སྐྱོ་བྲག་དགའ་དབང་།
མཁས་བཙུན་བཟང་པོའི་ཡང་རྩེར་སོན་ཅིང་ཁོ་བོའི་ཆོས་མཆེད་དམ་པ་མཁན་སྤྲུལ་ཨ་བསྟན་ཕུན་ཚོགས་རིན་པོ་ཆེ་མཆོག་ནས། མཁན་བཤད་འགྱུར་ནས་དྲི་བ་ཞིག་ལ། བདེ་མཆོག་གཞལ་ཡས་ཁང་བསྐྱེད་སྐབས། ཀླུ་ཟ་བ་དང་། ཞེས་པ་དེ་ལ་ཚངས་གསར་བླ་རྒན་གྱིས་བྱ་ཁྱུང་ཀ་རུ་ཎ་ལ་ངོས་འཛིན་མཛད་འདུག་ལ། རྒྱ་འགྲེལ་རྣམས་སུ་དེའི་ཐད་ལ་རྨ་བྱར་ངོས་འཛིན་གནང་བ་མང་འདུག་པས། དེ་གཉིས་གང་ལ་གོ་དགོས། རྨ་བྱ་ཡིན་ན་ཀླུ་ཟ་བའི་རྒྱུ་མཚན་ཇི་ལྟར་ལགས། གོ་སླ་ཉོན་བདེའི་ལན་ཞིག་ཞུས་ཤོག་གསུངས་བྱུང་བས་མཁྱེན་མཁྱེན། ཞེས་པའི་བཀའ་ལན་ལ།
སྤྱིར་རྒྱལ་མཚན་ནི་གཞལ་ཡས་ཁང་གི་རྒྱན་གྱི་བྱེ་བྲག་ཏུ་དགོས་པ། གསང་བ་སྤྱི་རྒྱུད་ལས། རྒྱལ་མཚན་གསར་པ་སྣ་ཚོགས་དང༌། །བརྒྱད་ནི་ཁོ་ར་ཁོར་ཡུག་ཏུ། །ཡུ་བ་དྲང་བོ་རིང་པོ་ལ། །སྤྱངས་ནས་ཉེ་བར་བཟུང་བྱས་ཏེ། །དཀར་པོ་ཤར་གྱི་ཕྱོགས་སུ་གཟུགས། །ཤར་ལྷོ་མཚམས་སུ་ལེ་བརྒན་གཟུགས། །ལྷོ་ཡི་ཕྱོགས་སུ་ནག་པོ་གཟུགས། ལྷོ་ནུབ་མཚམས་སུ་དུད་ཀ་གཟུགས། །ནུབ་ཀྱི་ཕྱོགས་སུ་དམར་པོ་གཟུགས། །ནུབ་བྱང་མཚམས་སུ་ཁྲ་བོ་གཟུགས། །བྱང་གི་ཕྱོགས་སུ་སེར་པོ་གཟུགས། །བྱང་ཤར་མཚམས་སུ་ལྗང་སེར་གཟུགས། །དེ་ལྟར་རྒྱལ་མཚན་བརྒྱད་པོ་རྣམས། །གོ་རིམས་བཞིན་དུ་གཟུགས་པར་བྱ། །རྒྱལ་མཚན་རྣམས་ཀྱི་རྩེ་མོ་ལ། །ཏོག་ནི་རྨ་བྱའི་མདོངས་ཀྱིས་བརྒྱན། །རྒྱལ་མཚན་རྣམས་ནི་མ་རྙེད་ན། །ཐམས་ཅད་ཐལ་ཀར་གཅིག་པུ་འམ། །ཡང་ན་དེ་བས་མང་ཡང་རུང༌། །ཤར་གྱི་ཕྱོགས་སུ་གཟུགས་པར་བྱ། །ཞེས་གསུངས་ཤིང་།
རྒྱལ་མཚན་གྱི་མཚན་མ་ལ། གདན་བཞིའི་སྒྲུབ་ཐབས་ལས། སྒོ་རྣམས་སུ་ནི་བུམ་པ་ལ། །གནས་པའི་རྒྱལ་མཚན་བསྒྲེང་བར་བྱ། ། ཤར་གྱི་སྒོར་ནི་པདྨ་ལ། །སེང་གེ་མཚན་མ་བསྒྲེང་བྱ་སྟེ། །བྱང་སྒོར་པདྨ་རྨ་བྱ་ཡི། །མཚན་མ་དག་ནི་བསྒྲེང་བར་བྱ། །པདྨ་ངང་པས་མཚན་པ་ཡི། །རྒྱལ་མཚན་ནུབ་ཏུ་གཞག་པར་བྱ། །པདྨ་ཆུ་སྲིན་གྱིས་མཚན་པ། །དེ་བཞིན་ལྷོ་ཡི་ཕྱོགས་སུ་གཞག །ཅེས་སེང་གེ་དང་། རྨ་བྱ་དང་། ངང་པ་དང་། ཆུ་སྲིན་ཏེ་བཞིར་བཤད་པ་ལ་བརྟེན་ནས། ཇོ་ནང་ཏཱ་ར་ནཱ་ཐས། རྒྱན་དགོད་པ་ནི་སྤྱི་དང་འདྲ་བ་ལས་ཁྱད་པར་དུ་ཤར་དུ་སེང་གེ །བྱང་དུ་རྨ་བྱ། ནུབ་ཏུ་ངང་པ། ལྷོར་ཆུ་སྲིན་གྱིས་མཚན་པ་གཉིས་གཉིས་ཏེ་རྒྱལ་མཚན་བརྒྱད་དང༌། ཤར་དུ་རྒྱལ་དང་བཀྲ་ཤིས། བྱང་དུ་དངོས་གྲུབ་དང་རྫུ་འཕྲུལ། ནུབ་ཏུ་རྒྱལ་བ་དང་རྣམ་རྒྱལ། ལྷོར་གྲུབ་པ་དང་འཇིགས་པ་སྟེ། བུམ་པ་བརྒྱད་འགོད་པར་བཤད་ཅིང༌། དངོས་སུ་མེད་ན་ཡིད་ཀྱིས་བྱའོ། །ཞེས་གདན་བཞིའི་དཀྱིལ་ཆོག་ཏུ་བཀོད་ཡོད།
དཀྱིལ་ཆོག་རྡོར་ཕྲེང་ལས། ཕྱོགས་རྣམས་སུ་པདྨའི་འདབ་མ་ཕྱེད་པའི་དབྱིབས་ཅན་གྱི་མདའ་ཡབ་རྣམས་ལ་གསེར་གྱི་བུམ་པ་ལ་གནས་པའམ། རིན་པོ་ཆེའི་བུམ་པ་ལ་གནས་པའི་རྒྱལ་མཚན་དང་། བ་དན་བརྒྱད་དེ། ཟླ་ཚེས་དང་རིན་པོ་ཆེ་དང་། རྡོ་རྗེ་དང་ལྡན་པའི་རྩེ་མོ་ཅན་རིན་པོ་ཆེའི་དབྱུག་པ་ལ་བཅིངས་ཞིང་དྲིལ་བུ་འཁྲོལ་བ་བཅིངས་པའི་དར་ལྕེ་གསུམ་པ་རྩེ་མོ་ལ་རི་དྭགས་ཀྱི་རྒྱལ་པོ་དང་། ངང་པའི་རྒྱལ་པོ་དང་། ཀླུ་ཟ་བ་དང་། ཉ་སྤུ་རྒྱས་པ་དང་ཆུ་སྲིན་གྱིས་མཚན་པ། རླུང་གིས་བསྐྱོད་པས་སུམ་ཁུགས་སུ་འཁྱོག་ཅིང་འགྱིང་བའི་ཆ་བྱད་ཅན། དྲིལ་ཆུང་གི་སྒྲ་སྒྲོགས་པས་སིལ་སིལ་ཟེར་བ་རྔ་ཡབ་དང་བཅས་པའོ། །བ་དན་རྣམས་ཀྱང་དེ་བཞིན་ཏེ། རི་དྭགས་ལ་སོགས་པའི་མཚན་མ་གཞན་དང་ནི་བྲལ་བའོ། །གྲྭ་བཞིར་མདའ་ཡབ་ཀྱི་སྟེང་དུ་གདུགས་བཞིའོ། །ཞེས་འབྱུང་བ་ལ་བརྟེན་ནས། རྗེ་ཙོང་ཁ་པ་ཆེན་པོས། རྒྱལ་མཚན་ནི། ཟླ་ཚེས་དང་རིན་པོ་ཆེ་དང་རྡོ་རྗེ་དང་ལྡན་པའི་རྩེ་མོ་ཅན་གྱི་རིན་པོ་ཆེའི་དབྱུག་པ་ལ་བཅིངས་ཤིང༌། དྲིལ་བུ་འཁྲོལ་བ་བཅིངས་པའི་དར་ལྕེ་གསུམ་པ་རྩེ་མོ་ལ་རི་དྭགས་ཀྱི་རྒྱལ་པོ་དང་། ངང་པའི་རྒྱལ་པོ་དང་། ཀླུ་ཟ་བ་དང་། ཉ་སྤུ་རྒྱས་པ་དང་ཆུ་སྲིན་གྱིས་མཚན་པ་རླུང་གིས་བསྐྱོད་པས་སུམ་ཁུགས་སུ་འཁྱོག་ཅིང་འགྱིང་བའི་ཆ་བྱད་ཅན། དྲིལ་ཆུང་གི་སྒྲ་སྒྲོགས་པ་ལས་སིལ་སིལ་ཞེས་ཟེར་བ་རྔ་ཡབ་དང་བཅས་པའོ། །སྲོག་ཆགས་ཀྱི་མཚན་མ་བྱེད་པའི་རྩེ་མོ་ནི་དར་ལྕེའི་རྩེ་མོའོ། །བ་དན་ཡང་སྲོག་ཆགས་ཀྱི་མཚན་མ་མ་གཏོགས་པ་དེ་དང་འདྲའོ། །དེ་རྣམས་ཕྱོགས་རེ་རེར་བཞི་བཞིའོ། །གྲྭ་བཞིར་མདའ་ཡབ་ཀྱི་སྟེང་དུ་གདུགས་བཞི་བྱ་སྟེ་ཚད་ནི་རྟ་བབས་ཀྱི་གདུགས་ལྟར་རོ། །ཞེས་གསང་བ་ཀུན་གྱི་གནད་རྣམ་པར་ཕྱེ་བ་རུ་དྲངས་ཡོད།
ནམ་མཁའ་ལྡིང་ལ་ཡང་། དགོངས་པ་ངེས་འགྲེལ་གྱི་རྒྱ་ཆེར་འགྲེལ་ལས། བྱའི་ནང་ན་གསེར་འདབ་ཅན་ཞེས་བྱ་བ་ཀླུ་འབའ་ཞིག་ཟས་སུ་ཟ་བ་ཡོད་དེ། དེ་ཡང་སྐྱེ་བ་རྣམ་པ་བཞིའི་བྱེ་བྲག་གིས་ཐ་དད་དོ། །ཞེས་པ་ལྟ་བུ་ཀླུ་ཟས་སུ་ཟ་བའི་བཤད་ཡམས་ཤིག་ནི་ཡོད་མོད། དཀྱིལ་ཆོག་རྡོར་ཕྲེང་གི་ཀླུ་ཟ་བ་ནི་རྨ་བྱ་ཡིན་པར་གསལ་ཏེ། སྡོམ་འབྱུང་དཀའ་འགྲེལ་པདྨ་ཅན་ལས། མདའ་ཡབ་རྣམས་ལ་ཕྱོགས་བརྒྱད་དུ་གསེར་ལ་སོགས་པ་གང་ཡང་རུང་བའི་བུམ་པ་ལ་གནས་པའི་རྒྱལ་མཚན་དང་བ་དན་རྣམས་ཏེ། ཟླ་བ་ཚེས་པ་དང་རིན་པོ་ཆེ་དང་རྡོ་རྗེ་དང་ལྡན་པ། རིན་པོ་ཆེའི་དབྱུག་པའི་རྩེ་མོར་བཏགས་པའི་དྲིལ་བུ་ལས་འཕྱང་བའི་ལྕེ་གཅིག་པ་དང་གཉིས་པའི་རྩེ་མོར་རི་དྭགས་ཀྱི་རྒྱལ་པོ་དང་། ངང་པའི་རྒྱལ་པོ་དང་། རྨ་བྱ་དང་། ཉ་དང་ཆུ་སྲིན་གྱིས་མཚན་པ་རྣམས་སོ། །དེ་བཞིན་དུ་བ་དན་ཡང་སྟེ་མཚན་མ་དང་བྲལ་བའོ། །ཟུར་རྣམས་སུ་གདུགས་དག་གོ །ཞེས་མཚན་མ་གཞན་དག་གཅིག་པ་ཡིན་པ་ལ་ཀླུ་ཟ་བའི་ཚབ་ཏུ་རྨ་བྱ་འབྱུང་བས་སོ། །
རྨ་བྱ་ལ་ཀླུ་ཟ་བའི་ཐ་སྙད་ཀྱང་འཇུག་རུང་དུ་ཡོད་དེ། ཇི་སྐད་དུ། སྦྲུལ་ལ་རྨ་བྱ་དགའ་བ་སྐྱེ་བར་འགྱུར། །དུག་ལ་གོམས་པ་རྣམས་ལ་དགའ་ཉིད་རྩི། །རྔ་མོའི་ཁ་ན་ཚེར་མ་ཚ་བཞིན་དུ། །དགའ་བའི་རྒྱུ་ཡི་ཁྱད་པར་སྐྱེད་པར་བྱེད། །ཅེས་གྲགས་ཤིང། ཀླུ་ཟ་བ་ཞེས་པ་རྨ་བྱ་ཡིན་ན། གདན་བཞིའི་སྒྲུབ་ཐབས་ལས། སྟེང་ནས་སེང་གེ་རྨ་བྱ་དང་། །ངང་པའི་རྒྱལ་པོ་ཆུ་སྲིན་ཏེ། །རྒྱལ་མཚན་བརྒྱད་རྣམས་ཀྱིས་ནི་སྤྲས། །ཞེས་པ་ལྟ་བུ་རྒྱལ་མཚན་གྱི་མཚན་མ་རྒྱུད་སྡེ་རྣམས་སུ་གསལ་བ་དག་ནི་གཅིག་གྱུར་དུ་སོང་བ་ཡང་ཡིན་ནོ། །
གཞལ་ཡས་ཁང་གི་རྒྱན་གྱི་བྱེ་བྲག་རྒྱལ་མཚན་གྱི་དབྱིབས་ནི། མར་ལུགས་རྒྱུད་སྡེའི་བསྙེན་ཡིག་ཏུ། རྒྱ་གར་བའི་ལུགས་ཀྱི་རྒྱལ་མཚན་དང་བ་དན། ཞེས་གསལ་བ་བཞིན། རས་ཡུག་དབྱུག་པ་ལ་བཅིངས་ནས་བསླངས་པའི་རྒྱལ་མཚན་ཡིན་གྱི། བོད་ཡུལ་ལ་དར་ཁྱབ་ཆེ་བ་རྒྱ་ལུགས་ཀྱི་རྒྱལ་མཚན་ཉི་གདུགས་ལ་ཤམ་བུ་རིང་པོ་བཏགས་པ་ལྟ་བུ་ཅན་ནི་མིན་ནོ། །