འགར་ཚེ་རྒྱལ་གྱིས།
བཙན་པོའི་གདུང་རྒྱུད་ཀྱི་རླུང་རྟ་གངས་དཀར་གྱིས་མཁའ་རུ་བཏེགས་པའི་མཐོ་སྒང་གི་ཡུལ་གྲུ་ན། གནའ་ནས་ད་ལྟའི་བར་ཡིག་དྲུག་གི་བྱིན་ཁ་མེས་པོའི་དབུ་ཐོད་ནས་འཛུམ་པའི་མི་རིགས་ཤིག རྨི་ལམ་མང་པོ་ཞིག་གི་རུམ་ཁ་ནས་སྙིང་སྟོབས་ཀྱི་གཟི་དཔལ་ཨུ་ཚུགས་ཀྱིས་བླ་རུ་བསྐྱེད་དེ། གདོང་དམར་བོད་པ་ཞེས་པའི་མིང་བྱང་གནམ་སྔོན་པོའི་མཐོངས་དང་ས་དོག་མོའི་ངོས་ལ་ཐོལ་གྱིས་བྲིས། སྐབས་དེར་འུ་ཚང་གི་ནམ་ཟླ་ཧ་ཅང་དྲོད་ཁོལ་ཆེ་བས། ས་མཐོའི་རི་ལུང་ན་ངོ་མཚར་གྱི་གཏམ་རྒྱུད་ཤིན་ཏུ་མང་ལ། གངས་དཀར་གྱི་དབུ་རྩེ་ན་ལ་རྒྱའི་བ་དན་མཐོན་པོའི་དགུང་ལ་འཕྱོ། དེ་དུས། གདོང་དམར་བོད་པ། འཛམ་གླིང་ས་མཐོའི་བདག་པོ། རི་བོའི་ཕ་རོལ་གྱི་མི་ཚོགས་ཚོད་ཚོད་ལ་དངངས་སྐྲག་ལངས་ནས་དེ་ལྟར་བརྗོད་སྐད།
མེས་པོ་ཚོའི་ཞལ་ཆེམས་ན། དངོས་གནས་གདོང་དམར་བོད་པ་ཚང༌། བཙན་པོའི་དཔའ་རྟགས་ཀྱི་ངར་ཁ་གླིང་ལ་གྲགས་ཏེ། ཁ་བའི་འདབ་མ་རླུང་གིས་མ་འཁྱེར། གངས་རིའི་དབུ་རྩེ་ཉི་མས་མ་བཞུ་བའི་ལོ་ཟླ་དེ་ཚོར། མཐོན་པོའི་རི་ཁུགས་ཀྱི་འུ་ཚོའི་ཁྱིམ་གཞིས་ན་རང་དབང་གི་བདེ་སྐྱིད་དབྱར་གསུམ་གྱི་མེ་ཏོག་ལྟར་བཞད་དེ། ཕ་གཞིས་ཀྱི་གླུ་སྐད་གཙང་མ་གྱེར་བའི་འུ་ཅག་བོད་པ་ཚང་གི་དཔུང་བ་ཧ་ཅང་མཐོ་ཟེར།
ལོ་ཟླ་རིམ་གྱིས་འདས། ནམ་ཟླ་ཡུན་གྱིས་འགྱུར། མི་གཤིས་དང་མི་སེམས་ཚོན་གྱིས་བསྒྱུར་ཏེ་གནམ་འོག་ནས་ལྷ་འདྲེ་མི་གསུམ་གྱི་ཆོ་འཕྲུལ་བསྟན། ཁ་སང་དེ་རིང་། ནམ་མཁའི་སྐར་ཚོགས་ལ་འཇབ་རྒོལ་ཐེབས་ཤིང༌། ས་གཞིའི་རི་ཚོགས་ལ་བརྡབ་གསིག་བཏང་བའི་ནག་ཉེས་ཧ་ཅང་བསགས། འདི་དུས། གདོང་དམར་བོད་པ། འཛམ་གླིང་ས་མཐོའི་གཏེར་མཛོད། འུ་ཚང་གི་སྐུ་མགྲོན་མིན་པའི་རྒྱང་རིང་གི་མི་ཚོགས་མང་པོས་ཧམ་སེམས་ཀྱིས་དེ་ལྟར་ལབ་བཞིན། འཚང་ཁ་ཤིག་ཤིག་གིས་མིག་ཟུང་བགྲད་དེ་ལག་ཟུང་གཟེད་ནས་བཙན་གྱིས་སླེབས་ཡོང༌།
དུས་འདི་ནས་ས་མཐོའི་རི་གྲོང་ནས་ལྷ་འདྲེ་འཁྲུགས་ཏེ། གདོང་དམར་ཚང་གི་ཁ་བའི་འདབ་ལོ་བཞིན་འཕུར་བའི་རླུང་རྟ་རིམ་གྱིས་རྒུད་ཅིང༌། ཉི་མར་ལྡེ་བའི་རྒན་རྒོན་ཚོའི་ཁ་ན་རླུང་ལྟར་གྲགས་པའི་ཕངས་སེམས་ཀྱི་སྐད་ཆ་གཉོམ་པོ་ཞིག གསོན་འདྲེ་ལྟ་བུའི་མི་ཚོགས་དེ་སླེབས་ནས་ད་ལྟ་འུ་ཚང་གི་ནམ་ཟླ་ཧ་ཅང་གྲང་ཟེར།
ངེད་ཀྱི་རྩོམ་འདི་གངས་སེང་མེད་སྨྲ་ཚོར་ཕུལ་བ་ཡིན་པས་དགྱེས་དགུར་བཞེས་རོགས།
གངས་སེང་མེད་པར་ལྟ་བའི་དགེ་ཆོས་དང།།
གངས་སེང་ཡོད་པར་ལྟ་བའི་དགེ་བཤེས་གཉིས།།
གཅིག་ཤོས་བདེན་ན་གཅིག་ཤོས་རྫུན་མཐོང་བའི།།
དེང་གི་ཚད་གྲུབ་འཇོག་ལ་བློ་མ་བདེ།།
གྲང་ངར་ཆེ་བའི་བྱང་སྣེའི་དོམ་དཀར་དང།།
གངས་སེང་དཀར་མོ་གཡུ་རལ་གསིག་པ་གཉིས།།
ཡོད་མེད་ཁྱད་པར་འབྱེད་པའི་འཇིག་རྟེན་འདིར།།
ཕྱོགས་རེའི་ཚད་གྲུབ་འཇོག་ལ་བློ་མ་བདེ།།
ད་དུང་གངས་ཀྱི་གླང་ཆེན་ཡོད་པ་ལ།།
འུག་པ་རྒན་པོས་མིག་གིས་མ་མཐོང་ནས།།
ཡུལ་གྱི་གཙོ་བོ་གངས་རི་ཡིན་པ་ལ།།
ནགས་སེང་ཚད་གྲུབ་འཇོག་ལ་བློ་མ་བདེ།།
ལོ་ངོ་ས་ཡ་གོང་གི་གཏུམ་འབྲུག་དང།།
བ་སྤུ་རིང་པོ་ཡོད་པའི་གླང་ཆེན་སོགས།།
སྲོག་ཆགས་རིག་པའི་རྗེས་སུ་འབྲང་འབྲང་ནས།།
རྒུད་པའི་རྩ་བ་གངས་སེང་མེད་པར་བརྙེད།།
མགར་ཚེ་རྒྱལ་ལགས། རྩོམ་རྩལ་བཟང་སྟབས་རྗེས་སུ་ཡི་རང་ཡོད། དོན་ལ་དེད་ན་ཁྱེད་ཀྱི་སྤྱི་སྡོམ་ཡག་གི་ཟེར་
བ་དེ་རེད་ང་དགའ་སའི་བོད་ནང་གི་བསམ་བློ་འགའ་འདི་ན་འདུག། བོད་ཡིག་ཐོག་ཡོང་སྒོ་མེད་ཀྱང་མཚམས་
རེར་འབྲི་རོགས། ཡོང་སྒོ་ཁོ་ན་བསམ་ན་བོད་ཡིག་འབྲི་བ་ལས་བོད་དོན་བོད་ཡིག་བཙོང་ན་བཟང་གི་འདུག།
བོད་པ་ཚང་ལ་ལན་དུ།
ཉིད་ཀྱི་ཚིག་ཞོར་གྱི་དོན་རྩ་ཁོ་བོས་ཤེས་ཀི ཁོ་བོ་ཡོང་སྒོེ་ཁོ་ན་བསམ་མཁན་ཞིག་ཡིན་ན་ད་ལྟའི་གནས་བབ་འདི་ནས་འདུག་གི་མ་རེད། དེང་དཔལ་འབྱོར་ཚད་མཐོའི་དུས་སྐབས་ཤིག་ཏུ་སླེབས་ཡོད་སྟབས། ཡོང་སྒོ་ནི་གང་ནས་ཀྱང་བཙལ་ཆོག་ཆོག་ཡིན་ནི་རེད།
སྐབས་དོན་རྩོམ་ཡིག་རེ་འབྲི་འདུན་ཡོད་མོད། འོན་ཏན་ཁ་ནང་ནས་དགོས་མི་དགོས་ཡོང་རྒྱུ་མང་ཞིང༌། རང་གཤིས་བྲ་སྐྱག་ཙམ་ཡང་མེད་པའི་མི་དེ་ཚོར་སུན་ནི་ཞིག་རེད།
འགར་ཚེ་རྒྱལ་གྱིས།
བོད་ནང་གིས་རྩོམ་པ་བོ་ཞིག་གིས་རྒྱང་འཕེན་པའི་ལྟ་ཕྱོགས་ཀྱི་དེབ་ཅིག་བཏོན་པའི་དྲིས་ལན་ཏུ་ཟེར་བ་འདི་
རུ་བཤད་ན་མ་རྩ་བརྡུབ་ནས་དེབ་གཏོན་དགོས་ན་མ་འོངས་པ་བོད་ལ་བོད་རྩོམ་ཉུང་དུ་འགྲོ་རྒྱུ་རེད།
ཞོར་དུ་ཤེས་དགོས་པ་ནི་བོད་ཀྱི་རིག་གནས་རོགས་མཁན་ཚོས་དབོད་ཡིག་མི་ཤེས་མཁན་ལ་རོགས་པ་བྱས་པ་
དེ་རེད་ལགས