ཨེ་མ་ཧོ།
དཀར་ཟས་བདུད་རྩིའི་ཐིགས་པར་རོལ་བའི་ཕན་ནུས་ལུས་སེམས་བདེ་སྐྱིད་ཀྱི་ཉི་ཟླ་ཞེས་བྱ་བ།
ན་མོ་གུ་རུ་ཨ་ཝ་ལོ་ཀ་ཤྭ་ར་ཡེ།
བྱམས་བརྩེ་མཆོག་གི་མངའ་བདག་དྲིན་ཅན་མ།།
སྟོང་ཉིད་སྙིང་རྗེའི་རང་གཟུགས་སྤྱན་རས་གཟིགས།།
མ་འདྲིས་མཛའ་བཤེས་དམ་པ་བཅོམ་ལྡན་འདས།།
ཀུན་འདུས་བླ་མ་ཡིད་བཞིན་ནོར་བུ་རྒྱལ།།
དལ་གཅིག་གསོན་དང་སྐལ་ལྡན་ཆོས་མཛད་ཀུན།།
ཀུན་བཟང་རྒྱལ་སྲིད་ཆེན་པོ་ཐོབ་འདོད་ན།།
ན་ཚོད་ཁྱད་མེད་དད་བརྩོན་ཤིན་ཏུ་གཅེས།།
གཅེས་དགུའི་ཚེ་སྲོག་སྙིང་པོ་ལོན་པར་མཛོད།།
གཞན་ཕན་སྙིང་རྗེ་རྟེན་འབྲེལ་བཤད་ན་ཡང་།།
གཞན་གྱི་ཤ་ཁྲག་ཟ་བའི་གཅན་གཟན་བཞིན།།
གདོང་དམར་སྲིན་སྤྲེལ་རྒྱུད་པས་ཐལ་ཆེ་ན།།
འཛམ་གླིང་མི་རིགས་མདུན་ནས་ངོ་ཚའི་གནས།།
རང་སྲོག་གཅེས་ནས་གཞན་ཤ་ཟ་བའི་རིགས།།
བཟང་མདོག་སྟོན་རུང་ནེ་ཚོས་ཆོས་བཤད་ལས།།
སྙིང་རྗེ་དབེན་པའི་གཡོ་ཁྲམ་རྫུ་འཕྲུལ་ཡིན།།
བཟང་ངན་རེག་དུག་མ་ནོར་སྙིང་གྲོགས་ཚོ།།
ནམ་མཁའ་མཉམ་པའི་མ་གྱུར་འགྲོ་རྣམས་དང་།།
རྒྱལ་ཀུན་དགྱེས་པའི་ཐབས་མཆོག་བླ་མེད་པ།།
དཀར་ཟས་སྤྱོད་པ་རྒྱལ་སྲས་དམ་པའི་ལམ།།
ལམ་བཟང་རྒྱུད་ལ་བསྟེན་མཛོད་སྙིང་གི་གྲོགས།།
ཉམ་ཐག་དུད་འགྲོ་བགྲང་ཡུལ་འདས་པའི་ཚོགས།།
ཉེས་མེད་ཚེ་སྲོག་འཕྲོག་པའི་ཚུལ་དགོངས་ནས།།
སྲོག་བླུ་གཅིག་ཆོག་དམར་ཟས་སྤོང་བར་ལེགས།།
བླང་དོར་ཚུལ་བཞིན་མཛད་རོགས་སྙིང་གྲོགས་རྣམས།།
ཀུན་མཁྱེན་བླ་མ་ཚུལ་ཁྲིམས་བློ་གྲོས་ཀྱང་།།
ཉིན་མཚན་མི་དལ་གཞན་སྲོག་སྐྱོབ་པར་བརྩོན།།
མཚན་ལྡན་སྲོག་བླུའི་བླ་མ་ཀུན་མཁྱེན་པའི།།
ཞལ་བཞེས་མ་ནོར་མཛོད་ཅིག་གངས་ཅན་པ།།
ཚན་དོན་སྒྱུ་རྩལ་རིག་པས་དངོས་མཐོང་དང་།།
རྟེན་འབྲེལ་བསླུ་མེད་རྒྱུ་འབྲས་བདེན་པ་དང་།།
འཁོར་འདས་ཆོས་ཀྱི་མཛད་བཟང་དགྱེས་པ་དང་།།
ཞི་བདེ་འདོད་པ་རྣམས་ཀྱིས་སྲོག་བཞིན་གཅེས།།
ཁྱད་པར་ཤ་ཟོས་མི་དགེ་སྣ་ཚོགས་བསྐྱེད།།
ནད་རིགས་གདོན་གཟུགས་གྲིབ་བཞིན་འགྲོག་པ་ཡིན།།
ཨེ་ཙིའི་འགོས་ནད་སྤྲེལ་ཤ་ཟོས་ནས་བྱུང་།།
ཨུ་བྷོ་ལ་ནད་ཕ་ཝང་ཤ་ཟོས་ཁྱབ།།
ཆོས་དང་འཇིག་རྟེན་འགལ་བའི་དམར་ཟས་འདི།།
སྨྲ་ཤེས་དོན་གོ་ཡོངས་ཀྱིས་སྤོང་བར་རིགས།།
ཁྱད་པར་བླ་དཔོན་ཆེ་རིགས་ཐམས་ཅད་དང་།།
ནང་བསྟན་རྗེས་འཇུག་ཀུན་གྱིས་དཀར་ཟས་མཛོད།།
གཞན་རྒྱུད་ཚེ་སྲོག་སྲུང་ཕྱིར་དཀར་ཟས་རོལ།།
རང་རྒྱུད་འཕྲོད་བརྟེན་ཆེད་དུ་དཀར་ཟས་སྤྱོད།།
མདོར་ན་སྤྱོད་ལམ་ཀུན་ཏུ་དྲན་ཤེས་ངང་།།
བསྟན་དང་འགྲོ་ལ་ཕན་བདེའི་ཆེད་དུ་འབད།།
དལ་འབྱོར་སྙིང་པོ་ཐོབ་པའི་ཚེ་འདིར་སྐྱིད།།
དགེ་སྒྲུབ་སྡིག་སྤོང་མཛད་པས་ཕྱི་མར་བདེ།།
འདི་ཕྱིར་དོན་སྙིང་ལྡན་པའི་མི་ཚེ་ལ།།
ཡང་དག་གནས་ལུགས་རྟོགས་པའི་བཀྲ་ཤིས་ཤོག།
ཅེས་པ་རབ་རྒྱན་ཤིང་རྟའི་མགོ་ཟླའི་དབང་ཕྱོགས་དགའ་བ་དང་པོར་རང་གི་སློབ་བུ་དམ་པ་རྨ་སྲས་བསོད་ནམས་དབང་ཆེན་གྱིས་སྐུལ་མ་དང་རང་གི་དཀར་ཟས་སྤྱོད་ནས་མི་ལོ་སོ་གཉིས་འདས་པའི་མྱོར་ཚོར་བཅས་གང་དྲན་དུ་དབྱིན་ཡུལ་ཨེ་ཝྃ་ཛྙྰ་ན་གུ་རུའི་ལྷ་ཁང་ནས་ཨེ་མ་ཧོས་བྲིས་པ་དོན་དང་ལྡན་པར་གྱུར་ཅིག་གུ།། ཤྲྰི་སརྦ་ལོ་ཀ་བི་ཛ་ཡནྟུ།།
ཡག་པོ་བྲིས་འདུག
ཤ་མ་བཟས་ལུས་པོར་བདེ། །
སྲོག་མ་བཅད་སེམས་པར་བདེ། །