གསལ་ལེ་རྒྱལ།
༼ ལྷ་མོ་དབྱངས་ཅན་མར་བྲིས་པའི་བརྩེ་འཕྲིན་རྡོ་རྗེ་མདུད་པ༽
ཀ་ཡེ་རིང་ནས་འདྲིས་པ་ཡི།།
ཁ་སེམས་གཉིས་མེད་གཅིག་གནས་མ།།
ག་དུས་བོས་ན་ཕེབས་པ་ཡི།།
ང་ཡི་ལྷ་མོ་བདེ་ལགས་སམ།།
ལོ་དང་ནམ་ཚས་དེད་པ་འམ།།
གསར་བུའི་སྣང་བ་ཉམས་པ་ཡིས།།
ལོ་ཟླས་ཟོས་པའི་སྐྲ་ལོ་བཞིན།།
རིག་པ་རིག་བྱེད་ཚིག་གིས་སྟོང་།།
ཟ་འཐུང་འཚོ་བའི་བར་བར་ནས།།
ཡང་ཡང་དྲན་པས་བོས་ན་ཡང་།།
ལག་པས་ལས་ཚེགས་བསམ་པ་བཞིན།།
སྙན་ཚིག་གུས་རྟགས་རིང་དུ་བོར།།
ཀྱེ་ཀྱེ་རིང་ནས་འདྲིས་པ་ཡི།།
རིག་པའི་ལྷ་མོ་དབྱངས་ཅན་མ།།
དྲན་པ་ཙམ་གྱིས་སེམས་པ་ལ།།
ཆོག་ཤེས་མེད་པའི་བདེ་སྟེར་མ།།
གདུང་བས་བོས་ན་ཡ་ཆུང་ཁོག།
ཞི་བར་འགྱུར་བའི་ཞི་བྱེད་མ།།
དགའ་བས་བོས་ན་གངས་དཀར་སེམས།།
གངས་ལས་དཀར་མཛད་འོད་དཀར་མ།།
བདག་གི་ཁ་དང་ལག་པ་ཡིས།།
ཚིག་གི་སྦྱོར་བ་ཅི་བགྱིས་པར།།
ཇུས་དང་ཐབས་ཀྱི་མཐུ་བསྩལ་བའི།།
སྡེབ་ལེགས་ཚིག་གི་ལམ་སྟོན་མ།།
རྒྱ་སྤྲང་ས་ཁུང་ནང་ན་ཁེར་འདུག་གིས།།
ཡུལ་མེད་འཁྱམ་པོའི་འཚོ་བར་རོལ་ན་ཡང་།།
དགའ་བོའི་བྲང་ན་དགའ་བདེར་རོལ་བ་བཞིན།།
བདག་གི་སྙིང་དང་ངག་ན་རྒྱུན་འདུག་མ།།
བརྩེ་བའི་མ་དང་མ་གཅིག་ཨ་ཅེ་བཞིན།།
དགའ་བའི་དུས་དང་ཧ་ཅང་སྡུག་པའི་དུས།།
གློ་དང་མཆིན་པའི་ཕྱོགས་ངོས་གང་ཞིག་ན།།
དངོས་སུ་སྣང་བ་ལྟ་བུའི་སྣང་མཛད་མ།།
དྲིན་ཆེན་ཨ་མ་ཕྱི་མའི་ཡུལ་དུ་གཤེགས།།
བརྩེ་བའི་ཨ་ཅེ་དུས་མིན་འཆི་བས་བཟུང་།།
དེ་བས་དུས་གསུམ་བརྩེ་བའི་ཕྱི་ཐག་ཅན།།
བདག་གི་ལྷ་མོའི་བརྩེ་བར་ལྷག་ཏུ་བརྩེ།།
རང་མཉམ་སྙན་ངག་སྨྲ་བའི་དཀྱིལ་འཁོར་ན།།
ང་རྒྱལ་སྤོབས་པའི་མགོ་འཕང་མཐོ་བ་འདི།།
བརྩེ་ལྡན་ལྷ་མོས་རྗེས་བཟུང་རྟག་བརྟན་གྱི།།
དམ་ཚིག་ཁྱུང་འབྲུག་རྡོ་རྗེ་མདུད་པ་ཡིན།།
ཡིག་ནོར་དོན་ནོར་རྡོ་ཆག་བཙན་བསྒྲིགས་ཀྱིས།།
རིག་གཞུང་སྐྱོབ་པའི་རིགས་ཞེན་སྐམ་པོ་ཅན།།
བོད་པའི་རིགས་སུ་སྐྱེས་པ་དེ་ཚོ་ཡང་།།
བདག་གི་ལྷ་མོས་བདག་བཞིན་རྗེས་བཟུང་མཛོད།།
ཞེ་ས་མེད་པའི་ཨ་མདོའི་འབྲོག་པ་དག།
མཉམ་དུ་འཛོམས་ནས་ཅི་འདོད་བཤད་པ་བཞིན།།
ཕལ་བའི་སྐད་ཀྱིས་ནང་གཏམ་བཤད་པ་ན།།
རྒྱལ་བའི་སྲས་ཀྱི་བཀའ་བཞིན་བཀུར་མཛད་མ།།
ཧ་ཅང་དགའ་བའི་དུས་དང་སྡུག་པའི་དུས།།
ཧ་ཅང་བརྩེ་བའི་ལྷ་མོ་ཁྱེད་ཉིད་དྲན།།
ཨ་མས་གནངས་པའི་ཤ་ཁྲག་ལུས་པོ་བཞིན།།
ཨ་ཅེ་ལྷ་མོ་ཁྱེད་ལ་སྙིང་ནས་དགའ།།
དགྲ་དང་ཐུག་ན་ཚིག་མཚོན་ཆར་བའི་གྲོགས།།
གྲོགས་དང་འཕྲད་ན་སྙན་ཚིག་མེ་ཏོག་སྤུན།།
ང་ཡི་ངག་ལ་ངག་གི་དབང་བསྐུར་བའི།།
ངག་དབང་ལྷ་མོར་ངག་གི་མཆོད་པ་འབུལ།།
༡༩/༠༡/༢༠༢༣ ཕ་རེ་སི་ནས།