འཇམ་དབྱངས་དགྱེས་བློ།
མུ་མཐའ་བྲལ་བའི་ཡངས་པའི་སྤང་ཐང་སྟེང་།།
རྐང་རྗེས་ལག་རྗེས་འཇོག་ལ་རབ་བྲེལ་བའི།།
མགྱོགས་མ་དལ་གྱིས་བང་རྩལ་འགྲན་ས་རུ།།
དཀར་གཙང་ངོས་ལ་ནག་པོའི་རི་མོ་ལྷག།།
ནག་པོའི་ནག་ཐིག་མིག་གིས་མཐོང་ན་ཡང་།།
དཀར་ཐིག་མིན་ལ་ཡིད་ཆེས་མ་ནུས་པས།།
དཀར་ནག་ཅིར་ཡང་རུང་བའི་བསམ་བློ་ཡིས།།
དཀར་ནག་གཉིས་ཀྱི་གོང་ཐང་མཉམ་པར་བསྒྲུབས།།
སྐྱ་བོའི་མཐའ་ལ་ཐུག་པའི་བཞིན་རས་དང་།།
དམར་པོའི་ཁྲག་དང་དཀར་པོ་རུས་པ་ཡི།།
ན་ཟུག་ཅིག་དང་འབྲེལ་བ་མ་ཡོད་ཕྱིན།།
དཀར་ནག་གཅིག་ཏུ་མཐོང་ལ་ཐེ་ཚོམ་ཅི།།
རྔུལ་ཁྲག་གཉིས་པོ་གྲོན་ལས་བྱུང་བ་ཡི།།
དཀར་གཙང་ངོས་ཀྱི་ཐོབ་ཐང་མཐོན་པོ་དེ།།
ཡུན་ཐུང་ནང་དུ་ཉོག་མར་སོང་ཚུལ་འདི།།
དཀར་ངོས་སྟེང་གི་ནག་ཐིག་ངོ་མ་ཡིན།།
སེམས་ཀྱི་ནང་ན་ཆགས་པའི་རི་མོ་འདི།།
དཀར་པོ་སེམས་ལ་ཟུག་པའི་ཚེར་མ་ཡིན།།
ནག་ཐིག་འདི་ནི་དཀར་པོའི་ཕམ་ཁ་སྟེ།།
ནག་ཕྱོགས་རྣམ་པར་རྒྱལ་བའི་རྒྱལ་རྟགས་ཡིན།།