འཁྱམས་པོ།
དགའ་སྐྱོའི་ན་བུན་འཁྲིགས་པའི་ལ་ཁ་ན།།
བདེ་སྡུག་རླུང་གིས་སྤུར་པས་དར་ལྕོག་ལ།།
ལོ་རྒྱུས་གླེགས་བམ་རུམ་པའི་གཡག་མགོ་ཞིག །
མེས་པོའི་དཔུང་ཤེད་གླེང་བཞིན་བརྟན་པོར་འགྲེང་།།
དཀར་ནག་སྐྱ་མར་བརྒྱུས་པའི་སྤང་ཁུག་ན།།
མངར་སྐྱུར་ཕྲ་ཚོམ་བཞད་པའི་མེ་ཏོག་ལ།།
གདོད་མའི་འཚོ་བ་རུམ་པའི་སྦྲ་ནག་ཞིག །
མེས་པོའི་སྙན་ངག་གྱེར་བཞིན་ལྷུན་ཆགས་གནས།།
ཡིད་དགའི་ཞིང་མཆོག་ལྷ་སའི་ལྟོ་བ་ན།།
ས་རྡུལ་དུད་རླངས་འཐིབས་པའི་བང་ཁ་ལ།།
བཙན་པོའི་མཛད་རྗེས་རུམ་པའི་པོ་ཏ་ལ།།
མེས་པོའི་དཔའ་སྙིང་འཆད་བཞིན་སྟོབས་ཀྱིས་འགྱིང་།།