ཞུ་དང་། སྤྱི་འཚོགས་དཀྲུག་ཤིང་གཉིས་ནོར་གྱི་ཡོད་ན། ལྡི་ལི་ཆུ་སྒང་དང་། དགའ་ལྡན་ཤུག་ལྡན་གཉིས་ཤེས་ན་གསལ་ངེས་རེད་། ཨམ་མདོ་ ཨམ་མདོ་ཞེས་སྐད་མ་བརྒྱབ་ན་དྲག ཨམ་མདོའི་དགེ་རྒན་ཚོའི་མདུན་ནས་བོད་ཡིག་ཏོག་ཤེསས། ད་ཚུར་ངོ་ལོག་བརྒྱག་རྩིས་མ་བྱས་ན་དགའ། ལོ ok
སྡོམ་ཚིག་འགོད་ན་ཡང་བོད་གཞུང་ནས་མ་འགྲིགས་པ་འདྲ།
༸གོང་ས་མཆོག་ནས་མ་མཁྱེན་པ་འདྲ།
ཟམ་གདོང་བླ་མས་མ་ཤེས་པ་འདྲ།
གཞན་ཚང་མ་འཇོན་ནུས་ཅན་ཤ་སྟག་རེད།
ལས་འགན་བབས་འབྲེལ་གྱིས་བཤད་ན་དབུས་སྣེ་ལེན་ཁང་གི་འགོ་འདོམས་བདེ་སྲུང་ལས་ཁུངས་ལ་ཡོད་པ་རེད། ༧སྐུ་མདུན་རིན་པོ་ཆེའི་བཀའ་སློབ་ཐོས་རྒྱུ་མ་ཟད། སློབ་གྲྭ་དང་ལས་ཁུངས་ཁག་ངོ་སྤྲོད་བྱེད་རྒྱུ་དབུས་སུ་བཞག་པ་ཞིག་གི་ཐོག་ནས། བོད་ནང་མི་ཐོས་མི་མཐོང་བ་ཞིག་ཁོང་ཚོར་ཤེས་རྟོགས་བྱེད་དུ་འཇུག་དགོས་རྒྱུ་དང། གཞིས་ལུས་སྤུན་ཟླ་ཚོའང་ཕྱིར་ཕ་ཡུལ་དུ་འཁོར་མཚམས་དངོས་ཤུགས་བརྒྱུད་གསུམ་ནས་བཙན་བྱོལ་གཞུང་གི་བྱེད་སྒོ་རྣམ་གསུམ་རྟོགས་ཐུབ་པ་ཞིག་བྱུང་ན། རང་སྐྱོང་གི་བསམ་འཆར་འདི་ལྟ་བུར་ངོས་ལེན་ཁྱོན་ནས་མེད་ཟེར་བ་ལྟ་བུའི་རྒྱ་ནག་གི་རྔམ་རྔམ་རྫིག་རྫིག་དེ་ཅུང་ཉུང་དུ་འགྲོ་རེ་མེད་འགྲོ
གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཚོའང་དོན་གྱི་བདག་པོ་འདི་དག་གི་ཉིན་རེ་ཤོས་དང་ཟླ་རེ་ཤོས་འདིའི་གོ་སྐབས་བླངས་ནས། ག་རེ་བྱེད་དགོས་ཀྱང་ཅིག་བྱེད་རྒྱུ་མེད་འགྲོ་བསམ་མོད། ཞལ་འདེབས་འདྲ་རེག་གི་མེད་པས་ཡིན་ནམ། ཅང་གོ་རྒྱུ་ཚོར་རྒྱུ་མི་འདུག་བསམ་སོང།
ངས་ཉེན་ཁ་ཞིག་ག་རེ་མཐོང་གི་འདུག་ལབ་ན། གང་འཚམས་ཞིག་ནས་རྒྱ་གར་དུ་འགྲོ་རྒྱུའི་འདུན་པ་དེའང་ཐོད་པ་གཏུག་རྒྱུ་ཁོ་ན་ཞིག་གི་སྒང་ནས་རྫོགས་སོང་ན། བོད་དོན་གྱི་གཞི་རྩ་འགྱུར་བ་འགྲོ་ངེས་རེད། སྐབས་དེར་ང་ཚོ་ཆ་རྐྱེན་ཅི་ཡང་མེད་པར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འོག་ཏུ་ཡོང་གི་འཇུག་རྒྱུ་མ་རེད། སྐབས་དེར་ང་ཚོས་བོད་རྒྱ་ནག་གི་ཆ་ཤས་ཡིན་པ་དང། ང་ཚོས་ཕྱི་རྒྱལ་དུ་ཁ་བྲལ་གྱི་ལས་འགུལ་སྤེལ་ཚུལ་ངོས་ལེན་བྱེད་དགོས་ཀྱི་ཆ་རྐྱེན་བཀོད་ན། ༧སྐུ་མདུན་གྱི་བྱས་པ་རྣམས་ཆུད་ཟོས་སུ་བཏང་ནི་རེད།
དེ་བས་ང་ཚོའི་གཞུང་སྒེར་ཚང་མས་བོད་ནས་གསར་ཕེབས་ཚོར་འཛིན་པའི་སྲིད་བྱུས་སམ་རྣམ་འགྱུར་ལ་བསྐྱར་ཞིབ་བྱས་ནས། ཡར་རྒྱས་གཏོང་དགོས་རྒྱུ་འདུག་མ་གཏོགས། ༧སྐུ་མདུན་བགྲེས་ཡོལ་ཆ་ཚང་ལ་ཕེབས་སོང་ན། མཇལ་ཁའི་མཛད་རིམ་ལའང་འགྱུར་བ་འགྲོ་སྲིད་པ་རེད། སྐབས་དེར་ཁོང་ཚོར་ཡིད་སེམས་བཅོལ་ས་ཞིག་ང་ཚོས་བསྐྲུན་ཐུབ་དགོས་ཀྱི་རེད་གདའ།
བོད་ལ་ལུང་པ་མེད། སྐད་མེད། མདོ་མེད། ངོ་ཚ་མེད། ཡིན་ནའང་། སྦྱིན་བདག་ཡོད། ཤོབ་ཡོད། ཕྲག་དོག་ཡོད། འཐེན་འཁྱེར་ཡོད། དེ་བས། ཕམ་ཁ་མ་གཏོགས་མདུན་ལམ་མེད། ཤི་ཐུབ་མཁན་ཡོད་དམ། མི་འདུག སྨྱོ་ཐུབ་མཁན་ཡོད་དམ། མི་འདུག
དེ་ནི་ང་ཚོ་ཨམ་མདོ་བ་སྙན་ངག་མཁན་རློམ་ཚོས་རྒྱུན་དུ་འབྲོག་སྐད་སྐྱུག་བྲོ་བོ་དག་ཡིག་གེར་བྲིས་གིན་ཡོད་པའི་ནོར་འཁྲུལ་རེད། གལ་སྲིད་རྩོམ་མཁན་དང་སྙན་ངག་མཁན་སུམ་ཅུ་པའི་བརྡ་དག་འགྲོས་བཞིན་ཡིག་སྐད་ཐོག་ནས་སྙན་རྩོམ་དག་འབྲི་ན་རྗེས་ནས་གོང་ས་མཆོག་གི་བཀའ་སློབ་ལ་གསུང་བསྒྱུར་དགོས་གི་མ་རེད།
ལ་རྒྱའི་བདག་པོས། བསམ་བློ་མ་ཐོང་ན་མ་ཐོང་བ་རེད་མ་གཏོགས། གང་ཐུབ་ཐུབ་ཀྱིས།བོད་སྐད་གཅིག་གྱུར་ལ་བསམ་བློ་གཏོང་ཁུལ་བྱས་ནས་དོན་ཚན་བརྒྱད་བཀོད་འདུག་པར་བསྔག་བརྗོད་ཡོད།
ཁྱེད་རང་གི་དོན་ཚན་ཚང་མའི་ནང་གི་གནད་འགག་ཆེ་ཤོས་ཤིག དོན་ཚན་༨ དེ་རེད། ་་དབུས་པས་ཨམ་སྐད་ལ་དོ་སྣང་དང་ལེགས་ཆ་ལེན་དགོས་ལ།་ཨ་མདོ་བས་༸རྒྱལ་བའི་གསུང་ཆོས་ཀྱི་མཚོན་པའི་དབུས་སྐད་འཆད་ཉན་བྱ་བ་སོགས་ལ་མཐའ་དག་དོ་སྣང་དང་འབད་བརྩོན་གནང་ན་ང་ཚོར་སྤྱི་སྐད་ཀྱི་སྐྱ་རེངས་ཤིག་ཤར་ངེས་རེད།་་
ད་དྲི་བ་ནི། ཆོལ་ཁ་གསུམ་གྱིས་ཕན་ཚུན་སྐད་ལ་དོ་སྣང་དང་ལེགས་ཆ་ལེན་རེས་བྱེད་དགོས་ན། གོམ་པ་དང་པོ་དེ་ག་རེ་རེད།
དེ་ལ་ལན་གཅིག་ཡོད་པ་རེད། དེ་ནི། ཕན་ཚུན་སྐད་ལ་སློབ་སྦྱོང་བྱེད་དགོས་པ་རེད། སློབ་སྦྱོང་བྱེད་དགོས་ན། སྐད་ཆའི་སློབ་དེབ་དང་སྐད་ཀྱི་ངོ་སྤྲོད། སྐད་གོ་དཀའ་བ་རྣམས་ལ་གསལ་བཤད། སྐད་ཀྱི་ཚིག་མཛོད། ད་བར་ཡིག་ཐོག་ན་མེད་པའི་བྱ་ཚིག་མིང་ཚིག་རྣམས་ཡིག་ཐོག་ལ་བཀོད་དགོས་པ་རེད།
བྱེད་ཐབས་འདི་ནི། སྐད་གཅིག་གྱུར་ཙམ་མིན་པར་སྐད་ཡིག་ཕུན་སུམ་ཇེ་ཚོགས། རྒྱ་ཇེ་ཆེ། ཐ་སྙད་ཇེ་མང་དུ་གཏོང་བར་རྨང་གཞིའི་གོམ་པ་དང་པོ་དེ་རེད།
དཔེ་བཞག་ན། འབྲུག་དང་ལ་དྭགས་སོགས་ཀྱིས། ཁོང་ཚོའི་ལུང་པའི་སྐད་དེ་འབྲི་ཁྱབ་ཆེ་རུ་ཕྱིན་པ་དེས་ཕྱོགས་མཐའི་ལུང་ཚན་གཞན་པའི་མི་རྣམས་ལ་ཁོང་ཚོའི་སྐད་ལ་རྒྱུས་ལོན་དང་། སློབ་སྦྱོང་བྱེད་པའི་གོ་སྐབས་གསར་པ་ཞིག་སྤྲད་པ་རེད། ད་ལྟ་ངས་འབྲུག་དང་ལ་དྭགས་ཀྱི་ཚིག་གང་འཚམས་ཤིག་ཤེས་ཀྱི་འདུག ཚགས་པར་དེ་ཚོ་ཀློག་ནའང་ཀློག་ཐུབ་ཀྱི་འདུག
ཁ་ཐུག་ལ་བལྟས་ན། གོ་དཀའ་བའི་རྒྱུ་མཚན་གྱིས་གཅིག་གྱུར་ལ་གཏོར་བརླག་གཏོང་གི་ཡོད་པའི་བཟོ་འདྲ་པོ་ཞིག་ཡོད་པ་རེད། ཡིན་ནའང་། ཕུགས་རྒྱང་རིང་བོ་དང་། བཀོལ་ཁྱབ་ཆེ་བའི་སྐད་ཆེན་པོ་ཅིག་གི་གཅིག་གྱུར་བྱུང་ཚུལ་གྱི་ལོ་རྒྱུས་ལ་བལྟས་ན། འདི་ནི་གཏོར་བརླག་ཤིག་མིན་པར་གཅིག་གྱུར་གི་མགོ་ཚུགས་པ་ཞིག་རེད།
གདོད་མའི་ཚོ་བ་ཁ་ཐོར་མང་པོ་ཞིག་གིས་མི་རིགས་ཤིག་གྲུབ་པ་དང་། ཚོ་བ་ཤོག་ཁག་མང་པོ་ཞིག་གི་སྐད་ཡན་གར་བ་མང་པོ་ཞིག་འདུས་ནས་མི་རིགས་ཤིག་གི་སྐད་གྲུབ་པའི་གནད་འགག་དེ་ཤེས་དགོས་པ་རེད།
ཆུ་ཕྲན་མང་པོ་ཞིག་འདུས་ནས་ཆུ་བོ་ཆེན་པོ་གཅིག་གྲུབ་པའི་གནས་ལུགས་འདིས་སྐད་ཡིག་གཅིག་གྱུར་ལའང་འགྲེལ་རྒྱག་ཐུབ་པ་རེད།
རྩ་བའི་བོད་ཡིག་དེ་གཅིག་གྱུར་བྱུང་ཡོད་པ་རེད། ལྷག་པར་དུ། ཆོས་སྐད་དེ་ཚོ་གཅིག་གྱུར་རེད། ང་ཚོས་བོད་ཡིག་དེ། ད་བར། གཙོ་བོ་ཆོས་ཀྱི་ཁྱབ་ཁོངས་སུ་མ་གཏོགས་གཞན་ལ་བེད་སྤྱོད་ཆེར་བཏང་མེད་པས། སྤྱི་ཚོགས་ནང་གི་ཐ་སྙད་མང་པོ་ཞིག་ད་རུང་འབྲི་ཁྱབ་བྱུང་ཡོད་པ་མ་རེད། དེ་ཚོ་ངེས་པར་བེད་སྤྱོད་གཏོང་དགོས་པ་རེད་མ་གཏོགས་སྐད་གཅིག་གྱུར་ལ་འགོག་རྐྱེན་ཟེར་བཀག་པ་ཡིན་ན། བོད་ཡིག་གི་བྱིས་པ་འདི་ནམ་ཡང་འཚར་སྐྱེད་འབྱུང་གི་མ་རེད། རྒྱ་མོ་རྐང་རྡུམ་ཚོའི་རྐང་པ་ནང་བཞིན་བྱ་རྒྱུ་ཡོད་མ་རེད།
འདི་དག་ནི་ཕྱོགས་གཅིག་ནས་བཤད་ཀྱི་ཡོད། སྤྱིར་སྐད་གཅིག་གྱུར་ཟེར་ན། ཧ་ལས་པའི་རྗོད་གཞི་རྒྱ་ཆེན་པོ་ཞིག་རེད། དེ་ནི་སྲིད་ཀྱི་འགྱུར་བ། ཕན་ཚུན་འབྲེལ་འདྲིས། སྤྱི་ཚོགས་ཀྱི་དགོས་མཁོ། མིའི་བྱེད་ཐབས། དུས་ཚོད་ཀྱི་འགྱུར་བ་སོགས་མང་པོ་ཞིག་ལ་རག་ལས་ཡོད་པར་འདོད།
སྤྱིར་བཏང་ནས། དལ་ལྷོད་ཀྱི་ཁྱད་པར་མ་གཏོགས་གཅིག་གྱུར་ལ་འགྲོ་བཞིན་ཡོད་པ་རེད། བོད་སྐད་ནང་ཁུལ་ཙམ་མིན་པར་འཛམ་གླིང་གི་སྐད་ཚང་མ། མིའི་སྤྱི་ཚོགས་མཉམ་འདྲེས་བྱུང་པ་སོགས་ལ་བརྟེན་ནས་གཅིག་གྱུར་ལ་ཁ་ཕྱོགས་ནས་འགྲོ་བཞིན་ཡོད་པ་རེད།
སྐད་རྒྱ་ཆེན་པོ་ཆགས་དགོས་ན། ཆུ་བོ་ཆེན་པོ་ཞིག་བཞིན་སྐད་སྣའི་ཆུ་ཕྲན་མང་པོ་ཚུར་སྡུད་ཐུབ་དགོས་པ་རེད། དབྱིན་སྐད་དེ་སྐད་ཕྱུག་ཤོས་ཤིག་ཡིན་པའི་རྒྱུ་མཚན་ཡང་དེ་རེད། ལུང་པ་ཚང་མའི་སྐད་ནང་ནས་བསྡུས་ཡོད་པ་རེད། བོད་ཀྱི་བླ་མ་རྩམ་པ་གཡག་ས་སྐྱ་དགེ་ལུགས་པ་ལ་སོགས་པ་ནས་ཁོང་ཚོའི་སྐད་ནང་བསྡུས་ནས་ཡོད་པ་བཞིན་རྒྱལ་ཁབ་གཞན་དང་གཞན་ལས་ཀྱང་དེ་ལྟར་རེད། རྒྱ་ཆེ་ས་ནས་བལྟས་ན་འདི་འདྲ་རེད།
ང་ཚོས་རང་ཁུངས་ཀྱི་སྐད་དང་ཐ་སྙད་ཆ་ཚང་ཡིག་སྐད་ནང་བསྡུ་བ་ལའང་ག་རེ་གོར་རེ་བཤད་བསྡད་ན་རང་སྐེ་རང་གིས་བསྡམས་པ་རེད།
འདི་ནི་སྐུལ་མཁན་མེད་ནའང་། སྐད་གཅིག་གྱུར་གྱི་འགོག་རྡོར་གྱུར་པའི་ཀླད་པ་རྡོ་འདྲ་བ། གོ་མེད་ཚོར་མེད་ཚོ་ལ། མ་ཤེས་པར་རྨོངས་ཚོད་མིན་པར། སྐད་ཅིག་གི་མགོ་མཇུག་བར་གསུམ་གྱི་གནས་ཚུལ་ཤེས་ཤིང་རྟོགས་ལ་དཔྱད་མཐར་གཏུགས་རྗེས། གོ་བརྡ་ཞིག་སྤྲད་པ་ཡིན་པས། མི་གོ་བ་ཅན་ལ་ཚིག་གཅིག་དང་རྟ་གོམ་པ་ཅན་ལ་ལྕག་གཅིག་གི་རྗེས་སུ་འགྲོ་བའི་སྨོན་ལམ་ཡོད། གཡག་སྣ་ཤེད་ཅན་གྱི་སྣ་མདུན་ལ་བསྐོར་ཡང་སླར་རྒྱབ་ལ་འཁོར་ཏེ་ངུར་བ་དེ་འདྲ་མིན་པའི་སྨོན་ལམ།
གོང་དུ་དྲ་གྲོགས་མང་པོ་ཞིག་གིས་བསམ་ཚུལ་གསུངས་བ་བཞིན་གསུང་ཆོས་སྐབས་ཨ་མདོའི་སྐད་སྒྱུར་ཟེར་བ་
དེ་ངའི་བསམ་ན་གཏན་ནས་དགོས་བ་ཞིག་མ་རེད་སྙམ།།རྒྱུ་མཚན་རང་ལ་དཔག་ནའང་ལོ་ཉི་ཤུའི་གོང་དུ་
༸གོང་ས་མཆོག་གི་གསེར་ཞལ་འཇལ་ཏེ་ཞལ་གསུང་ཐོས་སྐབས་སོ་སོའི་ནན་པོ་བྱས་ནས་ཉན་ན་གནད་འགག་
ཅན་དེ་ཚོ་གོ་གིས་རེད་ལ་དེང་སང་ཕལ་ཆེར་སྔོན་མ་དང་མི་འདྲ་བར་གནས་བསྐོར་ལ་ཕེབས་མཁན་མང་ཆེ་བར་འདིར་སྣེ་ལེན་བྱེད་མཁན་ཕ་ཡུལ་གཅིག་པའི་གྲྭ་བ་སློབ་མ་གཞན་མི་མང་པོ་རོགས་བྱེད་མཁན་ཡོད་པས་ཁོང་ཚོའི་བཤད་བ་ནང་བཞིན་གིས་དཀའ་ངལ་ཆེན་པོ་ཡོད་མ་རེད་སྙམ།
གཞན་བར་སྐབས་ཅིག་ལ་ཨ་མདོ་བ་ཁ་ཤས་གིས་གཏན་ནས་དགོས་མེད་ཀྱི་ལས་ག་ཞིག་མགོ་བཙུགས་སོང་དེ་
ནི་ཚོགས་སྒེར་གང་རུང་གིས་ཚོང་བྱས་ནས་ཁེ་ཕན་སྒྲུབ་བྱེད་ལས་གཞན་མི་མང་ལ་བློ་དཀར་བ་ཞིག་ལ་ངའི་དུས་ནམ་ཡང་དངོས་འཛིན་བྱེད་ཀྱི་མེད༼དེ་ནི༸གོང་ས་མཆོག་གི་གསུང་ཆོས་གི་བརྙན་འཕྲིན་ཤར་བཅུག་ནས་གསུང་སྐད་མེད་པ་བཟོས་ཏེ་མཉམ་དུ་ཨམ་སྐད་ཐོག་མི་ཞིག་ནས༸གོང་ས་མཆོག་གི་ལད་བཟློས་བྱས་ནས་བཏོན་སོང་བ་དེ་རེད༽དེ་སོགས་རྩ་བ་ནས་ཡག་པོ་མཐོང་གིས་མེད།མདོར་ན་ད་བར༸གོང་ས་མཆོག་འཇལ་བའི་མདོ་དབུས་ཁམས་གསུམ་གྱི་མི་སུ་ཡིན་ནའང་སེམས་དགའ་སྤྲོའི་ཁེངས་ནས་ཕྱིར་ཕེབས་བ་ལས་བློ་ཕམ་ནས་ཕ་ཡུལ་ལ་ལོག་བའི་གནས་ཚུལ་ཐོས་མ་མྱོང་འོ།དེ་འདྲ་སོང་བོད་སྐད་ནང་ཕན་ཚུན་སྐད་བསྒྱུར་དགོས་ན་མི་རིགས་ཀྱི་ཞབས་འདྲེན་རེད་སྙམ།།
སྤྱིར་ཆོས་ཞུ་བ་ཞིག་ལ་མཚོན་ན་ཆོས་གསུང་མཁན་གྱིས་བླ་མིའི་ཞལ་འཇལ་རེག་པ་ཙམ་དང་ཞལ་གསུང་ཐོས་བ་ཙམ་གྱིས་དད་པ་བྱས་ན་དེ་ལ་དབང་རྟུལ་གྱི་དད་པ་ཟེར། དད་པ་ལ་རབ་འབྲེང་གསུམ་ཡོད་པའི་ནང་གི་ཆེས་མཐའ་མ་དེ་རེད། དེ་ཡང་ཕྱོགས་གཅིག་ནས་རྨོངས་དད་ཞེས་བཤད་ཡང་ཆོག། དེ་བས་དད་པ་བརྟན་པོ་ཅིང་མིན།
ཆོས་ཉན་མཁན་ཞིག་གིས་ངོས་ནས་བླ་མའི་གང་གསུང་བ་གོ་འདོད་ཤེས་འདོད་ཡོད་པ་དེ་དབང་རྣོན་གྱིས་དད་པ་བྱེད་ཚུལ་ཡིན་པས་དེ་ལ་མཆོག་ཏུ་གྱུར་པའི་དད་པ་ཟེར། ནམ་ཡང་མི་འགྱུར་བའི་དད་པ་ཡིན། དེའི་ཕྱིར བླ་མའི་གང་གསུང་གོ་རྒྱུ་དེ་གལ་ཆེ་བས་བོད་པ་ནང་ཁུལ་ལ་སྐད་བསྐྱུར་བྱེད་དགོས་ནའང་དེ་ཙམ་སྐྱོན་མཐོང་གིས་མི་འདུག། དེ་མིན་གཡག་ཞར་གིས་རྩ་ཟ་ཟ་བྱས་ན་ནམ་ཞིག་གཡང་ལ་ལྷོང་ངེས་ཡིན། དཔེར་ན་ཤུགས་ལྡན་བརྟེན་མཁན་ཚོ་ལྟ་བུ། སྤྱིའི་ཆ་ནས་ཨ་མདོ་བ་ཚོ་དབང་རྣོན་རིག་པའི་རྗེས་འགྲེངས་ཞེས་བཤད་ན་མི་དགའ་ན་ཐང་མོད་ཐལ་མེད། དཔེ་མཚོན་གཅིག་བཤད་ན་ཨ་མདོའི་ནང་ན་༧སྐྱབས་མགོན་རིན་པོ་ཆེ་ངོ་ལོག་བྱེད་པའི་ཚོགས་པ་དང་མི་སྒེར་ཕལ་ཆེར་མེད། དེ་ནི་བླ་སློབ་བར་དད་པ་དམ་ཚིག་བརྟན་པོ་ཡོད་པའི་རྒྱུ་མཚུན་རེད། གོང་དུ་ཨོ་རྒྱན་འཕྲིན་ལས་དང་གཡག་རྒོད་ཟེར་མཁན་གཉིས་ཀྱིས་ཨ་མདོའི་བའི་ནང་ཆོས་མེད་སྨྲར་མཁན་མང་ཚུལ་དང་ཨ་མདོའི་བས་རྨོངས་ཞེན་གྱི་བསམ་བློ་འཁྱེར་ནས། བྱ་དངོས་ཡོད་ཚད་ལ་ཨ་མདོའི་སྟངས་འཛིན་བྱེད་འདོད་པའི་ཧམ་སེམས་སོགས་ཟེར་ནས་སྡུག་ར་འཐེན་ཁ་བྱས་བ་ནི་གླེང་རིན་མེད་མོད། དོན་ངོ་མ་སུ་རྨོངས་ཡོད་མེད་ཟུར་བལྟས་ལེབ་མཐོང་གི་དཔེ་རེད། དང་པོ། ཨ་མདོའི་ནང་ན་ཆོས་མེད་སྨྲར་མཁན་མེད་ལ་གལ་ཏེ་ཡོད་ན་ཁྱོད་ལས་བོད་མི་རིགས་ལ་ཕན་ཐོག་མཁན་ཞིག་ཡིན་པ་གསལ་བོ་རེད། གཉིས་པ། ཨ་མདོའི་ཇ་་ཨ་མདོའི་པགས་ལེབ་་ཨ་མདོའི་ཐུག་པ་སོགས་ཐ་རྙེད་སྔོན་མེད་དེ་དག་ནི། བོད་ཀྱི་བྱ་དངོས་གསར་བའི་ཐ་རྙེད་ལ་རྨོངས་པའི་ཀླད་ཁྲེག་མི་སྐད་མི་ཤེས་བའིགླིང་རྒན་ཁྱེད་ཚོས་ཚུར་བཏགས་པ་རེ་མ་རྟོག་ཨ་མདོའི་བས་དེ་ལྟར་འབོད་སྲོལ་མེད།
ཨ་མདོ་བས་ཨ་མདོའི་ཡུལ་སྐད་དྭངས་མ་རྣམས་ཤོད། རྒྱལ་རོང་བས་རྒྱལ་རོང་གི་ཡུལ་སྐད་དྭངས་མ་རྣམས་ཤོད། ཁམས་པས་ཁམས་པའི་ཡུལ་སྐད་དྭངས་མ་རྣམས་ཤོད། དབུས་པས་དབུས་པའི་ཡུལ་སྐད་དྭངས་མ་རྣམས་ཤོད། གཙང་པས་གཙང་པའི་ཡུལ་སྐད་དྭངས་མ་རྣམས་ཤོད། སྟོད་པས་སྟོད་པའི་ཡུལ་སྐད་དྭངས་མ་རྣམས་ཤོད། ། ཀོང་པོ་བས་ཀོང་པོའི་ཡུལ་སྐད་དྭངས་མ་རྣམས་ཤོད། འབྲོག་པས་འབྲོག་པའི་ཡུལ་སྐད་དྭངས་མ་རྣམས་ཤོད། བྱུང་ན་སྟོད་སྨད་བར་གསུམ་གྱི་མི་རིགས་རྣམས་ཀྱི་ཡུལ་སྐད་མི་འདྲ་ཁག་གཅིག་རྐྱང་མ་ལུས་པ་ཡོངས་སུ་རྫོགས་པ་ཕྱོགས་བསྡོམས་ཤིག་བཟོ་ཐུབ་ན་ཤིན་ཏུ་དགེ་མཚན་ཆེ་བར་སེམས། དཔེར་ན་མི་ཞིག་གིས་ཨ་མདོ་ལ་ཡུལ་སྐད་མི་འདྲ་བ་ག་ཚོད་ཡོད་དམ་ཟེར་དྲིས་ན་ལེན་བརྒྱབ་ཐུབ་བམ།
ངོ་མ་བདེན་པ་རེད། སྔོན་མ་ཨ་མྲ་ར་ཝར་ཏི་ནས་དུས་འཁོར་དབང་ཆེན་སྐབས་གསར་འབྱོར་བ་ཚོའི་རེ་བར་༼ཕྱག་ལག་དྲོན་མོ་མགོར་བཞག་ནས། ཞལ་གསུང་སྙན་མོ་རྣ་བས་ཐོས་སོང་།༽ཞེས་པའི་དཔེ་ལྟར་༸གོང་ས་སྐྱབས་མགོན་མཆོག་གི་ཕྱག་ལག་དྲོན་མོ་མགོར་འཇོག་རྒྱུའི་རེ་བ་དང་འདུན་པ་ཞུ་མ་དགོས་ཀྱང་། ཕྱོགས་གཞན་ཞིག་ནས་ཁོང་གི་སྐུ་ངལ་དང་། དུས་ཚོད་ཀྱི་བྲེལ་བ་སོགས་ཀྱིས་ཐབས་ཤེས་མེད་ཀྱང་། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མདུན་འདུག་པ་ཚོས་ཁོང་གི་ཕྱག་ལ་འབྲས་ལྡོག་ཁ་ཤས་ཡིན་ནའང་ང་ཚོའི་སྟེང་ལ་གཏོར་དུ་བཅུག་ན་ཅི་མ་རུང་ཟེར་མཁན་མང་པོ་བྱུང་སོང་། ཁོ་ཚོར་ཁག་ཡོད་མ་རེད་མི་ལོ་མང་པོ་རེ་སྒུག་གིས་ཉིན་མཚན་མ་འཁྱོལ་བར་སེམས་སྡུག་དང་མིག་ཆུ་མཉམ་དུ་ཁུར་ནས་ས་ཐག་རིང་བོར་འགྲོ་གྲོན་དང་། ཚ་གྲང་ལྟོགས་སྐོམ། རྒྱ་མིས་རྟོགས་འདྲི་དང་བཅར་རྡུང་ལ་མ་འཛེམས་པར་དཀའ་བ་བརྒྱ་ཕྲག་སྤྱད་དེ་འདིར་ཡོང་ན་༸གོང་ས་མཆོག་གི་གསུང་དེ་མི་རིགས་གཞན་དག་ལ་གསུང་བསྒྱུར་ཞུས་པ་ཇི་བཞིན་གསར་པ་ཚོར་གསུང་བསྒྱུར་དགོས་ངེས་རེད། དེ་ཙམ་གྱི་མཐུན་རྐྱེན་ཞིག་སྒྲུབ་དགོས་པ་མ་རེད་དམ།
གསུང་ཆོས་ལ་སྐད་བསྒྱུར་གནང་རྒྱུ་དེ་འཕྲལ་གྱི་དགོས་མཁོ་རེད། དེ་མ་འགྲུབ་ན་རྒྱལ་བ་རིན་པོ་ཆེའི་བཀའ་སློབ་ལ་གོ་བ་ལོག་པའང་ལེན་སྲིད་པ་རེད། གོ་ནོར་ཐེབས་ན་༧གོང་ས་མཆོག་གི་དགོངས་པ་མ་འགྲུབ་པ་རེད་ལ། ཆོས་ཞུ་བ་ཚོས་ལུས་སྲོག་ལོངས་སྤྱོད་ལ་མ་སྟོས་པར་རྒྱ་གར་ཏུ་ཡོང་བའི་དོན་ཕྱེད་ཙམ་བརླག་ཟིན་པ་རེད། མ་འོངས་པར་ཁམས་ཨ་མདོ་སུ་ཞིག་ཡིན་ཀྱང་སྐད་ཡིག་གཅིག་འགྱུར་ཐད་འབད་པ་དྲགས་པོ་གནང་རོགས། ལུང་པའི་སྐད་དོན་ཏུ་ཨུ་ཚུགས་མཐར་སྐྱེལ་མི་གནང་པར་ཐུགས་གུ་ཡངས་པ་དང་སྤྱི་དོན་ལྷག་བསམ་ཞིག་ཡོད་ཚེ་མངོན་ཏུ་འདོན་པར་ཞུ།
དེ་རིང་དྲྭ་ཚུགས་ཀྱི་ཆེད་རྩོམ་འདི་དག་མཐོང་ཚེ་ང་ལ་འདས་དོན་ཞིག་དྲན་སྐུལ་བྱས་སོང་། དེ་འདིར་འགོད་ཆོག་པར་མཛོད། ཟླ་ཤས་སྔོན་ལ་དུས་བབས་དྲྭ་ཚུགས་སུ་༸གོང་ས་མཆོག་གིས་ཨམ་སྐད་སྐྱོན་ ནམ་ཞེས་པ་ཞིག་ཏུ་༸སྐྱབས་མགོན་རིན་པོ་ཆེའི་བཀའ་སློབ་ཨམ་བསྒྱུར་བྱས་པ་ཞིག་yuotup་ཏུ་བཞགས་འདུག ངས་ཉམ་འཚར་གྱིས་ཅུང་ཉན་པ་ཡིན། ཁོ་ན་རེ། ང་ཚོའི་མི་ཚེའི་གནས་ཚུལ་དང་མ་འབྲེལ་བ་ཅིག་གིས། ཕ་གིར་དག་ཞིང་ཟེར་བ་འདྲ་བོ་ཅིག དཀོན་མཆོག་ཟེར་བ་འདྲ་བོ། དེ་ལ་སྐྱབས་སུ་ཕྱིན་པ་དང་དད་བྱེད་པ་ཅིག་རྩ་བ་ནས་མ་རེད་ཟེར། ཡང་སྐྱར་ཐེངས་གཉིས་ལ་ཉན་ཀྱང་དེ་ལྟར་བཤད་ཀྱི་འདུག་ ང་ཧང་སང་སོང་། དེ་ནས་ཁྱིམ་མཚེས་ཡར་མར་སོགས་ལ་༸སྐྱབས་མགོན་རིན་པོ་ཆེ་སྐུ་དངོས་ཀྱི་གསུང་ཟེར་སྡེར་ཞིག་གཡར་རྒྱུ་ཨེ་རྙེད་ལྟས་པས་ཉིན་གཉིས་ཀྱི་རྗེས་ནས་རྙེད་བྱུང་། ༸སྐྱབས་མགོན་རིན་པོ་ཆེས་ཞལ་ནས། དག་ཞིང་ཟེར་ཡ་འདྲ་བོ། དཀོན་མཆོག་ཟེར་ཡ་འདྲ་བོ། དེ་ལ་སྐྱབས་སུ་བྱིན་ཡ་དང་དད་པ་བྱེད་པ་གཅི༷ག་པུ༷་ཞིག་རྩ་བ་ཉིད་ནས་མ་རེད་གསུངས་འདུག གཅིག་པུ་གསུངས་བ་དེ་ལ་གོ་བ་ཆེན་པོ་ཞིག་ཡོད་པ་གྲོགས་པོ་ཚོས་མཁྱེན་ གསལ་ལགས། ད་དུང་youtup་ལེ་ཚན་དང་པོ་དེ་ལ་ཉན་ཞིབ་བྱས་པ་ཡིན་དེར་བསྒྱུར་ཉེས་གསུམ་བཞི་ཞིག་འདུག འོན་ཅིང་གཞན་རྣམས་དོན་གྱི་ནོར་འཁྲུལ་ཆེན་པོ་མིན་པས་ད་ལྟ་དྲན་ཡུལ་དུ་མི་འདུག གནད་སྡུས་ན་༸སྐྱབས་མགོན་རིན་པོ་ཆེས་དག་པའི་ཞིང་དང་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་དད་པ་བྱེད་པ་དེ་ནང་པའི་ཆོས་ཡིན་པར་གསུངས་པ་དེ་ཨ་མདོའི་སྐད་སྒྱུར་པའི་དེ་ནང་ཆོས་མིན་པར་བསྒྱུར་བ་རེད། ད་དུང་ཐམས་ཅད་ཉན་ཞིབ་བྱས་ན་བསྒྱུར་ཉེས་མང་པོ་ཡོད་ཐག་ཆོད་རེད། གཟབ་གཟབ་མ་བྱས་ན་དགེ་ལས་སྡིག་དང་ཁེ་ལས་གྱོང་ཆེ་བ་མི་ཡོང་བའི་ངེས་པ་མི་འདུག དེས་འཐུས་གྱིས།
ལུང་ཚན་རེ་ལ་སྐད་བསྒྱུར་རེ་དགོས་ན། བོད་པར་ལུང་ཚན་གྱི་སྐད་ཧ་ཅང་མང་བས། དཀའ་ལས་ཁག་པོ་རེད། སྒོས་བོད་སྐད་བོད་དུ་བསྒྱུར་བ་ནི་གཅིག་གིས་གཅིག་ལ་མཐོང་ཆུང་ངམ། ཡང་དགོད་བྲོ། ཡང་ན་བོད་ཀྱི་སྐད་ཡིག་དེ་ཐ་དད་མང་པོ་ཡོད་པ་ལྟ་བུ་སྟོན་གྱི་འདུག དེ་ང་ལ་བོད་ནས་ཡོང་སྟེ་བོད་དུ་ལོག་པའི་ཨ་མདོ་བ་ཁ་ཤས་ཀྱིས། གསུང་ཨམ་སྐད་བསྒྱུར་བ་དེ་ཕན་པ་ལས་གནོད་ཆེ། དེ་ལས་ཀྱང་སྒྱུར་མཁན་དེ་ཡག་ཡག་པོ་མི་འདུག དཔེར་མདོ་དེ་ཚོར་ཞེ་ས་གཅིག་ཀྱང་མེད་པ་མིན་མོད། ཁོས་སྒྱུར་སྟངས་དེས་ཨ་མདོར་ཞེ་ས་གཅིག་ཀྱང་མེད་པ་ལྟ་བུ་བྱེད་ཀྱི་འདུག དེ་ཚོ་ཡག་པོ་མ་རེད་ཟེར།
ཡང་གོང་ས་མཆོག་གི་གསུང་བཤད་བརྙན་འཕྲིན་ཁག་ཀྱང་ཨམ་སྐད་དུ་བསྒྱུར་རྒྱུའི་འཆར་གཞི་ཞིག་འདུག སྒྱུར་སྟངས་ཀྱང་གསུང་སྐད་དང་གཅིག་མཚུངས་ཡོང་ཐབས་ལྟ་བུ་བྱེད་ཀྱི་འདུག འཛམ་གླིང་གི་དབུ་ཁྲིད་ཚོའི་སྐད་བསྒྱུར་གྱིས་གསུང་སྐད་གཅིག་མཚུངས་བྱེད་དགོས་ཀྱི་མེད། ཡ་མཚན་མང་པོ་བྱེད་འདུག
ཨ་མདོ་གསར་འབྱོར་བ་ཚོ་སེམས་ཕམ་པར་གང་ཧང་བསམ་དགོས་རེད། དེ་ལས་ཁམས་པ་གསར་འབྱོར་བ་ཚོ་དང་གཙང་པ་གསར་འབྱོར་སེམས་ཕམ་ན་སྡུག་གི་རེད། རྒྱ་བ་རིན་པོ་ཆེ་ལོ་་༢་ནས་ཁོང་དང་ཁོང་གི་ནང་མི་ཚང་མ་དབུས་པས་གསོས་པ་རེད། རྒྱ་བ་རིན་པོ་ཆེ་ཡིས་ཨམ་སྐད་མ་གསུངས་ནའང་གང་ལྟར་ཁོང་ཨ་མདོ་རང་རེད། དངོས་གནས་སེམས་ཕམ་དགོས་པ་དེ་ཁམས་པ་གསར་འབྱོར་བ་ཚོ་དང་གཙང་པ་གསར་འབྱོར་བ་ཚོ་རེད། སྙིང་རྗེ་ཡིན་ནའི་ཁམས་གཙང་གསར་འབྱོར་བ་ཚོས་སེམས་ཕམ་གྱི་སྐད་ཆ་གང་ཡང་མ་བཤད་པ་ནི་ཡ་རབས་བཟང་སྤྱོད་རང་རེད།
མི་འགའ་རེའི་མཆན་རྒྱག་སྟངས་ལ་བལྟས་ན། ཨ་མདོ་ནས་ཆོས་ཞུ་རུ་ཡོང་མཁན་དེ་ཚོས་སྐད་སྒྱུར་མེད་པར་རྙོག་དྲ་བཤད་ཡོད་པ་འདྲ་ཞིག་བཤད་ཡོང་གི་འདུག བོད་ནང་གི་དད་པ་དམ་ཚིག་ཅན་གྱི་ཆོས་དད་པ་དེ་ཚོས་བློ་ཁ་མ་གང་བར་རྙོག་དྲ་བཤད་པ་འདྲ་བོ་ཞིག་བཤད་པ་འདིར་ང་ཡིད་ཆེས་སྤུ་ཉག་སྤུ་ཙམ་ཡང་མེད། ངས་བལྟས་ན། ཁོང་ཚོའི་རྒྱ་གར་འཕགས་པའི་ཡུལ་དུ་གོམ་པ་འཇོག་ཐུབ་པ་ཙམ་དང་། རྒྱལ་བའི་ཞལ་འཇལ་གསུང་ཐོས་པ་ཙམ་ཡང་སྲིད་ན་རྙེད་པར་དཀའ་བའི་བསྐལ་བ་བཟང་བོར་བརྩི་རྒྱུ་ཡིན་པ་དེར་ང་ལ་ཡིད་ཆེས་གཙང་མ་ཡོད།
མཆན་པ་བ་ཚོར་གོ་བ་ལོག་སྒྲུབ་ཡོང་གཞི་དེ་རྩོམ་གྱི་ཁ་བྱང་སྤྲད་སྟངས་ལ་ཐུག་མེད་འགྲོ་བསམས། རྩོམ་འབྲི་བ་ཚོས་གསར་འགྱུར་རིགས་འབྲི་སྐབས། རང་གི་འདོད་ཚུལ་གསར་འགྱུར་ནང་བསྲེ་གི་བསྡད་ན་ཉེན་ཁ་ཆེན་པོ་རེད།
ཁ་བྱང་དུ། ཨ་མདོའི་གསར་འབྱོར་བ་ཚོའི་སེམས་ཁ་འཁྱག་འདུག བྲིས་འདུག་ཀྱང་། སེམས་ཁ་འཁྱག་ཡོད་པའི་སྒྲུབ་བྱེད་ཆ་ཚང་བ་ཞིག་རྩོམ་ནང་དུ་རྙེད་པར་དཀའ།
རྩོམ་ནང་། བཀའ་གསུང་ཁྱོན་ནས་གོ་མ་སོང་ཅེས་ངུ་ཤུབ་འཐེན་མཁན་མང་པོ་འདུག་བྲིས་འདུག ངུ་ཤུབ་ཀྱི་ཚིག་འདི་ཡང་ཉེན་ཁ་ཆེན་པོ་ཞིག་རེད། ངུ་ཤུབ་ཇི་ལྟར་འཐེན་པ་གསལ་པོ་མི་འདུག རྒན་པོ་ཞིག་ལ་སྐད་ཆ་དྲིས་འདུག་པར། རྒད་པོ་དེས་ བློ་ཚུབ་ཧ་ཅང་བྱུང་སོང་ ཟེར་བ་འདི་རྒད་པོ་དེའི་སྐད་ཆ་ཇི་མ་ཇི་བཞིན་མིན་ཁོ་ཐག་ཡིན། དེ་ནི་རྩོམ་འབྲི་མཁན་རང་ཉིད་ནས། གོང་དུ་རང་ཉིད་ལ་བློ་ཚུབ་ཆེ་ཤོས་དེ་བྱུང་སོང་ཟེར་བ་ལྟར། ཁོང་རང་ཉིད་ཀྱི་བློ་འཚུབ་རེད།
རྒད་པོའི་སྐད་ཆ་དེ་ཚོ་ཇི་བཞིན་མིན་པ་མ་ཟད་མི་མང་པོས་དེ་འདྲ་བཤད་ཀྱི་འདུག་ཟེར་བ་འདིའང་ཡིད་ཆེས་དཀའ་བ་ཞིག་རེད། མི་ཚང་མའི་ལན་གཅིག་པ་གཅིག་རྐྱང་ཡིན་མི་སྲིད་པ་ཞིག་རེད།
གནས་ཚུལ་གྱི་ཁུངས་ཉུང་བ་དང་དེ་བདེན་པ་ཡིན་མིན་དོགས་གཞི་ཅན་རེད། ཉུང་མཐའ་ཡང་མི་ལྔ་དྲུག་ཅིག་ལ་སྐད་ཆ་དྲིས། ཁོང་ཚོའི་ལན་དང་གནས་ཚུལ་ཇི་མ་ཇི་བཞིན་ཡིག་འབྲུ་ན་གཅིག་ལའང་འགྱུར་བ་མ་བཏང་བར་བཀོད་རྗེས། དེ་ནས་དེའི་ཐོག་རང་གི་བསམ་ཚུལ་གླེང་ན། ཀློག་པ་པོ་ཚོས་ཀྱང་བསམ་ཚུལ་འདོན་བདེ་བའི་ཁྱད་པར་ཡོད་པ་རེད། ཆོས་ཞུ་བ་དང་རང་ཉིད་ཀྱིབསམ་ཚུལ་བསྲེས་ནས་བཤད་གི་བསྡད་ན་ཐམས་ཅད་རྨོངས་པ་དང་ལོག་པའི་ལམ་དུ་འཁྲིད་རྒྱུ་ལས་ཡོད་པ་མ་རེད།
དྲ་ཐོག་ཏུ་འགོད་རིན་མེད་པའི་རྩོམ་འདི་འདྲ་སུས་བྲིས་པ་དང་སུས་འདིར་བཀོད་པ་རེད། ཀློག་མཁན་རྣམས་ལ་དགོངས་དག་ཞུ་དགོས་ཀྱི་འདུག
བལྟ་མ་འདོད་པའི་རྩོམ་ཡིག་འདི་ཀློག་སྐབས་དྲི་བ་ཞིག་གཏོང་འདོད། ཡག་ཉིན་ཨ་མདོ་གསར་འབྱོར་བ་ཚོ་སེམས་ཁ་འཁྱག་པ་རེད་དམ། ཡང་ན་ལུང་ཞེན་ཆེ་བའི་རྩོམ་པ་པོ་ཁྱེད་དང་རོག་པ་ཚོའི་སེམས་ཁ་འཁྱག་པ་རེད།
ལོ་རྗེས་མ་༸གོང་ས་མཆོག་གི་གསུང་ཆོས་གནང་སྐབས་ལུང་མཚན་རེ་ལ་གསུང་བསྒྱུར་རེ་བཞགས་ཏེ་ང་ཚོ་བོད་པ་ཚང་ན་ཁུལ་ལ་གསུང་བསྒྱུར་བརྒྱ་ཕྲག་ཁ་ཤས་དགོས་ངེས་སོ།
ཆོ་མེད་ཀྱི་བསམ་ཚུལ་ནི་བསམ་ཚུལ་རང་རེད་ ཆོས་ཞུ་རྣམས་ལ་སྐད་བསྒྱུར་དགོས་ཚེ་ཨ་མདོ་བ་གཅིག་པུ་ཨེ་ཡིན་ ཁམས་པ་དང་སྟོད་ཕྱོགས་ནས་ཡོང་བའི་ཆོས་ཞུ་བ་རྣམས་པས་གོང་ས་མཆོག་གི་གསུང་ ཚངས་མ་གོ་ཨེ་ཐུབ་ མ་གཞི་ནས་གོང་ས་མཆོག་གི་གསུངས་ནི་བོད་སྐད་རེད་མ་གཏོགས་སྐད་རིགས་གཞན་མ་ཡིན་ གལ་སྲིད་ཁྱེད་ཀྱི་ཐོས་ཚེ་རང་གི་འབྲེལ་བཤད་རྒྱབ་ཀྱང་མི་ཆོག་པ་མེད།།།
སྤྱིར་རྩོམ་ཡིག་འདི་དང་དེ་འབྲེལ་གྱི་མཆན་བུ་ཚང་མར་དམིགས་ཀྱིས་བསམ་ཚུལ་ཅང་མེད། འོན་ཀྱང་དགའ་ལྡན་ཟེར་བ་ཁྱོད་སྐད་ཆ་བསམ་ནས་བཤད་དགོས་ཀྱི་འདུག (རྒྱ་བ་རིན་པོ་ཆེ་ལོ་་༢་ནས་ཁོང་དང་ཁོང་གི་ནང་མི་ཚང་མ་དབུས་པས་གསོས་པ་རེད། ) ཟེར་བ་འདི་ཅི་ཡིན། ཁྱོད་སྐད་ཆ་རྒྱ་ཆེན་བཤད་མ་ཡོང་། སྐད་ཆ་འདི་འདྲ་བར་དགོངས་དག་ཞུས་ན་རེད། ངོ་མ་བཤད་ནི་ཡིན། རྒྱལ་བ་རིན་པོ་ཆེས་བོད་མི་ས་ཡ་དྲུག་དང་འཛམ་གླིང་མི་རིགས་དབྱེར་མེད་ལ་ཁ་གསོ་སྤྱད་དང་རྒྱབ་འགེབས་སྤྱད་སྔོན་ནས་ད་ལྟའི་བར་དུ་གནང་དང་གནང་བཞིན་པ་དང་། ཁྱོད་ལྟ་བུའི་ཀ་ངོ་ཡིག་ངོ་རེ་ཆོད་པ་དང་། ལྟོ་རྒྱབ་ཁེབས་བསྡད་ཡོད་པའང་གོང་ས་མཆོག་གི་དྲིན་ཡིན་པ་ཤེས་པར་གྱིས་ཤིག དངོས་གནས་མི་བསོད་སད་ཅིག་ཡིན་ས་རེད།
གླེང་དོན་དེ་ལས་དོན་ཞིག་དྲན་སོང་། སྔོན་མ་ཨ་མདོའི་ཤེས་ལྡན་པ་ཞིག་ཡོད་པ་དེས་རང་གིས་སྨྲ་བའི་ཨམ་སྐད་དེ་ཡུལ་ལུང་གང་གི་སྐད་ལས་བཟང་བ་དང་ལེགས་པ་ཡོད་པར་འདོད་པ་དང་རྣམ་ཀུན་བོད་ཀྱི་སྤྱི་སྐད་སྐོར་གླེང་སྐབས་ཀྱང་ཨམ་སྐད་ལས་ལྷག་པ་ཞིག་གང་ན་ཡང་མེད་པར་སྒྲུབ་ཀྱི་ཡོད། བསོད་ཅན་བུ་དེར་རྒྱ་གར་དུ་༸གོང་ས་མཆོག་མཇལ་བའི་སྐལ་བ་བཟང་པོ་ཞིག་ཐོབ་པ་དང་། ཁོ་པ་དགའ་སྣང་ཆེན་པོས་གསུང་ཆོས་ལ་བཅར་སྐབས་སངས་རྒྱས་ཀྱི་གསུང་ཐོས་པའི་རྣ་བ་མེད། སངས་རྒྱས་མངོན་སུམ་མཇལ་ཡང་བཀའ་སློབ་གསུང་ཆོས་ཚིག་གཅིག་ཀྱང་བློ་ལ་འབྱོར་མེད། ཁོ་པའི་ཁེངས་པ་དེ་མར་གཞོམ་ལ་རྡོ་ཕོག་པའི་བྱིའུ་ཉམས་ཚུལ་འཛིན། རྒྱ་གར་ལ་བསྡད་པའི་ཟླ་གསུམ་རིང་ཁོ་པས་རང་གི་སྣང་བ་དབུས་སྐད་ལ་བརྟས་ནས་ལྷག་པར་བརྩོན་མཐར་སངས་རྒྱས་ཀྱི་གསུང་དེ་གོ་བའི་རྣ་བ་ཞིག་རིམ་བཞིན་སྐྱེས་པ་དང་རང་གི་ཁ་ནས་ཀྱང་དབུས་སྐད་དག་ལ་མ་དག་ཞིག་བརྒྱབ་ཤེས་པ་ཆགས། ཕྱིས་སུ་ཕ་ཡུལ་དུ་ལོག་རྗེས་ཁོ་པས་གྲོགས་པོ་ཚོར་བོད་ཀྱི་སྤྱི་སྐད་གང་ཡིན་རྩོད་དགོས་མི་འདུག དབུས་སྐད་ཡིན་ཤག་ཤག སངས་རྒྱས་ཀྱི་བཀའ་ཆོས་དབུས་སྐད་ཡིན་པས་སོ། ཟེར་བ་དང་རང་གིས་དབུས་སྐད་བརྒྱབ་ཤེས་པ་དེ་གྲོགས་པོ་ཚོའི་མདུན་དུ་ངོམ་ངོམ་བྱེད་པར་སྤྲོ་ལ། གཞན་པར་ཡང་དབུས་སྐད་སྦྱོང་བར་སྐུལ་བ་རེད།
དེ་ཨ་མདོའི་ཤེས་ཡོན་པའི་སྒྲུང་རེད། ཁམས་པའི་སྒྲུང་ཞིག་ཀྱང་ཡོད། ཐེངས་ཤིག་ཁྲེན་ཏུར་གྲོགས་པོ་ཞིག་དང་ཐུག་རྒྱུ་བྱས་པ་དང་ང་ཚོ་འཛོམས་དུས་ངའི་གྲོགས་པོས་དགེ་འདུན་པ་ཞིག་རོགས་པར་ཁྲིད་འདུག གྲོགས་པོས་དགེ་འདུན་པ་དེ་དགོན་པ་ཞིག་གི་དགེ་བཤེས་རེད་ཟེར། ང་དང་གྲོགས་པོ་གླེང་མོལ་བྱེད་པའི་རིང་དུ་དགེ་འདུན་པ་དེ་རྣ་ལ་བསྒར་བའི་earphoenདེ་བཀྲོལ་མ་སོང་ལ་ཁོང་རང་ལ་དེ་ལ་སྣང་བ་ཡང་ཡང་གཡེང་གི་འདུག ངས་ཁོང་ལ་ཁྱེད་རང་གང་ཞིག་ཉན་གྱིན་ཡོད་ཟེར་དུས་ཁོང་གིས་དེ་ངའི་རྣ་ལ་གཟེར་བྱུང་། ༸གོང་ས་མཆོག སངས་རྒྱས་སྐུ་ངོ་མའི་བཀའ་ཆོས་རེད་འདུག ངས་ཁོང་ལ་ཁྱེད་རང་གི་བཀའ་ཆོས་ཆ་ཚང་གོ་གི་ཨེ་འདུག་ཟེར་བར། ཁོང་གིས་༸གོང་ས་མཆོག་གི་བཀའ་ཆོས་ཡང་ཡང་ཉན་ན་དབུས་སྐད་གོ་ཆེ་ནས་ཆེ་རུ་འགྲོ་གི་འདུག ང་རང་གཅིག་ནས་རྩ་བའི་བླ་མའི་དྲུང་ནས་ཆོས་གཞུང་སྦྱངས་རྒྱུ་ཡོད་པ་དང་གཉིས་ནས་དབུས་སྐད་ཀྱང་མཁས་ནས་མཁས་སུ་འགྲོ་གི་འདུག དངོས་གནས་༸གོང་ས་མཆོག་གི་བྱིན་རླབས་རང་རེད་ཟེར།
སྒྲུང་བཤད་ཚར་སོང་། གོ་བ་རང་རང་སོ་སོས་ལོན་རོགས། དེ་རང་ཡིན།
ཨ་ལ་ལ་་་་་་༧གོང་ས་མཆོག་དགུང་ལོ་གཉིས་ཐོག་ནས་དབུས་པས་གསོས་པ་རེད་ཟེར། འདི་ནི་མི་ཐང་ཐང་ཞིག་གི་སྐད་ཆ་རེད་དམ། ངས་ཁྱེད་ལ་སྐད་ཆ་ཞིག་འདྲི་་་་་དགུང་ལོ་གཉིས་པའི་ཐོག་ནས་ཁོང་དང་ཁོང་གི་ནང་མི་ཚང་མ་དབུས་སུ་བཞུགས་གནང་བའི་རྒྱུན་མཚན་འདི་ཙམ་གྱིས་་་་་ཁོང་དང་ཁོང་གི་ནང་མི་ཚང་མ་དབུས་པས་གསོས་པ་སྒྲུབ་ཐུབ་བམ།
དཔེར་ན་་་་་ཁྱེད་རང་ལོ་ངོ་ལྔ་ཙམ་རིང་ལ་རྒྱ་གར་དུ་བཞུགས་པའི་དབང་དུ་བཏང་ན་་་་་ལོ་དེའི་རིང་ལ་རྒྱ་གར་བས་ཁྱེད་རང་གསོས་པ་ཁས་ལེན་གྱིན་ཡིན་ནམ། མི་སྐད་བཤད་མི་ཤེས་ན་ཨུ་ཚུགས་བརྒྱབས་ནས་ཡོང་རྒྱུ་ཡོད་ནི་མ་རེད།
སྐུ་མཁྱེན་་་ད་དོན་འདི་འདྲ་ཆུང་ཙག་གི་རིག་ལ་མཆོད་ཁ་འཐེན་འཁྱེར་གྱི་ལྟ་བའི་དུག་
རླངས་ཀྱིས་འུ་ཚང་གི་མཐུན་བསྒྲིལ་གྱི་མཁའ་དབྱིངས་འབག་བཙོག་མ་བཟོ་རོགས་གནང་། ཐུགས་རྗེ་གཟིགས།
དྲ་གྲོགས་གཅན་བཟོད་རྒྱམ། དྲང་པོ་བཤད་ན་མི་མི་དགའ། དབྱུག་པ་ཁྱེར་ན་ཁྱི་མི་དགའ་ཞེས་པའི་དཔེ་ལྟར་རེད། ༢༠༠༧ དཔྱིད་ཆོས་ཆེན་མོའི་སྐབས་སུ་༼༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་མོ་མཆོག་གིས་དེ་སྔོན་ཨ་མདོ་གནས་མཇལ་བ་རྒན་པོ་ཞིག་གི་༸རྒྱལ་བ་རིན་པོ་ཆེ་ཁྱེད་ཀྱི་ཨ་སྐད་རྒྱབ་དགོས་རེད་གང་ཡིན་ན་ཟེར་ན་ཁྱེད་རང་ཨ་མདོ་བ་ཞིག་རེད་པ་ཟེར་གྱི་འདུག སྙིང་རྗེ། སྐབས་དེ་དུས་ངས་རྒད་པོ་ཁོང་ལ་ང་ཆུང་དུས་ནས་དབུས་པས་གསོས་ཙང་ངས་ཨ་སྐད་རྒྱབ་ཤེས་ཀྱི་མ་རེད་ཞེས་ལན་བཏབ་པ་ཡིན་༽ཞེས་༸སྐྱབས་མགོན་མཆོག་གི་གསུང་པ་ལས་ངས་གསར་དུ་བཟོས་པ་ཞིག་དང་སྐད་ཆ་གསར་པ་ཞིག་རྩ་བ་ནས་མ་རེད། བྱས་ཙང་ངས་དགོངས་དག་ཞུ་དགོས་དོན་མི་འདུག གལ་སྲིད་ཨ་མདོ་གསར་འབྱོར་བ་ཚོས་༸གོང་ས་སྐྱབས་མགོན་ཆེན་པོའི་གསུང་མ་གོ་བར་གསུང་བསྒྱུར་བཞག་དགོས་ན་ཁམས་དང་གཙང་པ་སྟོད་པ་མུན་པ་ལ་སོགས་ཚང་མར་གསུང་བསྒྱུར་བཞགས་དགོས་ངེས་ཡིན། དེ་དུས་གསུང་བསྒྱུར་ག་ཚོད་ཙམ་ཞིག་ཆགས་ཀྱི་རེད་དམ། དེ་ཁྱེད་དང་འདྲ་བའི་ལུང་ཚན་གྱི་ཞེན་ཁོག་ཆེ་བའི་མི་རྣམས་ལ་དཀའ་ངལ་མེད་རྐྱང་གཞུང་དང་ལྷག་པར་དུ་སྐྱབས་མགོན་མཆོག་གི་དུས་ཚོད་ལ་སྐུ་ངལ་འཕྲད་མུས་སོ། སྤྱིར་ངས་རྩོམ་ཡིག་འདི་ཨ་མདོ་གསར་འབྱོར་བ་ཚོའི་སེམས་འཁྱག་པའི་བསམ་ཚུལ་ཡིན་པ་ཐེ་ཚོམ་དུ་སྣང་།
ད་ཆོ་མེད་ཀྱི་སྐད་ཆ་མང་པོ་མ་བཤད། ཨ་མདོ་བས་གསུང་སྒྱུར་དགོས་ཟེར་བ་དེ་མདོ་སྨད་དབུས་རྒྱུན་ལ་ལབ་པ་རེད། མ་གཏོགས་བོད་གཞུང་ལ་གསུང་སྒྱུར་འཇོག་རོགས་ལབ་མེད། གལ་སྲིད་སྟོད་པ་དང་ཁམས་པ་ལ་གསུང་སྒྱུར་དགོས་ན་སྟོད་པ་སྐྱིད་སྡུག་དང་ཆུ་བཞི་སྒང་དྲུག་བཅས་ལ་ལབ་ན་འགྲིག
དོན་ཆེན་རྒྱབ་དུ་བསྐྱུར། ཞི་མི་ཤ་ལ་ཞི་འཛིང་བྱེད། དེ་ལས་གཉིད་སྐྱིད་ན་བཟང་།།།། ཨ་རུ་རུ་
དྲ་གྲོགས་ཚོ། དེ་རིང་འདིར་གློ་ཡུལ་གྱི་སྐོར་མཐོང་དུས་ང་རང་ཆུང་དུས་ཨ་མས་གསུངས་པའི་དུམ་བུའི་ལེའུ་ཞིག་བྲིས་འདོད་སྐྱེས། མ་གཞི་གློ་ཡུལ་གྱི་དངས་བླངས་བརྟན་སྲུང་དམག་ལ་སྔགས་བརྗོད་དང་དགའ་བསུ་ཞུ་འདོད་ཡང་བློ་ཕམ་པའི་གནས་ཚུལ་ཞིག་ལ་༡༩༦༠ ནང་ང་རང་གི་སྡེ་བའི་ནང་དངས་བླངས་དམག་སླེབས་སྟེ་མི་སེར་ལ་སྲུང་སྐྱོབ་བྱེད་རྒྱུ་ཕར་ཞོག་དེ་ལས་བརྒལ་ཏེ་སེར་དངུལ་རྒྱན་ཆའི་རིགས་འཕྲོག་བཅོམ་དང་ བུད་མེད་ལ་བརྩན་གཡེམ་ ཐ་ན་མི་སེར་གྱི་འཚོ་རྟེན་འབྲུ་རིགས་ཡན་འཕྲོག་སྟེ་ཉིན་མཚན་འཁྱོལ་དཀའ་བའི་དཀའ་སྡུག་མྱངས་འདུག་ དེ་ནི་རྒྱ་དམར་གྱི་བྱ་སྤྱོད་ལས་ཀྱང་རྩུབ་པར་སྣང་ གུས་པས་ཨ་མྱེས་རྨ་ཆེན་གྱིས་བཏོན་པའི་བརྩན་རྒྱོལ་རྒྱལ་སྐྱོབ་ཞེས་པའི་དེབ་ཕྲེང་ཁ་ཤས་ཀློག་མྱོང་ ཡིན་ཡང་དེ་ཚོའི་ནང་དངས་བླངས་དམག་གི་འཇོན་རབས་དང་ གཟི་བརྗིད་ཀྱི་མཚན་སྙན་བཀོད་པ་ལས་ མི་དམངས་ལ་ཚ་འདེད་སྐུུལ་བའི་རིགས་མཟོངས་རྱུ་མིམིན་འདུག་ དེ་ནི་དྲང་བདེན་གྱི་དེབ་ཕྲེང་ཞིག་ངའི་མིག་ལམ་དུ་མ་འཆར་ གློ་ཡུལ་གྱི་དངས་བླངས་དམག་ལ་དུས་དེ་ནས་ཞེན་པ་ལོགས་སོང་ལ་དུས་ད་ལྟ་ཡང་མི་དགའ་འོ།།།
དོན་སྔོན་མ་སྐད་འགྱུར་དགོས་དང་མི་དགོས་སྟེ་གཙོ་ལག་ལེན་ལ་རེག་ལས་གི་་རེད་སྙམ།
དང་པོ་སྐད་འགྱུར་བསྟེན། འདི་ནས་རང་གིས་སྦྱོངས། མི་ཚེ་གང་པོ་སྐད་འགྱུར་དགོས་ན། འདི་ཡང་རྗེས་ལུས་རེད།
ཨ་མདོའི་སྐད་འགྱུར་དགོས་ཟེར་བར་རྒྱུ་མཚན་འདུག་འོན་ཀྱང་དེ་ནི་གཞུང་འབྲེལ་སྐད་འགྱུར་མིན་པའི་ཐོག་ནས་མདོ་སྨད་མཆོལ་ཁས་དེང་དུས་fm བརྒྱུད་སྐད་འགྱུར་འདྲ་སྒྲིགས་བྱས་ན་མ་འོས་པ་མེད།
ཨ་མདོའི་སྐད་འགྱུར་དགོས་ཟེར་བར་རྒྱུ་མཚན་འདུག་འོན་ཀྱང་དེ་ནི་གཞུང་འབྲེལ་སྐད་འགྱུར་མིན་པའི་ཐོག་ནས་མདོ་སྨད་མཆོལ་ཁས་དེང་དུས་fm བརྒྱུད་སྐད་འགྱུར་འདྲ་སྒྲིགས་བྱས་ན་མ་འོས་པ་མེད།