ཨེ་མ་ཧོ།
ན་མོ་གུ་རུ་བྷོ་དྷི་ས་ཏྭ་ཡེ།
ཀ་ར་ཀུ་ཤུ་ཀེ་ལ་བུ་རམ་དང་།།
ཁ་དོག་སྣ་ཚོགས་རོ་བཅུད་ཕུན་ཚོགས་ཅན།།
ག་བུར་གུར་གུམ་བཟང་དྲུག་སྨན་སྣ་རིགས།།
ང་ཚོས་དཀར་ཟས་བདུད་རྩི་མཉམ་དུ་རོལ།།
ཅ་ལེ་ཅོ་ལེའི་དམར་ཟས་ཟ་བ་ལས།།
ཆ་ཤས་ཀུན་གཙང་ཆུ་བཟང་བཏུང་ན་དགའ།།
ཇ་རྩམ་ཟས་མཆོག་དབང་བའི་གངས་ཅན་པ།།
ཉ་ཕག་སྒོང་ངའི་དྲི་ངན་རྡུལ་ཙམ་དབེན།།
ཏ་ཐ་ག་ཏའི་བསྟན་པའི་སྒོར་ཞུགས་དང་།།
ཐ་སྙད་རིག་པ་སྨྲ་བའི་མཁས་དབང་དང་།།
ད་ལྟའི་དུས་རབས་མཚམས་པའི་ཁ་ཟས་ནི།།
ན་ཚ་མི་སྐྱེད་དཀར་ཟས་ཁོ་ན་ལགས།།
པ་སངས་ལྟར་དཀར་ལྷག་བསམ་གོང་འཕེལ་དང།།
ཕ་མ་སེམས་ཅན་ཡོངས་ལ་ཕན་བདེའི་ཆེད།།
བ་གླང་ལ་སོགས་དུད་འགྲོར་སྐྱབས་སྦྱིན་མཆོག།
མ་ལུས་ཀུན་བཟང་དཀར་ཟས་མཆོག་ཏུ་བསྔགས།།
ཙ་ར་ཆོད་པའི་བླ་སྨན་རྣམ་དག་དང་།།
ཚ་གྲང་དཔྱོད་པའི་ཚན་རིག་རབ་འབྱམས་པས།།
ཛ་དྲག་ནད་ངན་ཕལ་ཆེར་དམར་ཟས་ལས།།
ཝ་ལེར་འབྱུང་བར་མངོན་རྗེས་རིགས་པས་བསྒྲུབས།།
ཞལ་ཟས་རོ་བརྒྱ་ལྡན་པའི་དཀར་ཟས་ལ།།
འ་ཅག་གངས་ཅན་ཚང་མས་མཉམ་རོལ་ན།།
ཟ་མ་དངུལ་ལ་སྲེད་པའི་རྒྱ་འདྲེ་ལས།།
ཡ་རབ་གངས་ཅན་ཆོས་ལྡན་ཁྱད་དུ་འཕགས།།
ར་ལུག་རྟ་ནོར་ཁྱི་མི་རྔམས་ཤིང་།།
ལ་ལུང་དཀར་ཟས་འཚོ་བའི་དཔལ་ལ་རོལ།།
ཤ་ཁྲག་དམར་ཟས་ངན་པའི་རྒྱུན་ཆད་ནས།།
ས་སྟེང་འགྲོ་བར་ཞི་བདེ་རྒྱན་དུ་མཛེས།།
ཧ་ཅང་ཐལ་བའི་དམར་ཟས་ཡོངས་སྤོངས་ནས།།
ཨ་མྲི་ཏ་ཡི་དཀར་ཟས་ལོངས་སུ་སྤྱོད།།
གངས་ཅན་ཕྱི་ནང་མི་མཐུན་གཡུལ་ལས་རྒྱལ།།
རང་དབང་བདེ་སྐྱིད་འཛམ་གླིང་དཔལ་དུ་ཤོག།
ཅེས་པ་འདི་ཡང་རབ་གནས་ཤིང་ལུག་རྒྱལ་སྤྱིའི་དཀར་ཟས་ཀྱི་ཉིན་མོར་མཛེས་མཛངས་དཔལ་ཡོན་གྱིས་ཕྱུག་པའི་དཔལ་ལྡན་སྒྲོལ་དཀར་གྱིས་ཚོད་རིགས་སྣ་ཚོགས་གནང་བའི་རྟེན་འབྲེལ་དང་། ཕྱི་ལོ་ཉིས་སྟོང་བཅོ་ལྔའི་སྤྱི་ཟླ་བཅུ་གཅིག་པའི་ཚེས་ཉེར་བཞི་སྟེ་རང་ཉིད་མི་ལོ་བཞི་བཅུར་དཀར་ཟས་ཀྱི་བདེ་སྐྱིད་ལ་རོལ་བའི་དུས་བཟང་སྐབས་སུ་རྙིང་བན་ཤྲྰི་སྨྱོན་པས་གང་ཤར་དུ་དབྱིན་ཡུལ་ཀུན་བཟང་ཆོས་གླིང་ནས་ཟིན་ཐོ་རུ་བཀོད་པར་དགེའོ།། །།
དཀར་ཟས་བཅུད་ཆེན་མཆོད་དང་། །
ཁ་རིས་ངོ་མདོག་བཟང་འོངས། །
ག་ས་ག་རུ་འབྱོར་བའི། །
ང་ཚོས་སྔོ་ཚོད་མཆོད་དང་། །
དཀར་ཟས་ལོང་སྤྱོད་འགྲོ་ཀུན་བདེ་།
ཁ་ཟས་ཞིམ་མོ་ཀུན་ལ་ཕུལ་།
གང་ལ་བརྟེན་ན་མི་བསླུ་བ་།
ང་ཡི་སྐྱབས་གནས་དཀོན་མཆོག་གསུམ་།