སྲིད་རྡོ།
ད་ལྟའི་སྲིད་སྐྱོང་གིས་སྐབས་དང་པོར་རང་ཉིད་སྲིད་སྐྱོང་ལ་ལངས་པའི་སྐབས་ཀྱི་དམ་བཅའ་དག་ལེགས་འགྲུབ་མ་བྱུང་བར་མི་མང་གི་རེ་བ་ས་ལ་བརྡབ་ཅིང་། གསར་འགོད་པའི་དྲི་བར་སྟོང་ལན་བཏབས་ནས་ད་རུང་ལྷག་ཡོད། སྐབས་གཉིས་པར་མི་མང་མཐུན་སྒྲིལ་གྱི་རྡོག་རྩ་གཏོར་སྟེ་ལས་གཞི་དེའི་རྨང་གཞི་རིམ་བཞིན་རྐུབ་བརྡོལ་ནས་འགྲོ་བཞིན་ཡོད།
ཁ་སང་དེ་རིང་གི་ཕྱི་རྒྱལ་ཡུལ་གྲུ་ཁག་གི་དོན་གཅོད་རྣམས་ཀྱིས་བོད་རིགས་མཐུན་ཚོགས་སུ་ལག་པ་བསྲིང་སྟེ་མཐུན་སྒྲིལ་གཏོར་བའི་ས་འོག་དར་ཐག་འགྲོ་ཞིག་བཞིན་ཡོད་ཅིང་། ད་ལྟའི་སྲིད་སྐྱོང་གིས་ཅི་ལས་ཅི་བྱས་ཚང་མ་ནི་ཁོའི་རང་དོན་ལྟ་བུ་ཞིག་ལས་བོད་དོན་དང་བོད་མིའི་དོན་དག་རེད་བསམ་པ་མི་འདུག་པས། བོད་མི་འདུས་སྡོད་ཀྱི་ས་ཆ་གང་སར་སྲིད་སྐྱོང་གི་ངན་ལག་སྦྲེལ་མཁན་རྣམས་མ་གཏོགས་བློ་མིག་ལྡན་པ་རྣམས་ཀྱིས་ངོ་རྒོལ་དང་འབོད་སྐུལ་གང་མང་མ་ཞུས་ཐབས་མེད་ཆགས་ཀྱི་ཡོད། ག་རེ་བྱས་ནས་ཡུལ་མ་འཚིམས་པའི་མི་མང་གི་ཞུ་བའི་ངོ་རྒོལ་ལ་སྲིད་སྐྱོང་ཕྱོགས་གཏོགས་ཀྱིས་རྫིག་རྫིག་ངར་ངར་གྱི་ཀི་སྒྲ་སྒྲོག་དགོས་སམ། སྲིད་སྐྱོང་གིས་ཅི་ཞིག་ལ་དེ་དག་ལ་སློབ་གསོ་མི་རྒྱག་གམ། འདི་ལས་ཀྱང་སྲིད་སྐྱོང་ནི་མི་བསམ་བློ་བ་ཞིག་མིན་པ་མཚོན་ལ། གཡམ་རྒྱུགས་པ་ཞིག་ཡིན་པ་ཤེས། མི་ཁ་ཤས་ཤིག་གིས་ཁོ་རང་སྐྱོར་ནས་འགྲོ་བ་མ་གཏོགས་ནམ་ཞིག་ཁེར་རྐྱང་དུ་ལྷག་ཚེ་རང་ཚུགས་ཤོར་བའི་རྒྱུགས་ཁྱི་སྣ་ལེབ་ཞིག་ཡིན་པ་གདོན་མི་ཟ། དེ་བས་བོད་ཀྱི་སྲིད་སྐྱོང་ལ་མ་བསྡད་པའི་སྔོན་ལ་ཁོ་རང་ཐབ་ཕྱོགས་གཅིག་གྱུར་ཁང་གི་ཁ་ལག་ཟ་གི་སོང་དུས་མི་འདི་ཡིས་བོད་དོན་སྐོར་ནས་སྐད་ཆ་གང་ཞིག་བཤད་ཡོད་པར་དོག་པ་ཡོད་ལ། ད་ལྟའི་སྲིད་སྐྱོང་གི་སྐབས་གཉིས་པའི་སྐབས་སུའང་ད་དུང་བོད་དོན་ཆལ་ཆོལ་ཞིག་མ་གཏོགས་བཤད་མི་ཐུབ་པ་མ་ཟད། བོད་ཡིག་ཀྱང་ཀློག་ཡ་གཅིག་པུ་རེད་འདུག བོད་ཀྱི་ལོ་རྒྱུས་ཀྱི་གནད་དེ་བས་ཀྱང་དཀའ་བ་བཤད་མ་དགོས་པ་རེད་ལ། ང་ཚོས་ཁོང་ལྟ་བུ་ཞིག་ལ་རེ་བ་བཅོལ་བ་ནི་བོད་ཀྱི་བདེན་དོན་འཕྲོ་བརླགས་དང་བོད་མི་ནང་འཁྲུགས་དབྱེན་དཀྲུགས་ཀྱི་གཏེ་བོ་ཞིག་གི་མཇུག་འབྲས་རེད།
གལ་སྲིད་ཁྱོད་ཚོའི་རྣར་མི་འགྲོ་ན། ཁོས་གང་བྱས་ཀྱི་མཇུག་འབྲས་དག་ཕྱོགས་གཅིག་ཏུ་བསྡུས་ཏེ། ལོ་བཅུ་ཟིན་ལ་ཉེ་བའི་བོད་ཀྱི་བདེན་དོན་ཐལ་ལ་བསམ་བློ་ཞིག་ཐོངས་དང་། རྒྱ་ནག་གི་རྒྱབ་ཤ་དཀར་པོ་མ་གཏོགས་གླེང་ཐུབ་མེད་ཅིང་། ༧གོང་ས་མཆོག་ལ་བོད་ལ་ཕེབས་ཐུབ་པའི་ཤོབ་དེ་ནི་ལག་ལེན་མ་ཐུབ་པར་མ་ཟད། བརྙན་ལམ་བཅར་འདྲིའི་སྐབས་སུ་འགྲེལ་བཤད་མེད་བཞིན་དུ་ཨུ་ཚུགས་སྐྱོན་གྱིན་པ་དེར་ཚང་མས་མཐོང་སྲིད་རེད། ཕྱི་ལོ་ ༢༠༥༩ ཟེར་བའི་ལོ་རྒྱུས་ཀྱི་གནད་འགག་ཅན་གྱི་ལོ་ཚིག་དག་ཀྱང་བརྗེད་གྲབ་འདུག་པ་འདི་ཡིས་ཁོ་སྲིད་སྐྱོང་ལ་བསྡད་པའི་སྐབས་བོད་དོན་ལ་དོ་སྣང་མ་བྱུང་བར་སྤྱི་ཚོགས་དཀྲུགས་ཤིང་ཁེ་སྤོག་གང་ཞིག་ལ་བསྙེགས་པ་ཤེས་ཐུབ།
ལོ་བཅུ་ཐོན་ལ་ཉེ་བ་ནི། བོད་ཀྱི་སྤྱི་ཚོགས་སུ་སྔར་བྱུང་མ་ཉུང་བའི་ཆབ་སྲིད་སྒེར་དོན་ཅན་གཞུང་མང་བེད་སྤྱོད་ཀྱིས་སྒྲུབ་པ་དེ་རེད། ཆབ་སྲིད་འདིའི་ནག་ཉེས་ཀྱིས་བོད་དོན་འཆོལ་བའི་ཉེན་ཁ་འདུག་ལ། ལྔ་དང་ལྔ་བཅུའི་འཆར་ཡན་གྱི་མི་སྣ་ཁ་ཤས་ཤིག་ཁྱི་རྒན་འོ་ཟང་ཁས་ནས་འགྲིག་པའི་ཇུས་གཞི་རེད། སྲིད་སྐྱོང་གི་ལྔ་དང་ལྔ་བཅུ་ནི་འཆར་ཡན་ཞིག་ཡིན་ལ། མ་འགྲུབ་ཀྱང་འཆར་ཡན་ལ་ནམ་ཞིག་ཁ་སུ་བདེ་དང་རིག་པ་སུ་རྣོ་ཡིས་འགྲེལ་བཤད་ག་ཚོད་རྒྱབ་རྒྱབ་རེད། དཔེར་ན། ངའི་བསམ་ཚུལ་གྱི་འགྲེལ་ཞིག་ནི། སྲིད་སྐྱོང་གིས་ཁོང་གི་ལོ་བཅུ་ནི་ཚང་ཚར་ཡང་། འདིའི་བར་དུ་བུད་མེད་ཅིག་སྲིད་སྐྱོང་ལ་འདུག་པའི་རེ་བ་དང་འཆར་གཞི་འཐེན་པ་བར་བརྒལ་ཡིན་ལ། བུད་མེད་དེའི་རྗེས་ནས་ཁོ་རང་ཡང་བསྐྱར་ལོ་བཅུ་ལ་འདུག་པའི་སྲིད་སྐྱོང་བསྐྱར་ལངས་བྱེད་ཅིང་། དེ་ལྟར་ལོ་ལྔ་བཅུ་ལྷག་གི་བཅན་བྱོལ་སྲིད་བྱུས་ཀྱི་ཇུས་ངན་ལོ་ལྔ་བཅུའི་རིང་ལ་འཁོར་བའི་ཐབས་ལམ་འཐེན་པ་ཞིག་རེད། ལོ་ལྔ་ནི་བར་བརྒལ་གྱི་ལོ་ལྔ་སྟེ་སྐབས་དེ་ནི་ཁོ་རང་མི་མཐུད་དུ་སྲིད་སྐྱོང་ལངས་མི་ཆོག་པའི་བར་ལོག་དེར་ཇུས་ངན་འཐེན་གྱི་ཡོད་པ་ཞིག་ཏུ་འགྲེལ་ན་ཅི་ཕྱིར་མི་ཆོག་གམ།
ང་ཚོས་སྤྱི་ཚོགས་འཁྲུགས་བཞིན་པའི་དུས་སུ། གླེང་དགོས་པ་དངོས་དེ་ནི་གང་ཡིན་པར་བསམ་བློ་བཏང་ན། དེ་ནི་ད་ལྟའི་སྲིད་སྐྱོང་གླེང་དགོས་ཤིང་། སྲིད་སྐྱོང་གི་ལས་སྟངས་བྱེད་སྟངས་གླེང་དགོས། ཇི་ལྟར་མང་པོ་གླེང་ན་མི་མང་གི་གོ་རྟོགས་དེ་ལྟར་སེལ་ལ། མི་མང་གི་འཁྲུགས་ཆ་ཇི་ལྟར་ཆེ་ན་དེ་ལྟར་སྲིད་སྐྱོང་གི་ལས་སྟངས་སུ་ཞིབ་འཇུག་བྱེད་དགོས་པ་དེ་ནི་རྒྱལ་ཁབ་གཏན་འཇགས་དང་མང་གཙོའི་ཁྱད་ཆོས་ཡིན།
ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༤ ཉིན།
2059བརྗེད་གྲབ་འདུག་ཟེར་ན་གོ་རྒྱུ་མི་འདུག དེ་ལས་1959་ཟེར་ན་ཡག་ས་རེད། གང་ལྟར་བསམ་ཚུལ་ཡག་པོ་བྲིས་འདུག
༄༅། ཨ་ཅོ་ཁྱེད་ཀྱི་ལྟ་ན་བྲག་ལ་ཆོ་ལོ་སྐྱིད་པ།
ཆོ་ལོ་ཁོ་རས་ལྟ་ན་བྲག་ལ་རླུང་འཚུབ་ཆེ་བ།
ཚིག་འདི་གཉིས་ཀྱི་གོ་དོན་མཁྱེན་སོང་ངམ།