སྤྲོ་ཚིགས་ཆོས་གྲགས།
ཉེ་བའི་དུས་རབས་ཕྱེད་ལྷག་རིང་བོད་ཕྱི་ནང་གི་ཤེས་ལྡན་མི་སྣ་ཚོས་རང་མི་རིགས་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་སྤེལ་ཐད་ཕྱག་ལས་གནང་བའི་ཁྲོད། ཆེས་རྨང་གཞིར་གྱུར་པའི་ལས་དོན་གལ་ཆེན་ཞིག་ནི་ཚིག་མཛོད་རྩོམ་སྒྲིག་དང་དཔར་སྐྲུན་གྱི་བྱ་བ་དེ་རེད། བོད་ལ་ཚིག་མཛོད་རིག་པའི་ཁྱད་ཆོས་འཛོམས་པའི་དེང་རབས་ཀྱི་ཚིག་མཛོད་ཚད་ལྡན་ཞིག་ད་དུང་དཀོན་མོད། བཙན་པོའི་རྒྱལ་རབས་སྐབས་རྩོམ་སྒྲིག་གནང་བའི་བྱེ་བྲག་རྟོགས་བྱེད་ཆེ་འབྲིང་བོད་ཀྱི་ཚིག་མཛོད་ཐོག་མར་བརྩིས་ནའང་། བོད་ལ་ཚིག་མཛོད་བྱུང་ནས་མི་ལོ་ཆིག་སྟོང་ལྷག་ཕྱིན་ཡོད། བོད་ཡིག་གི་དེང་རབས་ཚིག་མཛོད་རྩོམ་སྒྲིག་གི་འཕེལ་རིམ་ནང་དག་ཡིག་གསར་བསྒྲིགས་ནི་ཀུན་གྱིས་མཐོང་ཆེན་བྱེད་ཅིང་། ཚིག་མཛོད་རིག་པའི་ཁྱད་ཆོས་གང་འཚམ་འཛོམས་ཡོད་པའི་སྐད་ཡིག་ཚིག་མཛོད་ཅིག་རེད།
སྤྱིར་དག་ཡིག་གསར་བསྒྲིགས་ནང་དབུ་ཡིག་གི་ཐ་སྙད་འདེམས་སྒྲུག་བྱེད་ཚུལ་ཁམས་གཙང་ཞིང་། སྔོན་ཆད་ཀྱི་དག་ཡིག་ཁག་དང་མི་འདྲ་བར་ཐ་སྙད་རེ་རེའི་འགྲེལ་བཤད་རྒྱག་ཚུལ་ཅུང་ཞིབ་ཚགས་ཡིན་པ། དེ་བཞིན་དབུ་ཡིག་གི་ཐ་སྙད་ཁག་ལ་བརྡ་སྤྲོད་ཀྱི་དབྱེ་བ་བཀར་ཡོད་པ་སོགས་ཁྱད་ཆོས་དུ་མས་ཕྱུག་མོད། འོན་ཀྱང་གཟི་དང་མཆོང་གཉིས་དོན་གཅིག་པ་ལྟ་བུར་བཀྲལ་བ་དང་། སྐྱེས་རབས་ཀྱི་ཚབ་ལ་སྐྱེ་རབས་བྲིས་པ་སོགས་འགྲེལ་ལོག་དང་། དེ་བཞིན་ཡིན་དང་ཡོད་ལྟ་བུའི་སྒྲུབ་ཚིག་རྣམས་བྱ་ཚིག་གི་ཡ་གྱལ་དུ་བཞག་པ་བོད་རང་གི་བརྡ་སྤྲོད་ཆོས་ཉིད་དང་མི་མཐུན་པ་ལྟ་བུ་གང་མང་ཡོད་པར་མ་ཟད། ལྷག་པར་དུ་དག་ཡིག་གསར་བསྒྲིགས་ཐོག་མར་རྩོམ་སྒྲིག་བྱེད་དུས་(ཕྱི་ལོ་༡༩༧༣ ལོར་རྩོམ་སྒྲིག་འགོ་བརྩམས།)རིག་གནས་གསར་བརྗེའི་གསར་བརྗེའི་རླུང་འཚུབ་ཁྲོད་ཁེལ་ཞིང་། ཚིག་མཛོད་དེ་ཡང་གཞུང་ཕྱོགས་ཀྱི་བཀའ་བཀོད་འོག་རྩོམ་སྒྲིག་བྱས་པའི་ཉེར་ལེན་གྱིས་ཆབ་སྲིད་དང་འབྲེལ་བའི་ཐ་སྙད་ཁག་གི་འགྲེལ་བཤད་དང་། དཔེར་བརྗོད་ཀྱི་ནང་དོན་སྐོར་ཅིག་ཚིག་མཛོད་རིག་པའི་ཁྱབ་ཁོངས་ལས་བརྒལ་ཏེ། ཆབ་སྲིད་རང་བཞིན་གྱི་ཕྱོགས་ལྷུང་ཚབས་ཆེན་མངོན་ཡོད། རྩོམ་ཐུང་འདིའི་ནང་ཚིག་མཛོད་དེའི་འགྲེལ་བཤད་དང་དཔེར་བརྗོད་ཀྱི་ནང་དོན་སྐོར་གཅིག་ལ་དབྱེ་ཞིབ་ཀྱིས་ཚེར་མ་འདོན་རྒྱུ་ལགས་ན། ཚུལ་འདིར་བློ་མིག་ཡངས་པ་རྣམས་ཀྱིས་དགོངས་ཚུལ་ལྷུག་སྩོལ་ཡོང་བ་ཞུ།
དང་པོ། ཆོས་ལུགས་རིག་གནས་ལ་འོས་མེད་དགག་རྒྱག་བྱས་ཡོད་པ།
སྤྱིར་དག་ཡིག་གསར་བསྒྲིགས་ནི་སྐད་ཡིག་གི་རྒྱུན་སྤྱོད་ཐ་སྙད་གཙོ་བོར་བསྡུས་པའི་ཚིག་མཛོད་ཅིག་ཡིན་པས། ཆོས་ལུགས་རིག་གནས་ཀྱི་ཐ་སྙད་ཀྱིས་བརྒྱ་ཆ་གཅིག་ཀྱང་ཟིན་མེད་ནའང་། ཆོས་ལུགས་དང་འབྲེལ་བའི་ཐ་སྙད་ཁག་ཅིག་བསྡུས་ཡོད་པར་ལོག་འགྲེལ་བརྒྱབ་པ་ནི་ཅུང་ཚབས་ཆེན་ཡིན་པ་དེ་རེད།
འདིར་དཔེར་མཚོན་རེ་ཟུང་དྲངས་ན། དཔེར་ན་དངོས་གྲུབ་ཅེས་པའི་འགྲེལ་བཤད་ཐད། “རྨོངས་དད་ཀྱི་བཤད་ཚུལ་ཞིག”ཅེས་དང་། ཡང་བསོད་ནམས་ཞེས་པའི་འགྲེལ་བཤད་སྐབས་སུ་”སངས་རྒྱས་ཀྱི་ཆོས་ལུགས་དང་མཐུན་པའི་བྱ་ལས་ཀྱི་མིང་ལ་སངས་རྒྱས་ཆོས་ལུགས་པས་བསོད་ནམས་ཟེར་ཞིང་དེ་བྱས་པ་ལ་བསོད་ནམས་བསགས་ཟེར།”ཞེས་དང་། སྐལ་བ་ཞེས་པའི་འགྲེལ་བཤད་ནང་”རྨོངས་དད་ཀྱིས་སྒྲོ་བཏགས་པའི་’བསོད་ནམས་’ཀྱི་དོན་་་་་ཞེས་དང་། དེ་བཞིན་དུ་དོན་དུ་ཞེས་པ་བསྣན་ཚིག་ལ་འཇུག་པའི་འགྲེལ་བཤད་དང་དཔེར་བརྗོད་དུ། “དོན་ངོ་བོའི་གནས་ཚོད་ཀྱི་དོན་ཏེ། ལྷ་འདྲེ་ཟེར་བ་ནི་རྨོངས་དད་ཀྱིས་སྒྲོ་བཏགས་པ་ཡིན་གྱི་དོན་དུ་གཏན་ནས་མེད་ཅེས་པ་ལྟ་བུ།” ཞེས་འབྱུང།
དེས་ན་ཚིག་མཛོད་འདིའི་ནང་སངས་རྒྱས་ཆོས་ལུགས་འབྲེལ་བའི་ཐ་སྙད་དངོས་གྲུབ་དང་། བསོད་ནམས་ཀྱི་མཚོན་དོན་ནི་’རྨོངས་དད་’ཀྱི་ཁོངས་སུ་བསྡུས་ཡོད་པ་དང་། དེ་བཞིན་དུ་ཆེད་མངགས་ལྷ་མེད་སྨྲ་བའི་ལྟ་བ་ཁྱབ་བསྒྲགས་བྱས་ཡོད། འགྲེལ་བཤད་འདི་དག་གིས་བོད་ཀྱི་ཆོས་ལུགས་རིག་གནས་ལ་འོས་མེད་དགག་རྒྱག་གི་བསམ་བློ་མཚོན་ཡོད་དེ། སངས་རྒྱས་ཆོས་ལུགས་བརྡ་དོན་ལྟར་ན། དངོས་གྲུབ་ཅེས་པ་ནི་བླ་མའི་མན་ངག་སོགས་བསྒྲུབས་ནས་གྲུབ་པའི་དགོས་འདོད་ཀྱི་འབྲས་བུ་ལ་གོ་ཞིང་། དེ་ལ་མཆོག་གི་དངོས་གྲུབ་དང་ཐུན་མོང་གི་དངོས་གྲུབ་གཉིས་ཡོད་པ་དང་། མཆོག་གི་དངོས་གྲུབ་ཅེས་པ་ནི་འཇིག་རྟེན་ལས་འདས་པའི་རིག་འཛིན་གྱི་གོ་འཕང་ངམ། སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་དོན་ཡིན། དེ་བཞིན་དུ་བསོད་ནམས་ཞེས་པ་ནི་དགེ་བའམ་ལེགས་སྤྱད་ཀྱི་དོན་ལ་འཇུག་ཚུལ་སྒྲ་སྦྱོར་བམ་གཉིས་སོགས་སུ་གསུངས་ཡོད་ལ། ༡ སངས་རྒྱས་ཆོས་ལུགས་ཀྱི་གཞུང་ནས་བཤད་པའི་ཕར་ཕྱིན་དྲུག་གི་ཡ་གྱལ་སྦྱིན་པའི་ཕར་ཕྱིན་དང་། ཚུལ་ཁྲིམས་ཀྱི་ཕར་ཕྱིན་དང༌། བཟོད་པའི་ཕར་ཕྱིན་བཅས་གསུམ་ནི་གཟུགས་སྐུ་འགྲུབ་བྱེད་ཀྱི་བསོད་ནམས་ཀྱི་ཚོགས་ཡིན་པ་ཡོངས་གྲགས་རེད།
དེས་ན་སངས་རྒྱས་ཆོས་ལུགས་ཀྱི་མཐར་ཐུག་གི་འཐོབ་བྱ་སངས་རྒྱས་ཀྱི་གོ་འཕང་དང་། དེ་འཐོབ་བྱེད་ཀྱི་རྒྱུའི་ཡ་གྱལ་བསོད་ནམས་གཉིས་རྨོངས་དད་རེད་ཅེས་བརྗོད་པ་དེ་དམར་པོའི་རིང་ལུགས་ཀྱི་ལྟ་ཚུལ་གྱིས་ཆོས་ལུགས་རིག་གནས་ལ་ལོག་འགྲེལ་བྱས་པ་ཙམ་ལས། དོན་དམ་དུ་དེ་ལྟར་ཡིན་པའི་ངེས་པ་མེད་ལ། ལྷག་པར་དུ་ཚིག་མཛོད་ནང་ཐ་སྙད་ལ་འགྲེལ་བཤད་རྒྱག་སྐབས་དངོས་པོའི་གནས་ལུགས་ཇི་མ་ཇི་བཞིན་མཚོན་ཐུབ་པ་དང་། རིག་ཚན་སོ་སོའི་བརྡ་ཆད་ལ་དེའི་རིགས་པའི་གཞུང་ལུགས་ཀྱི་འགྲེལ་བཤད་གསལ་པོར་འགོད་པ་མ་གཏོགས། རིང་ལུགས་ངེས་ཅན་ཞིག་ཚད་གཞིར་བཟུང་སྟེ། དེ་དང་མི་མཐུན་པའི་རིག་གནས་ཁག་ནི་རྨོངས་དད་ཡིན་ཚུལ་སོགས་དགག་གཞག་བྱེད་རྒྱུ་དེ་ཚིག་མཛོད་རིག་པའི་རྩ་དོན་དང་མཐུན་པ་མ་ཡིན་ནོ། དེའི་ཚུལ་འབྲེལ་ཡོད་ཚིག་མཛོད་གྲགས་ཅན་གཞན་གྱི་འགྲེལ་བཤད་རྒྱག་ཚུལ་དང་བསྡུར་ན་རྟོགས་ཐུབ་སྟེ། རྒྱལ་སྤྱིའི་ཐོག་ཚད་མར་འཛིན་པའི་ཨོཀ་སི་ཧྥོར་ཌི་ཚིག་མཛོད་སོགས་སུ་དབྱིན་ཡིག་གི་དཀོན་མཆོག་(God)ཅེས་པའི་ཐ་སྙད་ཀྱི་སྒྲ་དོན་བཤད་སྐབས། ཡེ་ཤུ་ཆོས་ལུགས་པ་དང་། ཁ་ཆེ། རྗུའུ་བཅས་ཀྱིས་སྐྱབས་སུ་འགྲོ་བ་དང་འཇིག་རྟེན་བཀོད་པ་པོ་ཡིན་པར་ཡིད་ཆེས་བྱེད་པའི་ལྷ་ཞིག་ཅེས་བཀྲལ་པ་མ་གཏོགས། རྨོངས་དད་ཀྱིས་སྒྲོ་བཏགས་པའི་ཡེ་ཤུ་ཆོས་ལུགས་ཀྱི་ལྷ་ཞིག་ཅེས་བཀྲལ་མེད་པ་བཞིན་ནོ།
དག་ཡིག་གསར་བསྒྲིགས་ནང་ཆོས་ལུགས་རིག་གནས་ལ་འོས་མེད་དགག་རྒྱག་བྱས་པ་དེ་རྩོམ་སྒྲིག་པ་སྒེར་གྱི་ལྟ་བ་ཡིན་མིན་གང་ལྟར་ཡང་། རྒྱ་དམར་གཞུང་གི་ལངས་ཕྱོགས་དྲིལ་བསྒྲགས་བྱས་པ་རེད། རྒྱ་དམར་གཞུང་གི་ཆོས་ལུགས་སྲིད་ཇུས་ཀྱི་རིགས་པའི་གཞུང་ལུས་ཀྱི་རྟེན་ཁུངས་ནི། ཀོལ་མར་ཁེ་སིའི་ཆོས་ལུགས་སྐོར་གྱི་ལྟ་ཚུལ་ཁག་ཡིན་ཞིང་། མར་ཁེ་སིས་དགག་པ་རྒྱག་ཡུལ་གྱི་ཆོས་ལུགས་དེ་ཡེ་ཤུ་སོགས་ནུབ་ཕྱོགས་ཀྱི་དད་པའི་ཆོས་ལུགས་ཁག་ལས། ཤར་ཕྱོགས་ཀྱི་ཆོས་ལུགས་སྤྱི་དང་། ལྷག་པར་དུ་རིགས་པའི་ཆོས་ལུགས་སུ་གྲགས་པའི་སངས་རྒྱས་ཆོས་ལུགས་མིན་ཚུལ་མཁས་པ་རྒྱུས་ཅན་ཚོས་གསུངས་མུས་ཡིན། ཆོས་ལུགས་ལ་འོས་མེད་སྐྱོན་བརྗོད་དང་འགོག་སྡོམ་བྱེད་པ་ནི། ཆོས་ལུགས་ཀྱི་སྟོབས་ཤུགས་ཉམས་དམས་སུ་བཏང་སྟེ་རྒྱ་དམར་གྱི་སྒེར་སྤྱོད་དབང་བསྒྱུར་སྲུང་སྐྱོབ་བྱེད་རྒྱུ་དེ་ཡིན། དེས་ན་དག་ཡིག་གསར་བསྒྲིགས་བེད་སྤྱོད་གཏོང་མཁན་རང་རིགས་གཞོན་སྐྱེས་སློབ་གཉེར་པ་རྣམས་ཀྱིས་གནད་དོན་དེར་ངོས་ཟིན་བརྟན་པོ་ཐོབ་རྒྱུ་ཧ་ཅང་གལ་ཆེའོ།
གཉིས་པ། བོད་ཀྱི་བདག་དབང་གི་གནད་དོན་འཁྱོག་བརྗོད་བྱས་ཡོད་པ།
རྒྱ་དམར་གཞུང་གིས་བོད་ཀྱི་ལོ་རྒྱུས་ཀྱི་བདེན་པ་ནག་གསུབ་གཏོང་ཆེད་བོད་རྒྱའི་ལོ་རྒྱུས་འབྲེལ་བར་འཁྱོག་བརྗོད་བྱས་པའི་དཔེ་ཆ་དང་རྩོམ་ཡིག་མང་པོ་བཏོན་དང་འདོན་བཞིན་པ་ལྟར། དག་ཡིག་གསར་བསྒྲིགས་ཀྱི་འགྲེལ་བཤད་དང་དཔེར་བརྗོད་ཀྱི་ནང་དོན་ལའང་མི་བདེན་རྫུན་སྒྲིག་གི་དྲིལ་བསྒྲགས་དེས་ཁྱབ་ཡོད།
འདིར་དཔེར་མཚོན་ཁ་ཤས་འགོད་ན། ཀེ་ལ་ཤ་ཞེས་པའི་འགྲེལ་བཤད་ལ། “རང་རྒྱལ་བོད་ལྗོངས་ཀྱི་གངས་ཏེ་སིའི་མིང་ལའང་འཇུག་པར་བཤད།”ཅེས་དང་། སྡེ་པ་ཞེས་པའི་འགྲེལ་པར་ “སྔོན་ཆད་བོད་ས་གནས་སྲིད་གཞུང་གི་དཔོན་རིགས་ཀྱི་གོ་ས་སྡེ་སྲིད་འཁུར་མཁན་གྱི་དཔོན་རིགས་ཀྱི་མིང་།་” ཞེས་དང་། ཀློ་པ་ཞེས་པའི་འགྲེལ་བཤད་ལ། “བོད་ལྗོངས་ལྷོ་ཁར་ཡོད་པའི་མི་རིགས་ཤིག་ལ་སྔོན་ཆད་ ‘ཀློ་པ’ཞེས་སྨད་པ་རེད་ཅེས་བཤད་པས་ད་ལྟ་ ‘ལྷོ་པ་’ཟེར། ” ཞེས་འབྱུང་ལ། དེ་བཞིན་དུ་རྔ་བ་ཞེས་པའི་འགྲེལ་བཤད་ལ། “ས་ཁྲོན་ཞིང་ཆེན་གྱི་བོད་རིགས་རང་སྐྱོང་ཁུལ་ཞིག་གི་མིང་།”ཞེས་དང་། འཁྲེང་ཞེས་པའི་དཔེར་བརྗོད་ནང་དུ། “ང་མེས་རྒྱལ་ལ་ཞེ་འཁྲེང་།”ཞེེས་བཀོད་ཡོད་པས་མཚོན་ནོ།
འོ་ན་ཐ་སྙད་དེ་དག་གི་འགྲེལ་བཤད་དང་དཔེར་བརྗོད་ཀྱིས་བོད་ཀྱི་བདག་དབང་ལ་འཁྱོག་བརྗོད་ཅི་ལྟར་བྱས་ཡོད་ཅེ་ན། སྐབས་འདིའི་མེས་རྒྱལ་དང་རང་རྒྱལ་ཞེས་པ་ནི་དེང་སང་རྒྱ་དམར་གཞུང་གི་བཤད་སྟངས་ལྟར་ན་ཀྲུང་གོ་ཟེར་བར་གོ་དགོས་ཤིང་། ཀྲུང་གོ་ཞེས་པའི་ཐ་སྙད་ནི་རྒྱ་ནག་དང་བོད་སོགས་མི་རིགས་ང་དྲུག་གི་ཐུན་མོང་གི་མེས་རྒྱལ་གྱི་མིང་ཡིན་ཚུལ་བརྗོད་དེ། ཐ་སྙད་ཀྱི་གོ་དོན་དཀྲུགས་པའི་ཐབས་ཤེས་སྤྱད་ནས་མི་རྣམས་མགོ་རྨོངས་སུ་འཇུག་པ་དང་། ཆབ་སྲིད་ཀྱི་དམིགས་ཡུལ་སྒྲུབ་ཐབས་བྱེད་བཞིན་ཡོད། བོད་རང་གི་དེ་སྔའི་ཡིག་ཚང་ནང་ཀྲུང་གོ་ཞེས་པ་རང་གི་མེས་པོའི་རྒྱལ་ཁབ་ཡིན་པའི་ཚིག་གཅིག་རྙེད་དུ་མེད་ལ། དེ་བཞིན་དུ་བོད་ཀྱི་མེས་པོའི་རྒྱལ་ཁབ་ནི་ལྷ་བཙན་པོ་མེས་དབོན་རྣམ་གསུམ་སོགས་ཀྱིས་བཙུགས་པའི་བོད་བཙན་པོའི་རྒྱལ་རབས་དང་། ཕྱིས་བྱུང་གི་རྒྱལ་རབས་ཁག་ཡིན་པ་ལས། བོད་ཀྱི་མེས་རྒྱལ་ཀྲུང་གོའམ་རྒྱ་ནག་རེད་ཅེས་བོད་ཀྱི་ལོ་རྒྱུས་སྨྲ་བ་སུ་གཅིག་གིས་ཀྱང་བརྗོད་མྱོང་མེད།
དེས་ན་འདི་ནི་དོན་དངོས་ལ་བསྙོན་པའི་ཆབ་སྲིད་ཀྱི་གཡོ་ཇུས་ཤིག་སྟེ། ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཀྱང་མེས་རྒྱལ་ཞེས་པའི་ཚིག་འདི་སྐྱག་རྫུན་ཡིན་ཚུལ་ཁོང་གི་རང་རྣམ་ནང་གསུངས་ཡོད། ༢ དེ་དང་འདྲ་བར་བོད་ཀྱི་སྲིད་གཞུང་རིམ་བྱུང་ལ་ ‘བོད་ས་གནས་སྲིད་གཞུང་’ཞེས་བཙན་སྦྱོར་བྱས་ཏེ་ཁྱབ་བསྒྲབས་བྱེད་ཀྱིན་པའང་ཆབ་སྲིད་ངན་གཡོ་འདྲེས་པའི་ཆེེད་བཟོས་ཚིག་ཅིག་ཡིན། དེ་བཞིན་དུ་བོད་ཡུལ་དབུས་ཀྱི་ལྷོ་ཕྱོགས་སུ་གནས་པའི་ཀློ་པའི་མི་རྣམས་ལོ་རྒྱུས་དང་མི་རིགས་ཀྱི་ཁྱད་རྟགས་གང་ཐད་ནས་གངས་ལྗོངས་བོད་མི་རིགས་ལས་ལོགས་སུ་མེད་ཀྱང་། མི་རིགས་གཞན་ཞིག་ཡིན་ཚུལ་ལོག་བཤད་བརྒྱབ་ཡོད། དེ་བཞིན་རྔ་བ་ནི་བོད་མདོ་སྨད་ཀྱི་ཆ་ཤས་འཁྲུལ་མེད་ཅིག་ཡིན་ཡང་རྒྱ་ནག་གི་སི་ཁྲོན་ཞིང་ཆེན་གྱི་ཁོངས་སུ་བཅད་དེ་འགྲེལ་བཤད་བརྒྱབ་ཡོད་པ་རེད། དེ་དག་ནི་བོད་མི་རིགས་དུམ་བུར་གཏོང་ཆེད་ནང་ཁུལ་དུ་མི་རིགས་ཆུང་ཆུང་མང་པོ་བཀར་པ་དང་། བོད་ས་བསྙོན་མེད་ཡིན་ཡང་རྒྱ་ནག་གི་ཞིང་ཆེན་ཁོངས་སུ་བསྡུས་ཏེ་ཁ་བྲལ་གཏོང་འདོད་བྱེད་པ་དེ་ཡིན། དཔེ་མཚོན་དེ་དག་ཐོག་ནས་རྒྱ་དམར་གཞུང་གིས་བོད་ཀྱི་བདག་དབང་གི་གནད་དོན་ལ་འཁྱོག་བརྗོད་ཚད་ལས་འདས་པ་བྱེད་པ་དང་། དག་ཡིག་གསར་བསྒྲིགས་ནང་གནས་ཚུལ་དེ་དྲིལ་བསྒྲགས་བྱས་ཡོད་པ་གསལ་པོ་ཤེས་ཐུབ། དེས་ན་ཚིག་མཛོད་འདི་ཉིད་བེད་སྤྱོད་གཏོང་མཁན་ཚོས་གནད་དོན་འདིའི་ཆབ་སྲིད་རང་བཞིན་ཤེས་རྟོགས་དགོས་པ་ཧ་ཅང་གལ་ཆེ་བར་སེམས།
གསུམ་པ། རྒྱ་དམར་གྱི་སྒེར་སྤྱོད་སྲིད་དབང་ལ་བསྟོད་བསྔགས་བྱས་ཡོད་པ།
རྒྱ་དམར་གྱིས་བོད་ལ་དྲག་པོའི་བཙན་འཛུལ་དང་། གདུག་རྩུབ་ཆེ་བའི་སྲིད་བྱུས་དང་བྱ་ཐབས་སྤྱད་དེ་དབང་བསྒྱུར་བྱས་པར། བོད་མི་ཚོས་འདས་པའི་མི་ལོ་ལྔ་བཅུ་ལྷག་རིང་སྙིང་སྟོབས་ཆེན་པོས་ངོ་རྒོལ་རིམ་པར་བྱས་ཡོད་ལ། ལྷག་པར་དུ་ས་བྱིའི་ཞི་རྒོལ་ཆེན་མོ་དང་། ཕྱི་ལོ་ཉིས་སྟོང་དགུ་ནས་ད་བར་བོད་མི་བརྒྱ་ལྷག་གིས་རང་ལུས་མེར་བསྲེགས་ཀྱིས་ངོ་རྒོལ་བྱས་པ་དེས། རྒྱ་དམར་གྱིས་བོད་དུ་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་དང་བྱ་ཐབས་ཁག་གི་གདུག་རྩུབ་རང་བཞིན་གསལ་པོར་བསྟན་ཡོད། དག་ཡིག་གསར་བསྒྲགས་ཀྱི་ཐ་སྙད་མང་པོའི་འགྲེལ་བཤད་དང་དཔེར་བརྗོད་ཀྱིས་རྒྱ་དམར་གཞུང་གི་སྒེར་སྤྱོད་སྲིད་དབང་ལ་བསྟོད་བསྔགས་བྱས་ཡོད་པ་སྟེ།
དཔེར་ན། གླེང་ཞེས་པའི་བྱ་ཚིག་འགྲེལ་སྐབས། “སྤྱི་ཚོགས་རྙིང་པའི་སྡུག་བསྔལ་དུས་རྒྱུན་དུ་གླེང་དགོས།”་ཞེས་དང་། མགོན་མེད་སྐྱབས་མེད་ཅེས་པའི་དཔེར་བརྗོད་ལ། “སྤྱི་ཚོགས་རྙིང་བར་མུ་གེ་བྱུང་ཚེ་དབུལ་བོ་རྣམས་མགོན་མེད་སྐྱབས་མེད་དུ་ལུས།” ཞེས་དང་། ང་བ་ཞེས་པའི་དཔེར་བརྗོད་ལ། “སྤྱི་ཚོགས་རྙིང་བའི་སྡུག་བསྔལ་ཡ་ང་བ།” ཞེས་དང་། འགལ་ཞེས་པའི་དཔེར་བརྗོད་ལ། “མར་ལེ་རིང་ལུགས་དང་འགལ་བའི་བཤད་ཚུལ་ལ་དགག་པ་རྒྱག་དགོས།” ཞེས་དང་། ཅི་ལ་ཞེས་པའི་དཔེར་བརྗོད་དུ། “ལོངས་སྤྱོད་འཛོམས་ཀྱང་ཆུད་ཟོས་ཅི་ལ་བྱེད།། ཏང་དང་དམངས་ཀྱི་དྲིན་ལས་བྱུང་བ་ཡིན། ། དཀའ་ཁག་མང་ཡང་དཔའ་ངར་ཅི་ལ་ཞུམ། ། མཐར་ཐུག་དམིགས་ཡུལ་གུང་ཁྲན་རིང་ལུགས་ཡིན། །”ཞེས་དང། གཅོག་ཅེས་པའི་དཔེར་བརྗོད་ལ། “མི་དམངས་སྲིད་གཞུང་གི་བཀའ་གཅོག་མི་རུང་།” ཞེས་དང་། ཆག་སྒོ་ཞེས་པའི་དཔེར་བརྗོད་ལ། “བཅིང་འགྲོལ་དམག་གིས་ང་ཚོ་ཆག་སྒོ་ལས་བསྐྱབས།”ཞེས་དང་། དམ་བཅའ་ཞེས་པའི་དཔེར་བརྗོད་ལ། “གུང་ཁྲན་རིང་ལུགས་ཀྱི་དོན་དུ་ཚེ་གང་ལ་འབད་བརྩོན་བྱེད་པར་དམ་བཅའ་བཞག”ཅེས་བཀོད་ཡོད་པ་ལྟ་བུ་མགོ་མཇུག་བར་གསུམ་དུ་ཧ་ཅང་མང་ངོ།
གོང་གསལ་དཔེར་བརྗོད་དེ་དག་ཐོག་ནས་དག་གསར་གྱི་དཔེར་བརྗོད་ཀྱི་ནང་དོན་མང་པོས་རྒྱ་དམར་གཞུང་གི་དྲིལ་བསྒྲགས་ཀྱི་ལག་ཆ་བྱས་ཡོད་པ་མཐོང་ཐུབ། དེ་ཡང་དམར་པོའི་རིགས་པའི་གཞུང་ལུགས་ཁོ་ནར་དད་མོས་དང་། དེ་དང་མི་མཐུན་པའི་ལྟ་བར་དགག་པ་རྒྱག་དགོས་པར་སྐུལ་སློང་བྱས་ཏེ་བསམ་བློ་སྒེར་གཅོད་ལ་ཤུགས་སྣོན་དང་། བོད་ཀྱི་སྤྱི་ཚོགས་རྙིང་བ་སྡུག་བསྔལ་ཆེ་ཚུལ་དང་། བཅིང་འགྲོལ་དམག་གིས་ཆག་སྒོ་ལས་བསྐྱབས་ཚུལ་བརྗོད་ནས་དོན་དངོས་མི་ཤེས་པའི་མི་རྣམས་མགོ་རྨོངས་སུ་འཇུག་ཐབས། རྒྱ་དམར་གཞུང་གི་བཀའ་དྲིན་གྱིས་བདེ་སྐྱིད་དང་འབྱོར་བ་འཕེལ་བ་དང་། རྒྱ་དམར་གཞུང་གི་བཀའ་གཅོག་མི་རུང་ཞེས་སྒེར་གཅོད་སྲིད་གཞུང་ལ་འོས་མེད་བསྟོད་པ་དང་རྒྱབ་སྐྱོར་མཚོན་པར་བྱས་ཡོད། བོད་ཀྱི་སྤྱི་ཚོགས་རྙིང་པར་སྡུག་བསྔལ་ཆེ་ཚུལ་དང་མུ་གེ་བྱུང་ཚེ་དབུལ་བོ་རྣམས་ལ་མགོན་སྐྱབས་བྱེད་མཁན་མེད་ཚུལ་ཟེར་བ་གཅིག་པུར་ཆ་བཞག་ན། རྒྱ་དམར་གྱིས་བོད་ལ་བཙན་འཛུལ་བྱས་རྗེས་བོད་ཀྱི་དེ་སྔའི་སྤྱི་ཚོགས་རྙིང་བ་མུན་ནག་ཡིན་ཚུལ་དང་། རྒྱ་དམར་གྱི་འགོ་ཁྲིད་འོག་གི་བོད་ལ་བདེ་སྐྱིད་ལྡན་ཚུལ་དྲིལ་བསྒྲགས་ཟམ་མ་ཆད་པར་བྱས་པ་རེད། འོན་ཀྱང་རང་དབང་གི་ཞིབ་འཇུག་པ་ཚོས་བརྗོད་བཞིན་པ་ལྟར་བོད་ཀྱི་སྤྱི་ཚོགས་རྙིང་པ་དེ་རྒྱ་ནག་གི་སྤྱི་ཚོགས་རྙིང་བ་ལས་ལྡབ་མང་པོས་རང་དབང་བདེ་སྐྱིད་ལྡན་ཞིང་། པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་ཀྱང་། བོད་ཀྱི་སྤྱི ཚོགས་རྙིང་བའི་ནང་མི་རྣམས་ལ་བཟའ་འབྲུ་འབེར་བོ་ཡོད་པ་དང་། སངས་རྒྱས་ཆོས་ལུགས་ཀྱི་ལྟ་སྤྱོད་དར་བས་སྦྱིན་གཏོང་གི་ལུགས་སྲོལ་ཆེན་པོ་ཡོད་ཅིང་། ལྟོགས་ཤི་ཐེབས་པའི་གནས་ཚུལ་བྱུང་མྱོང་མེད་ཚུལ་གསུངས་ཡོད་ ༣ པས་དོན་དངོས་གང་ཡིན་གསལ་རྟོགས་ཐུབ་པ་ཡིན། དེས་ན་རང་རིགས་གཞོན་སྐྱེས་ཚོས་དག་ཡིག་གསར་བསྒྲིགས་བེད་སྤྱོད་གཏོང་སྐབས་དོན་དངོས་དང་མི་མཐུན་པའི་གླེང་ཕྱོགས་འདི་རིགས་ལ་གཟབ་པར་གཅེས་སོ།
བཞི་པ། བོད་ཡིག་གི་ཐུན་མིན་ཁྱད་ཆོས་རྡོག་རོལ་བཏང་ཡོད་པ།
ད་ལྟའི་བོད་ཡིག་འདི་གསར་གཏོད་དང་། སུམ་རྟགས་སོགས་བོད་ཀྱི་ལུང་སྟོན་པའི་གཞུང་ལུགས་ཁག་བྱུང་བ་ནས་བཟུང་། ཚད་ཐུབ་ཀྱི་མཁས་པ་མང་པོ་གདན་འཛོམས་ཏེ་ཡི་གེ་དང་བརྡ་སྤྲོད་ཀྱི་རྣམ་གཞག་གང་མང་ལ་སྐད་གསར་བཅད་ཀྱི་ལེགས་བཅོས་བྱས་ཡོད་ནའང་། དེ་དག་ནི་བོད་ཀྱི་སྐད་ཡིག་གི་ངེས་སྲོལ་གཞིར་བཟུང་ནས་བྱས་པ་ཤ་སྟག་ཡིན། བོད་ཀྱི་སྐད་བརྡའི་ཐུན་མོང་མ་ཡིན་པའི་ཆོས་ཉིད་དང་མི་མཐུན་པའི་བསྒྱུར་བཅོས་རིགས་ནི་སྐད་ཡིག་གི་ལག་ལེན་ཁྲོད་རྐང་ཚུགས་ཐུབ་ཀྱི་མེད། དཔེར་ན་དེ་སྔ་བརྡ་སྤྲོད་མཁས་ཅན་ཚོགས་ཤུལ་བླ་མ་ནོར་བུ་བསྟན་འཛིན་ལགས་ཀྱིས་ཡང་འཇུག་ས་དྲག་བསྡུ་བའི་གྲོས་འགོ་བཏོན་ཡང་། བསྒྱུར་བཅོས་གསར་པ་དེ་བོད་ཀྱི་སྐད་བརྡའི་ཆོས་ཉིད་དང་མི་མཐུན་སྟབས་ཁྱབ་བརྡལ་དུ་འགྲོ་མ་ཐུབ་ཅིང་། ཕྱིས་སུ་མཁས་པ་གཞན་གྱིས་ལུང་རིགས་ཚད་མས་ཚར་བཅད་པ་ལྟ་བུ་རེད། འོན་ཀྱང་རིག་གནས་གསར་བརྗེའི་སྐབས་རྒྱ་དམར་གཞུང་གི་ཐད་ཀའི་བཀོད་རྒྱའི་འོག བོད་ཀྱི་སྐད་ཡིག་དང་བརྡ་སྤྲོད་ཀྱི་རྣམ་གཞག་གང་མང་ལ་འོལ་ཚོད་ཀྱིས་བཟོ་བཅོས་བརྒྱབ་པར་མ་ཟད། སྲིད་འཛིན་གྱི་བྱེད་ཐབས་སྤྱད་དེ་ཁྱབ་སྤེལ་བཏང་ནས་བོད་ཡིག་གི་གཏན་ཆགས་ངེས་སྲོལ་ལ་གཏོར་བཅོམ་ཚད་མེད་བཏང་བ་རེད། ༤ སྐབས་དེ་ཤེད་མཁས་དབང་དམུ་དགེ་བསམ་གཏན་སོགས་ཀྱིས་དགག་རྩོམ་སྤེལ་ཏེ་ཚར་བཅད་པས་གཏན་འབེབས་དེ་ཕྱིར་བསྡུ་བྱས་ཟིན་ཡང་། དག་ཡིག་གསར་བསྒྲིགས་ནང་དུག་རྒྱུན་དེའི་ལྷག་རོ་ཁ་ཤས་ད་དུང་གནས་ཡོད།
འདིར་དཔེར་མཚོན་ཞིག་གི་སྒོ་ནས་བཤད་ན། རིག་གསར་སྐབས་སུ་བོད་ཡིག་གི་ཚིག་ཕྲད་དང་བྱ་ཚིག་སོགས་འདོར་ལེན་གང་འདོད་བྱས་པར་མ་ཟད། བོད་རང་གི་སྔར་སྲོལ་བརྡ་རྟགས་ཚེག་ཤད་སོགས་དོར་ནས་ཐམས་ཅད་རྒྱ་ཡིག་ལྟ་བུར་བཅོས་ཏེ། བོད་ཡིག་གི་ཁྱད་ཆོས་ལ་མི་འཚམ་པའི་གསར་དར་བརྡ་མཚོན་རྟགས་ཤད་གང་མང་བོད་ཡིག་ནང་བཀོལ་ཡོད། དཔེར་ན། དག་ཡིག་གསར་བསྒྲིགས་ཀྱི་ཅི་ཞེས་པའི་ཚབ་ཚིག་གི་འགྲེལ་བཤད་དང་དཔེར་བརྗོད་སྐབས་སུ། “དྲི་བའི་དོན་ལ་འཇུག་པ་ནི: ཁོས་ཅི་བཅད-ཁོས་ཅི་ཞིག་བཤད ? སྨན་འདིའི་མིང་ལ་ཅི་ཟེར ? | ཁྱོད་ཀྱིས་བྱ་བ་ཅི་བྱས | ཅི་ཞིག་བྱས་ལྟ་བུ .” ཞེས་དང་། ཅི་ཙམ་ཞེས་པའི་འགྲེལ་བཤད་དང་དཔེར་བརྗོད་སྐབས། “གྲངས་དང་ཚད་སོགས་འདྲི་བའི་ཚིག་སྟེ: སློབ་གྲྭ་འདིར་སློབ་གྲྭ་པ་ཅི་ཙམ་ཡོད།?” ཅེས་བྲིས་ཡོད་པ་ལྟ་བུ་དང་། ཡང་དཔེར་ན་ཅོ་ལེ་བ་ཞེས་པའི་རྒྱན་ཚིག་གི་གོ་དོན་དང་དཔེར་བརྗོད་སྐབས་སུ། “དཔངས་དམའ་ཞིང་ལྟོ་བ་ཆེ་བའི་དབྱིབས་ཏེ: གཏེར་ཁ་འཚོལ་དུ་སོང་ནས, བྲག་རི་ནག་པོ་ཅོ་ལེ་བ་མང་པོ་ཡོད་པའི་ས་ཞིག་ལ་བསླེབས་ལྟ་བུ .” ཞེས་འབྱུང་བ་ལྟ་བུས་མཚོན་ནོ།
སྤྱིར་དབྱིན་ཇི་དང་རྒྱ་ཡིག་སོགས་སུ་ཡོད་པའི་བརྡ་མཚོན་རྟགས་ཤད་ (Punctuation) དག་གིས་ཚིག་དང་བརྗོད་པའི་གཅོད་མཚམས་གསལ་འབྱེད་དང་། ཚིག་གི་ཉམས་འགྱུར་འདྲ་མིན་སྟོན་པ་དང་། བརྗོད་དོན་བདེ་བླག་ཏུ་རྟོགས་པར་གཞོགས་འདེགས་བྱེད་པ་ལྟར། བོད་ཡིག་ལའང་སྔར་ནས་རྒྱུན་སྲོལ་དུ་དར་བའི་ཤད་དང་། ཚེག དབུ་ཁྱུད་སོགས་བརྡ་མཚོན་རྟགས་ཤད་གང་མང་བོད་ཡིག་གི་རྣམ་གཞག་ནང་ཡོད་ལ། དེ་དག་གིས་བོད་ཀྱི་ཡིག་སྐད་ལ་རམ་འདེགས་ཀྱི་ནུས་པ་ཆེན་པོ་ཐོན་བཞིན་ཡོད། བོད་ཡིག་ནང་དེང་དུས་ཕྱི་ལུགས་ཀྱི་བརྡ་མཚོན་རྟགས་ཤད་དཔེར་ན་འདྲེན་རྟགས་དང་དེབ་རྟགས་སོགས་བེད་སྤྱོད་གཏོང་འོས་མིན་ཐད་ལྟ་ཚུལ་མ་འདྲ་བ་ཡོད་ནའང་། གལ་སྲིད་བརྡ་མཚོན་རྟགས་ཤད་དེ་དག་བོད་ཡིག་གི་ཁྱད་ཆོས་དང་མཐུན་ཞིང་། བོད་ཡིག་ཚད་ལྡན་དུ་འགྱུར་བར་ཕན་ཐོགས་ན་ལེགས་ཆ་ནང་འདྲེན་བྱས་ཀྱང་འགལ་ཆ་ཅི་ཞིག་ཡོད། འོན་ཀྱང་སྙིགས་དོར་བཅུད་ལེན་མེད་པར་ཕྱི་ལུགས་ཀྱི་བརྡ་མཚོན་རྟགས་ཤད་ཚང་མ་ཤ་གཟུག་ཟ་རྐྱང་གིས་བཀོལ་ན་བོད་ཡིག་གི་ཐུན་མིན་ཁྱད་ཆོས་ཉམས་རྒུད་གཏོང་བ་དང་། ཞྭ་དཔེ་ལྷམ་འགེབས་ལྟར་འབྱོར་དཀའ་ཞིང་མིག་ལའང་མཛེས་པ་མ་ཡིན་ནོ།
གོང་དུ་དྲངས་པའི་དཔེ་མཚོན་ཁག་ནང་། བོད་ཡིག་ལ་ཚིག་དང་བརྗོད་པའི་མཚམས་སུ་ཤད་རྒྱག་སྲོལ་ཡོད་པ་དོར་ནས་ཕྱི་ལུགས་ཀྱི་རྫོགས་རྟགས་(Full stop)ཚབ་ལ་བྲིས་པ་དང་། ལྷག་པར་དུ་བོད་ཡིག་ལ་སྒྲ་གཟུགས་གཉིས་ལྡན་གྱི་དྲི་བ་སྟོན་བྱེད་ཀྱི་ཕྲད་ཅི་ཇི་སུ་གང་སོགས་ཡོད་བཞིན་དུ་ར་མགོ་ལུག་སྦྱར་བྱས་ཏེ་ཕྱི་ལུགས་ཀྱི་དྲི་རྟགས་(The question mark)ཚིག་མཐར་བཀོལ་ཡོད། དེ་དག་ནི་གད་མོ་འཆོར་བའི་གནས་ཙམ་མ་ཟད། བོད་ཡིག་གི་ཐུན་མིན་ཁྱད་ཆོས་ལ་ཁྱད་གསོད་ཚད་མེད་བྱས་པ་ཞིག་རེད། དེས་ན་དག་ཡིག་གསར་བསྒྲིགས་བེད་སྤྱོད་གནང་མཁན་རང་རིགས་གཞོན་སྐྱེས་སློབ་གཉེར་པ་རྣམས་ཀྱིས་ཚུལ་འདི་ཡིད་ལ་ངེས་པར་གཅེས་སོ།
མཇུག་གི་གཏམ།
དེ་ཡང་རྩོམ་རིག་མཁས་ཅན་སྐུ་ཞབས་དོན་གྲུབ་རྒྱལ་གྱིས་གདེང་འཇོག་ཆེན་པོ་གནང་མྱོང་བའི་དག་ཡིག་གསར་བསྒྲིགས་ལ་དགེ་མཚན་གྱི་ཁྱད་ཆོས་དུ་མ་ཡོད་པ་སྨོས་ཅི་དགོས། ཁོ་བོས་ཀྱང་རྩོམ་འདིའི་འགོ་བརྗོད་ནང་དུ་རོབ་ཙམ་བརྗོད་ཡོད། འོན་ཀྱང་ཚིག་མཛོད་དེའི་ནང་གི་ཐ་སྙད་ཁག་ཅིག་གི་འགྲེལ་བཤད་དང་། དཔེར་བརྗོད་ཀྱི་ནང་དོན་མང་པོ་ཞིག་ཚིག་མཛོད་རིག་པའི་རྩ་དོན་དང་མི་མཐུན་པར་ཆབ་སྲིད་ཀྱི་དམིགས་ཡུལ་བཅངས་ནས་སྦྱར་ཡོད་པས། རང་རིགས་གཞོན་སྐྱེས་སློབ་གཉེར་པ་རྣམས་ལ་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་སྲིད་སྙམ་སྟེ་རྩོམ་ཡིག་འདི་མཛུབ་མོ་རི་སྟོན་གྱི་ཚུལ་དུ་བྲིས་པ་ཡིན། དེ་ལ་བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་གྱི་སྙན་ངག་གི་དཔེར་བརྗོད་སྒྲ་དབྱངས་རྒྱ་མཚོའི་འཇུག་ངོགས་ཅེས་པའི་ནང་དུ་འདོད་པའི་གཏམ་དང་སྦྱར་བའི་ནང་དོན་འགའ་ཟུང་མཆིས་པ་ཙམ་ལའང་། ཚེ་ཏན་ཞབས་དྲུང་རྗེ་འཇིགས་མེད་རིགས་པའི་བློ་གྲོས་མཆོག་གིས་སྐད་ཡིག་གི་མཛེས་པ་དང་མི་མཐུན་པ་དང་། སློབ་མ་ཚོའི་སེམས་རྒྱུད་ལ་ངན་ཤན་འཇོག་ཚུལ་བརྗོད་དེ་དགག་གཞག་དང་ཚིག་མཚོན་མང་དུ་བཏབ་ཡོད་པར་བསམ་ན། ཚིག་མཛོད་ཟེར་བ་ནི་སྐད་ཡིག་དང་རིག་གནས་ལ་སློབ་སྦྱོང་དང་། ཞིབ་འཇུག དེ་བཞིན་ཡིག་སྒྱུར་བྱེད་མཁན་ཚོའི་ལག་ཆ་ལྟ་བུ་ཡིན་པས། དེ་བས་ཀྱང་ཤན་ཤུགས་ངན་པ་ཐེབས་རྒྱུ་ཡིན་པ་གདོན་མི་ཟ། རྒྱུ་མཚན་དེའི་ཕྱིར་ཁོ་བོས་སྤྱི་བརྟོལ་བསྐྱེད་དེ་རྩོམ་ཡིག་འདི་བྲིས་པ་མ་གཏོགས། མཛད་རྗེས་ཅན་གྱི་མཁས་པ་རྒན་རབས་ཚོར་དོན་མེད་ཟུར་ཟ་བའམ། ཡང་ན་གཞན་གྱི་ལེགས་བཤད་ལ་ཕ་ར་དོག་པ་ལྟ་བུ་གཏན་ནས་མ་ཡིན་ནོ། ཀུན་ལ་ཕན་གྱུར་ཅིག དགེའོ།
ཕྱི་ལོ་ ༢༠༡༤། ༢། ༢༡ རྒྱལ་སྤྱིའི་སྐད་ཡིག་ཉིན་མོར་བྲིས།
ལུང་ཁུངས་དང་ཟུར་མཆན།
༡. མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་པའི་<<སྒྲ་སྦྱོར་བམ་པོ་གཉིས་པ>>ཡི་ཤོག་ངོས་ ༡༦༧ ཐིག་ཕྲེང་ ༡༢ ་པར་ལ་གསལ།
༢. ༸གོང་ས་མཆོག་གི་རང་རྣམས་<<བཙན་བྱོལ་ཁྲོད་ཀྱི་རང་དབང་། >>(Freedom in Exile)ཞེས་པའིཤོག་ངོས་ ༦༩ ཐོག་གསལ།
༣. ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེས་མཛད་པ། <<ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ། >> བོད་གཞུང་བདེ་སྲུང་བོད་གནས་ཉམས་ཞིབ་ཁང་གིས་བཏོན། ཤོག་ངོས་ ༤༢ ཐོག་གསལ།
༤. ཕྱི་ལོ་༡༩༦༩ ལོའི་ཟླ་བདུན་པར་མའོ་ཙེ་ཏུང་གིས། “ཡི་གེ་དེ་ངེས་པར་དུ་ཆ་རྐྱེན་ངེས་ཅན་ཞིག་གི་འོག་ཏུ་བཅོས་བསྒྱུར་དང་། སྐད་དེ་ངེས་པར་དུ་མངས་ཚོགས་དང་ཉེ་བ་བྱེད་དགོས།”ཞེས་པའི་མཛུབ་སྟོན་འོག པེ་ཅིང་དུ་ཡོད་པའི་མི་རིགས་དཔེ་སྐྲུན་ཁང་གི་རྒྱ་རིགས་ལས་བྱེད་ཁག་ཅིག་དང་། བོད་སྐད་ཡིག་གི་རྣམ་གཞག་ཚད་ལྡན་མི་ཤེས་པའི་བོད་མི་ཁག་གཅིག་ཚོགས་འདུ་ཞིག་བསྡུས་ཐོག <<མའོ་ཀྲུའུ་ཞིའི་གསུང་རྩོམ་བོད་ཡིག་པར་སྐྲུན་དང་ཡིག་སྒྱུར་བྱ་བའི་མའོ་ཙེ་ཏུང་གི་དགོངས་པ་སློབ་སྦྱོང་འཛིན་གྲྭའི་གྲོས་བསྡུར་ཟིན་བྲིས་གནད་བསྡུས།>>ཟེར་བའི་ཡིག་ཆ་ཞིག་གཏན་འབེབས་བྱས་ཏེ། བོད་ཡིག་གི་རྣམ་དབྱེ་ཚིག་ཕྲད་དང་བྱ་ཚིག་སོགས་ཀྱི་སྐོར་ལ་བཟོ་བཅོས་བརྒྱབ་པ་དང་། གཏན་འབེབས་གསར་པ་དེ་གཞིར་བཟུང་ནས་མའོ་ཡི་གསུང་རྩོམ་དང་ཆུ་ངོགས་གཏམ་རྒྱུད་སོགས་བོད་བསྒྱུར་བྱས། དེ་ལ་མཁས་དབང་དམུ་དགེ་བསམ་གཏན་དང་། དཔའ་རིས་བློ་གྲོས་སོགས་ཀྱི་དགག་རྒྱག་ཚ་ནན་བྱས་པས་རྗེས་སུ་གཏན་འབེབས་དེ་ཕྱིར་བསྡུ་བྱས་ཡོད། གཏན་འབེབས་དེའི་ནང་དོན་གཙོ་བོ་ཁག་གོང་གསལ་མཁས་དབང་དག་གི་གསུང་རྩོམ་ནང་གསལ།
དག་ཡིག་གསར་སྒྲིག་རྩོམ་སྐབས་ལྷ་འདྲེ་གདོན་བགེགས་ཞེས་དགག་རྒྱག་གི་ཚ་རླབས་འབར་བའི་སྐབས་ཡིན། སྐབས་དེར་བྲིས་པའི་དུང་དཀར་ཚང་གི་སུམ་རྟགས། ཨ་ལགས་དམུ་དགེ་ཚང་གི་སུམ་རྟགས། རྡོ་སྤིས་ཤེས་རབ། དེ་བཞིན་ཚེ་ཏན་ཞབས་དྲུང་སོགས་ཀྱི་གསུང་རྩོམ་ན་ཡང་གུང་ཁྲན་ལ་བསྟོད་པའི་ཚིག་རེ་འགའ་ཡོད། རྩ་བས་ཁོང་རྣམ་པས་ཞེ་འདོད་གུང་ཁྲན་དགའ་བ་མ་ཡིན་གྱི། ཐབས་དེ་འདྲ་ཞིག་སྤྱད་ནས་སྐབས་དེར་བརླག་བཞིན་པའི་རང་གི་རིག་སྐད་དེ་སྐྱོབ་ཐབས་བྱས་ཡོད། དག་ཡིག་གསར་སྒྲིག་གིས་ད་བར་བོད་མདོ་དབུས་ཁམས་གསུམ་གྱི་བོད་རིགས་ཇི་སྙེད་ཅིག་ལ་ཕན་ཐོགས་ཡོད་པ་གནམ་སྔོན་པོས་མ་གཏོགས་སུས་མཐོང་། ཐ་ན་དཔྱད་བརྗོད་པ་ཁྱེད་རང་ལ་མཚོན་ནའང་དག་ཡིག་གསར་བསྒྲིགས་འདིས་ཞབས་ཞུ་མི་དམན་པ་གནང་མེད་དམ། དགོས་པ་དང་དགག་བྱ་གང་ཆེ་ལ་ལྟ་དགོས་པ་ལས་སྐྱོན་ཞིག་མཐོང་བ་ཙམ་གྱི་སྦྲང་མ་ཤ་རུལ་ལ་འཁོར་བ་བཞིན་བྱེད་པ་འདི་གཏན་མ་ལེགས། དག་ཡིག་གསར་བསྒྲིགས་འདིའི་ལོ་རྒྱུས་རྒྱབ་ལྗོངས་མ་ཤེས་པར་ཅིག་བྱེད་ཁུལ་བྱེད་པ་འདིའི་རིགས་ལ་ཤིན་ཏུ་སུན།
དག་ཡིག་གསར་སྒྲིག་རྩོམ་སྐབས་ལྷ་འདྲེ་གདོན་བགེགས་ཞེས་དགག་རྒྱག་གི་ཚ་རླབས་འབར་བའི་སྐབས་ཡིན། སྐབས་དེར་བྲིས་པའི་དུང་དཀར་ཚང་གི་སུམ་རྟགས། ཨ་ལགས་དམུ་དགེ་ཚང་གི་སུམ་རྟགས། རྡོ་སྤིས་ཤེས་རབ། དེ་བཞིན་ཚེ་ཏན་ཞབས་དྲུང་སོགས་ཀྱི་གསུང་རྩོམ་ན་ཡང་གུང་ཁྲན་ལ་བསྟོད་པའི་ཚིག་རེ་འགའ་ཡོད། རྩ་བས་ཁོང་རྣམ་པས་ཞེ་འདོད་གུང་ཁྲན་དགའ་བ་མ་ཡིན་གྱི། ཐབས་དེ་འདྲ་ཞིག་སྤྱད་ནས་སྐབས་དེར་བརླག་བཞིན་པའི་རང་གི་སྐད་ཡིག་དེ་སྐྱོབ་ཐབས་བྱས་ཡོད། དག་ཡིག་གསར་སྒྲིག་གིས་ད་བར་བོད་མདོ་དབུས་ཁམས་གསུམ་གྱི་བོད་རིགས་ཇི་སྙེད་ཅིག་ལ་ཕན་ཐོགས་ཡོད་པ་གནམ་སྔོན་པོས་མ་གཏོགས་སུས་མཐོང་། ཐ་ན་དཔྱད་བརྗོད་པ་ཁྱེད་རང་ལ་མཚོན་ནའང་དག་ཡིག་གསར་བསྒྲིགས་འདིས་ཞབས་ཞུ་མི་དམན་པ་གནང་མེད་དམ། དགོས་པ་དང་དགག་བྱ་གང་ཆེ་ལ་ལྟ་དགོས་པ་ལས་སྐྱོན་ཞིག་མཐོང་བ་ཙམ་གྱི་སྦྲང་མ་ཤ་རུལ་ལ་འཁོར་བ་བཞིན་བྱེད་པ་འདི་གཏན་མ་ལེགས། དག་ཡིག་གསར་བསྒྲིགས་འདིའི་ལོ་རྒྱུས་རྒྱབ་ལྗོངས་མ་ཤེས་པར་ཅིག་བྱེད་ཁུལ་བྱེད་པ་འདིའི་རིགས་ལ་ཤིན་ཏུ་སུན།
ཡག་པོ་བྲིས་འདུག
ཞིབ་འཇུག་དང་། བདེན་གཏམ། གནས་ལུགས་རང་བཞིན་ལྡན་པའི་དཔྱད་རྩོམ་འདིའི་རིགས་ལ་ནམ་ཡང་དགའ་མོས་དང་དག་སྣང་ཡོད།
རེད་མི་སུ་ཡིན་ནའང་རང་ཕྱོགས་ཀྱི་ལྟ་བ་ལ་བསྟོད་པ་དང་གཞན་ཕྱོགས་ཀྱི་ལྟ་བར་དགག་རྒྱག་བྱེད་པ་ནི་དངོས་ཡོད་རེད།
བོད་རྒྱ་ཚིག་མཛོད་ཅེས་པའི་ནང་དུའང་རང་ཉིད་ཀྱི་ཆོས་ལུགས་ཀྱི་ལྟ་བར་བསྟོད་ཅིང་རྒྱས་བཤད་ཅི་ནུས་དང་་་གཞན་གྱི་ཆོས་ལུགས་དང་དེ་ཡི་ཆོ་ག་ཕྱག་ལན་ལས་སོགས་ལ་མི་འོས་པའི་ཚིག་མཚོན་དང་འགྲེལ་བཤད་ལོག་འབྲེལ་བྱས་པ་ཤིན་ཏུ་མང། བོད་ཀྱི་རྒྱལ་རབས་དང་ཆོས་འབྱུང་རྣམ་ཐར་སོགས་ཀྱང་དེ་དང་དེ་བཞིན་ལས་ལེགས་གསོལ་ཞུ་འོས་མ་མཐོང།
ཨ་མདོའི་ཡོངས་གྲགས་ཀྱི་མཁས་དབང་དང་དགེ་རྒན་ཆེན་མོ་དེ་ཚོས་རྙིང་མ་དང་བཀའ་བརྒྱུད་ལ་དགྲ་ལྟར་བཟུང་བའི་ལེ་ལེན་གྱིས་སློབ་གྲྭར་འགྲིམས་དུས་ང་ལ་དགེ་ལུགས་ཀྱི་གཞུང་ཅུང་ཙམ་མ་གཏོགས་རྙིང་མའི་ཆོས་སྐོར་སོགས་ཀྱི་བསླབ་བྱ་ཁྱོན་ནས་རེག་མེད། ད་ལྟ་ཨ་ལགས་དོར་བྱི་ཞེས་བ་དེས་ཡང་དགེ་ལུགས་པའི་ཆོས་ནི་ཆོས་ཐམས་ཅད་ཀྱི་ནང་གི་མཆོག་ཡིན་ན་ཅིག་ལབ་གིན་འདུག དོལ་རྒྱལ་གྱི་ལྟ་བའི་གཞི་འཛིན་སའམ་འབེབ་ས་ཕྱག་རྒྱ་འདི་རིགས་རེད། རིག་གནས་གསར་བརྗེའི་སྐབས་དགེ་ལུགས་པའི་དགེ་བཤེས་སྐྱ་སར་བབས་ནས་དགེ་ལུགས་ཀྱི་ཆོས་བཤད། སྒྲུབ་ལ་བརྩོན་པའི་གྲུབ་མཐའ་གཞན་དག་བག་ལ་ཉལ་ནས་ཟད་དོ།
བོད་ཡིག་ཚིག་མཛོད་འགའ་ཤས་རྒོད་བྲོ་པོ་འདི་འདྲས་འདུག
ལྟ། བལྟ་བའི་ད་ལྟ་བ།
བལྟ། ལྟ་བའི་མ་འོངས་པ།
བལྟས། ལྟ་བའི་འདས་པ།
ལྟོས། ལྟ་བའི་སྐུལ་ཚིག
དོན་རྡོག་རྡོག་ལྟ་བའི་འགྲེལ་བཤད་མིན་འདུག
ཅོག་མྱིས་འདིར་ཆོས་ལུགས་དང་ཆོལ་ཁའི་དམག་ཞིག་སློང་གི་འདུག འདི་ཚིག་མཛོད་དང་འབྲེལ་བ་མིན་འདུག དམིགས་ཡུལ་མི་ཤེས།
ཡོད་དང་ཡིན་ལྟ་བུ་ལ། དག་ཡིག་གསར་བསྒྲིགས་ཀྱིས་ལས་ཚིག་རྗེས་མཐུན་པ་ཞེས་བཏགས་ཡོད། དེ་ནི་དག་ཡིག་གསར་བསྒྲིགས་ཀྱི་མཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཏུ་མངོན། དེ་མིན་དེ་རིགས་ལ་སྔོན་གྱི་མཁས་པ་ཚོས་དམིགས་བསལ་མིང་བཏགས་འདྲ་མེད། ང་ཚོས་ཕྱི་གླིང་བར་ཤོད་སྐབས་ཀྱང་འདི་རིགས་ལ་ལས་ཚིག་རྗེས་མཐུན་པ་ཞེས་བརྗོད་དུས། ཁོང་ཚོས་ང་ཚོའི་སྐད་ཡིག་འདི་ཆེས་ཞིབ་ཚགས་ཤིང་གཏིང་ཟབ་པ་ཞིག་ལ་ངོས་འཛིན་བྱས་དང་བྱེད་བཞིན་ཡོད། ང་ནོར་མེད་ན་གངས་རི་དཀར་ལྟ་བུར་མཚོན་ན། གངས་རི་ལྟ་བུ་མིང་དང་དཀར་ལྟ་བུ་རྒྱན་ཚིག་གི་ཐ་སྙད་འབྱེད་མཁན་དེ་ཡང་དག་ཡིག་གསར་བསྒྲིགས་ཐོག་མ་ཡིན་པར་འདོད། བོད་རྒྱ་ཚིག་མཛོད་ཀྱི་ཁུངས་གཏུགས་ས་དེ་ཡང་སྐབས་དེར་དག་ཡིག་དེ་ཡིན་པའི་བཀའ་མོལ་ཞིག་སྔོན་ཆད་གོ་མྱོང་།
ཨ་རོགས། སྤྲོ་ཚིགས། ཁྱེད་རང་གི་དཔྱད་བརྗོད་འདི་དག་ཡིག་གསར་བསྒྲིགས་མཛད་པ་པོ་བཞུགས་ཡོད་ཚེ། ཐོན་མིའི་སྐྱོ་མགུར་དེ་ལྟ་བུ་ཞིག་ངག་ནས་འཛེར་ངེས།
རྩོམ་ཡིག་ཡག་པོ་བྲིས་འདུག དགག་རྩོམ་འདི་ལ་དག་ཡིག་གསར་སྒྲིག་རྩོམ་མཁན་བསམ་གཏན་ཡང་དགའ་རྒྱུ་རེད། སྐབས་དེ་དུས་དག་ཡིག་གསར་སྒྲིག་བསམ་གཏན་ཁོ་རང་གིས་རྩོམ་ན་ཡང་། ཁོང་གི་མགོ་ན་རྒྱ་རྒན་ཞིག་གིས་སྟངས་འཛིན་བྱས་ཡོད་པ་རེད། དག་ཡིག་གསར་སྒྲིག་གི་འགྲེལ་ལོག་འདི་དག་གིས་སྐབས་དེ་དུས་ཀྱི་ཆབ་སྲིད་ལོག་ལམ་ག་དུས་ཡིན་ན་ཡང་མི་རབས་རྗེས་མ་དག་ལ་སྟོན་ཐུབ་ཀྱི་རེད། ལྷག་པར་ཏུ་ཆོས་ལུགས་སྐོར་གྱི་འགྲེལ་ལོག་དེ་དག་གིས་ཇི་སྲིད་དག་ཡིག་གསར་སྒྲིག་ནམ་གནས་བར་དུ་སྐབས་དེ་དུས་ཀྱི་ཆབ་སྲིད་ཀྱི་ལོག་ལམ་དེ་མི་རབས་རྗེས་མ་ཚོར་མཚོན་ཐུབ་ཀྱི་རེད། དེ་དག་བཅོས་དགོས་པ་ཡོད་པ་མ་རེད། འོན་ཀྱང་རྡ་རམ་ས་ལ་ནས་དག་ཡིག་གསར་སྒྲིག་ནང་གི་གོང་དུ་བཀོད་པའི་མིང་ཚིག་དེ་དག་འགྲེལ་བཤད་ལོག་པ་བརྒྱབ་ནས་༼དག་གསར༽འདི་རྐུ་བཤུས་བྱས་རྗེས། དག་ཡིག་གསར་སྒྲིག་རྩོམ་པ་པོའི་མིང་ཙམ་ཡང་མ་བཀོད་པ་ནི། རྐུ་མ་ངོ་མ་ཡིན་ན་ཡང་གོང་གསལ་རྩོམ་ཡིག་འབྲི་མཁན་གྱིས་འདིའི་སྐོར་རྩ་ནས་མ་བྲིས་པ་དྲང་མོར་མ་རེད། བཙན་བྱོལ་ནང་ན་རྩོམ་ཡིག་ཐེབ་ཆགས་ཞིག་བྲིས་ན་ཡང་། རྩོམ་པ་པོའི་ཆོག་མཆན་མེད་པར་བརྒྱུད་འགོད་བྱེད་མི་ཆོག་ཟེར་བ་དང་། འདིའི་པར་སྐྲུན་ཁང་གི་ཆོག་མཆན་མེད་པར་བརྒྱུད་འགོད་བྱེད་མི་ཆོག་ལྟ་བུ་ཤིན་ཏུ་མང་ན་ཡང་། དག་ཡིག་གསར་སྒྲིག་རྐུ་བཤུས་ཀྱི་དག་གསར་འདིས་དག་ཡིག་གསར་སྒྲིག་གི་རྩོམ་པ་པོ་དང་སྐབས་དེ་དུས་རྩོམ་པ་པོའི་དཀའ་ངལ་ན་ག་བསུབ་བཏང་བ་འདི་དེ་ལས་ཀྱང་ཡ་མཚན་པ་ཞིག་ལོས་ཡིན།
ཨ་རོགས་གཞོན་ནུ་ཟླ་མེད། ཤེས་རིག་ཐོབ་ཐང་དང་དཔར་དབང་༼intellectual property right & copy right༽སྐོར་ལ་རྨོངས་བའི་སྐད་ཆ་མ་བཤད། ཚིག་མཛོད་དང་རྩོམ་པ་པོ་འདས་ནས་ལོ་ལྔ་བཅུ་འགོར་བའི་བརྩམས་ཆོས་ཇི་རིགས་ལ་ཐུན་མོང་གིས་བེད་སྤྱོད་དང་ཞུ་དག་གི་དབང་ཆ་ཡོད། དེ་མིན་བརྩམས་ཆོས་གང་དང་གང་ཡིན་རུང་པར་དབང་གི་ཁོངས་སུ་འདུས་བས་བརྒྱུད་འགོད་མི་ཆོག་པའི་ཉེན་བརྡ་གཏོང་ཆོག་ཆོག་རེད། ཚིག་མཛོད་ཀྱི་པར་གཞི་དང་བཟོ་དབྱིབས་ལ་པར་དབང་ཙམ་ཡོད་པ་མ་གཏོགས་གྲུབ་ཆ་གཞན་དག་ཐུན་མོང་གི་ནོར་རྫས་སུ་གྱུར་ཚར་བས་པར་དབང་གི་ཁྱབ་ཁོངས་མ་རེད། དེ་ནི་པར་དབང་གྱི་རྨིང་གཞིའི་ཤེས་བྱ་རེད། ཁོམ་དུས་སོང་ལ་ལྟོས་དང་།
་་་་་ དེས་ན་ཚིག་མཛོད་འདིའི་ནང་སངས་རྒྱས་ཆོས་ལུགས་འབྲེལ་བའི་ཐ་སྙད་དངོས་གྲུབ་དང་། བསོད་ནམས་ཀྱི་མཚོན་དོན་ནི་’རྨོངས་དད་’ཀྱི་ཁོངས་སུ་བསྡུས་ཡོད་པ་དང་། དེ་བཞིན་དུ་ཆེད་མངགས་ལྷ་མེད་སྨྲ་བའི་ལྟ་བ་ཁྱབ་བསྒྲགས་བྱས་ཡོད། ་་་་་་
་་་་་ རྒྱལ་སྤྱིའི་ཐོག་ཚད་མར་འཛིན་པའི་ཨོཀ་སི་ཧྥོར་ཌི་ཚིག་མཛོད་སོགས་སུ་དབྱིན་ཡིག་གི་དཀོན་མཆོག་(God)ཅེས་པའི་ཐ་སྙད་ཀྱི་སྒྲ་དོན་བཤད་སྐབས། ཡེ་ཤུ་ཆོས་ལུགས་པ་དང་། ཁ་ཆེ། རྗུའུ་བཅས་ཀྱིས་སྐྱབས་སུ་འགྲོ་བ་དང་འཇིག་རྟེན་བཀོད་པ་པོ་ཡིན་པར་ཡིད་ཆེས་བྱེད་པའི་ལྷ་ཞིག་ཅེས་བཀྲལ་པ་མ་གཏོགས། རྨོངས་དད་ཀྱིས་སྒྲོ་བཏགས་པའི་ཡེ་ཤུ་ཆོས་ལུགས་ཀྱི་ལྷ་ཞིག་ཅེས་བཀྲལ་མེད་པ་བཞིན་ནོ། ་་་་་
་་་་་་ རྒྱ་དམར་གྱི་འགོ་ཁྲིད་འོག་གི་བོད་ལ་བདེ་སྐྱིད་ལྡན་ཚུལ་དྲིལ་བསྒྲགས་ཟམ་མ་ཆད་པར་བྱས་པ་རེད། འོན་ཀྱང་རང་དབང་གི་ཞིབ་འཇུག་པ་ཚོས་བརྗོད་བཞིན་པ་ལྟར་བོད་ཀྱི་སྤྱི་ཚོགས་རྙིང་པ་དེ་རྒྱ་ནག་གི་སྤྱི་ཚོགས་རྙིང་བ་ལས་ལྡབ་མང་པོས་རང་དབང་བདེ་སྐྱིད་ལྡན་ཞིང་། པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་ཀྱང་། བོད་ཀྱི་སྤྱི ཚོགས་རྙིང་བའི་ནང་མི་རྣམས་ལ་བཟའ་འབྲུ་འབེར་བོ་ཡོད་པ་དང་། སངས་རྒྱས་ཆོས་ལུགས་ཀྱི་ལྟ་སྤྱོད་དར་བས་སྦྱིན་གཏོང་གི་ལུགས་སྲོལ་ཆེན་པོ་ཡོད་ཅིང་། ལྟོགས་ཤི་ཐེབས་པའི་གནས་ཚུལ་བྱུང་མྱོང་མེད་ཚུལ་གསུངས་ཡོད་་་་་་་
་་་་་ བོད་སྐད་ཡིག་གི་རྣམ་གཞག་ཚད་ལྡན་མི་ཤེས་པའི་བོད་མི་ཁག་གཅིག་ཚོགས་འདུ་ཞིག་བསྡུས་ཐོག <>ཟེར་བའི་ཡིག་ཆ་ཞིག་གཏན་འབེབས་བྱས་ཏེ། བོད་ཡིག་གི་རྣམ་དབྱེ་ཚིག་ཕྲད་དང་བྱ་ཚིག་སོགས་ཀྱི་སྐོར་ལ་བཟོ་བཅོས་བརྒྱབ་པ་དང་། གཏན་འབེབས་གསར་པ་དེ་གཞིར་བཟུང་ནས་མའོ་ཡི་གསུང་རྩོམ་དང་ཆུ་ངོགས་གཏམ་རྒྱུད་སོགས་བོད་བསྒྱུར་བྱས།
དེ་ལ་མཁས་དབང་དམུ་དགེ་བསམ་གཏན་དང་། དཔའ་རིས་བློ་གྲོས་སོགས་ཀྱི་དགག་རྒྱག་ཚ་ནན་བྱས་པས་རྗེས་སུ་གཏན་འབེབས་དེ་ཕྱིར་བསྡུ་བྱས་ཡོད། གཏན་འབེབས་དེའི་ནང་དོན་གཙོ་བོ་ཁག་གོང་གསལ་མཁས་དབང་དག་གི་གསུང་རྩོམ་ནང་གསལ། ་་་་་་་
ལ་དོན་བདུན་པོའི་ཚབ་ལ། ལ་དོན་ལ་གཅིག་གིས་འཐུས་པར་བཟོས་ན་ངས་ནི། དགག་པ་མི་བྱ་བར་དགའ་བསུ་ཞུ་ངེས་ལགས། ཧཧཧ།
དགག་རྩོམ་འདི་ལ་དག་ཡིག་གསར་སྒྲིག་རྩོམ་མཁན་བསམ་གཏན་ཡང་དགའ་རྒྱུ་རེད། སྐབས་དེ་དུས་དག་ཡིག་གསར་སྒྲིག་བསམ་གཏན་ཁོ་རང་གིས་རྩོམ་ན་ཡང་། ཁོང་གི་མགོ་ན་རྒྱ་རྒན་ཞིག་གིས་སྟངས་འཛིན་བྱས་ཡོད་པ་རེད། དག་ཡིག་གསར་སྒྲིག་གི་འགྲེལ་ལོག་འདི་དག་གིས་སྐབས་དེ་དུས་ཀྱི་ཆབ་སྲིད་ལོག་ལམ་ག་དུས་ཡིན་ན་ཡང་མི་རབས་རྗེས་མ་དག་ལ་སྟོན་ཐུབ་ཀྱི་རེད།
སྤྲོ་ཚིགས་ཆོས་གྲགས།
ཁོང་མདོ་སྨད་སྤྱི་འཐུས་འོས་མི་ལ་ལངས་ཀྱང་འོས་མ་ཐོབ་ཙང་
ཁོང་ཁྲོ་རྟ་ལ་ལངས་ཀྱང་རྡོག་ཐོ་གཡག་པ་ཞུས་སོང་ང་།
དག་ཡིག་གསར་བསྒྲིགས་ཀྱི་རྩོམ་སྒྲིག་རྐང་འགན་འཁུར་འགན་ཡོངས་གྲགས་ཨ་ཁུ་བསམ་གཏན་ལགས་དམ་པ་དེ་ལ་བཀའ་དྲིན་རྗེས་དྲན་ཞིག་ཞུ་འདོད་བྱུང་། དེ་དང་མཉམ་དུ་དག་ཡིག་འདིར་ཕྱག་ལས་གནང་བའི་རྩོམ་སྒྲིག་པ་ཡོངས་ལའང་རྗེས་དྲན་ཞུ་འདོད་བྱུང་།
དེ་ནས་རྩོམ་ཡིག་འདི་རྩོམ་མཁན་གྱིས་ཐ་སྙད་ཁ་ཤས་ལ་འགྲེལ་བཤད་ལོག་པར་སོང་བ་དང་། སྐབས་དེའི་ཀྲུང་གོའི་ཆབ་སྲིད་ཀྱི་ཁ་དབུགས་དང་རྗེས་མཐུན་དུ་བྲིས་པར་དགག་པ་དགག་རུང་ཡང་། རྩོམ་སྒྲིག་པར་དགག་པ་དོན་དག་ཡོད་མེད་ཧ་གོ་མ་སོང་། འདི་ལྟར་དགག་དགོས་བྱུང་ཚེ། དུང་དཀར་ཚང་གི་སྐབས་དེར་བརྩམས་པའི་བརྩམས་ཆོས་ཁག་ཅིག་གི་མཆོད་བརྗོད་དུའང་མའོ་ཙེ་ཏུང་ལ་བསྟོད་པ་དང་། གུང་ཁྲན་ཏང་ལ་བསྟོད་པ་སོགས་ཡོད་པས་དགག་ནས་རྫོགས་པ་དཀའ་ལ་དགག་དགོས་ཡང་མ་མཐོང་།
གོང་དུ་དྲ་གྲོགས་ཤིག་གིས་བཤད་ཡོད་པ་ལྟར་དེ་དག་བཟོ་བཅོས་རྒྱག་དགོས་པའི་རྒྱུ་མཚན་ཡང་མ་མཐོང་།
མདོར་ན་བསྐྱར་ཞིབ་ཀྱི་རྩོམ་ཡིག་འདི་ཡག་པོ་འདུག་ཀྱང་། རྩོམ་མཁན་ཁོ་རང་ཚད་གཞི་དང་རིགས་པའི་གཞུང་ལུགས་བཤད་མཁན་ཞིག་ཏུ་འདུག་པས་༼མ་བདེན་རྫུན་སྒྲིག་༽ལྟ་བུ་ཚོར་བའི་རྦ་རླབས་ཀྱིས་རྩོམ་ཡིག་གི་རྩ་དོན་བརླག་འདུག་བསམ་པ་གུས་པར་སྐྱེས།
དག་ཡིག་གསར་བསྒྲིགས་ནི་རྒྱ་ནག་ནང་རིག་གསར་སོགས་མུན་ནག་མུན་རྐྱང་གི་དུས་སྐབས་ཤིག་ལ་བརྩམས་པ་ཡིན་པས།སྐབས་དེར་ཆོས་ལུགས་ཐ་སྙད་སོགས་ལ་རྨོངས་དད་ཀྱི་ཆ་ལག་ཅེས་ལབ་དགོས་པ་ནི་དོན་ཆུང་ཆུང་རེད།མི་ཅིག་གིས་ཁ་རས་ཙམ་བརྒྱབས་ནའང་མ་ཎི་འདོན་གྱི་འདུག་ཅེས་གཅར་རྡུང་གིས་སྲོག་ཐོག་གི་གཏོང་གི་ཡོད་རེད།དེ་ལྟ་བུའི་གནམ་ས་མགོ་རྟིང་སློག་པའི་དུས་ཚོད་ནང་དུ།རྒན་བསམ་གཏན་ལགས་ཀྱིས་ཐབས་མཁས་ཀྱི་སྒོ་ནས་དག་གསར་བསྒྲིགས་པ་ནི་རླབས་ཆེན་དང་བོད་ཡིག་གི་ཚེ་སྲོག་གི་གསོས་སྨན་ཅིག་ཡིན་པ་བཤད་མ་དགོས།
གཉིས་ནས།ཚིག་མཛོད་དང་དག་ཡིག་གི་གོ་དོན་དང་ལས་ཀ་ཁག་ཁག་རེད་ད།འདས་པའི་དུས་ཚོད་ཕར་བཞག་སྟེ་ད་ལྟ་དུས་རབས་དང་སྤྱི་ཚོགས་འདི་འདྲ་གུ་ཡངས་པོ།གོ་སྐབས་འཛོམས་པོ་ཅིག་གི་ནང་དུའང་བོད་ཡིག་སྟེང་དག་ཡིག་གསར་བསྒྲིགས་ལས་ལྷག་དག་ཡིག་གཅིག་ཀྱི་མི་འདུག་ག
གསུམ་ནས།སྔ་མོའི་དག་ཆ་ཙམ་སྟོན་པའི་དག་ཡིག་བསྡུས་བསྡུས།དག་ཡིག་ངག་སྒྲོན་འདྲ་བོ་དང་།དག་ཡིག་མཁས་པའི་འབྱུང་གནས་འདྲ་བོ་དེ་འདྲ་དང་བསྡུར་ན།དག་ཡིག་གསར་བསྒྲིགས་ལ་ཡར་འཐོན་གྱི་ཆ་ནས་གནམ་ས་ལྟ་བུ་ཤོར་ཡོད་པ་མིག་མཐོང་ལག་ཟིན་རེད།དག་གསར་ནང་མིང་ཚིག་ཐ་སྙད་ཀྱི་དབྱེ་བ་མང་པོ་བགར་ཡོད་པ་དེས་ང་ཚོར་དག་ཡིག་བསྒྲིགས་པར་རིག་ལམ་ཧ་ཅང་གསར་པ་ཅིག་ཕྱེས་ཡོད་རེད།
བཞི་ནས།དག་ཡིག་གསར་བསྒྲིགས་ནང་ཁ་ཡོད་ལག་ཡོད་ཀྱི་ཉེར་མཁོ་དངོས་པོ་སྟོང་ཕྲག་མང་པོའི་དག་ཆ་བཏོན་པ་དང་འགྲེལ་བཤད་བྱས་པ་དེ་འདྲ།དེ་སྔའི་དག་ཡིག་གང་གི་ནང་དུའང་འཐོན་ཐུབ་མེད་པ་རེད།
ལྔ་ནས།ཉམས་མྱོང་གི་སྟེང་ནས་བཤད་ན།སོ་སོ་བསླབ་གྲར་བསྐྱོད་དུས་བོད་པའི་སློབ་ཕྲུག་ཚང་མར་གཅིག་གྱུར་གྱི་དེབ་གཅིག་ལག་ཏུ་ཡོད་པ་ནི།དག་ཡིག་གསར་བསྒྲིགས་དང་འབྲེལ་མེད་རེད།དེའི་ནང་གི་འགྲེལ་བཤད་དེ་བོད་པའི་དག་ཡིག་གཞན་དང་མི་འདྲ་བར་གོ་བདེ་བོ་དང་ལས་སླ་བོ་ཡོད་པས།དེས་བོད་ཡིག་ཡར་རྒྱས་སུ་ཕན་ཐོག་བསྒྲུབས་པ་དེ་ཆུང་ཆུང་ཞིག་གཏན་ནས་མིན།དག་ཡིག་གཞན་ཚོ་ནི་ཚིག་བཅད་འདྲ་བོ་དང་འགྲེལ་བཤད་མཁྲེགས་པོ།དེང་དུས་དང་མི་མཐུན་པ་ཆེན་པོ་ཡོད་རེད།
དྲུག་ནས།དག་ཡིག་གསར་བསྒྲིགས་ནང་ཆོས་ཚིག་དང་དམངས་གཙོ་སོགས་ལ་དམར་པོའི་ལྟ་གྲུབ་སྟེང་ནས་འགྲེལ་བཤད་བྱས་ཡོད་པ་དངོས་ཡོད་གནས་ཚུལ་རེད།འོན་ཀྱང་།དེ་ལ་ང་ཚོས་བསམ་ཤེས་གནང་དགོས་པ་རེད།ཡུལ་དུས་གནས་ཚུལ་དེ་ལ་སྐབས་དེ་དུས་མ་བསྟུན་པ་ཡིན་ན།དག་གསར་འདི་འཇིག་རྟེན་ལ་ཡོང་ཁོ་རང་མི་ཐུབ་པ་རེད།ལར་ནས་འཛམ་གླིང་གི་དག་ཡིག་གྲགས་ཅན་དང་ཚིག་མཛོད།ཤེས་བྱ་ཀུན་ཁྱབ་ཀྱི་དེབ་དེ་འདྲར་ཡང་སོ་སོའི་བསམ་ཚུལ་སྟེང་ནས་འགྲེལ་བཤད་བྱས་ཏེ་ནོར་འཁྲུལ་ཤོར་བ་མང་པོ་འདུག།དཔེར་ན།ཤེས་བྱ་ཀུན་ཁྱབ་གྲགས་ཆེན་ཞིག་ཏུ་དགེ་ལུགས་པའི་སྲོལ་གཏོད་པ་༧རྗེ་བཙུན་མིད་ལ་ཡིན་པ་བྲིས་ཡོད་པ་དེ་འདྲ་ཡང་འདུག་པས།ནུབ་ཕྱོགས་ཀྱི་ལས་སྟངས་ཚང་མ་མིག་དཔེར་འཛིན་པའང་ནོར་འཁྲུལ་རེད་སྙམ།
ཡག་པོ་ཞིག་བྲིས་འདུག་་འདི་རིགས་ལ་གསལ་བཤད་དང་འགྲོ་གླེང་མང་ཙམ་གནོང་ཐུབ་ན་་མ་འོངས་པ་མི་རབ་གསར་བ་རྣམས་ལ་ཕན་ཐོབ་ཆེ་་
དེ་སྐབས་ཤིག་ལ་དཔལ་དོན་འགྲུབ་རྒྱལ་གྱིས་ཀྱང་ཟི་ལིང་ན། བོད་ཡིག་ཤེས་མཁན་ཨ་ཁུ་བསམ་གཏན་ཚང་རེད་ཅེས་པ་ཁོང་གི་གསུང་རྩོམ་ཁྲོད་དུ་ཡོད་པ་དེ་རེད།
དག་ཡིག་གསར་བསྒྲིགས་ནི། དག་ཡིག་ནང་ནས་སྟབས་བདེའི་དག་ཡིག་ཅིག་རེད། དེའི་ནང་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་འབྲེལ་བའི་ཆབ་སྲིད་དང་། བོད་ཀྱི་ནང་བསྟན་གྱི་རྣམ་བཤད་ཁག་ལ་གོ་དོན་ཏག་ཏག་མེད་པ་མང་པོ་ཡོད། འོན་ཀྱང་སྐྱོན་ཆ་ལས་དགེ་ཆ་མང་བས་ངའི་དགའ་མོས་ཡོད།
འོན་ཀྱང་བོད་ནས་བསྐྲུན་པའི་དཔེ་དེབ་རྒྱུགས་ཆེ་བ་ཁག་ཐོན་མ་ཐག་བཙན་འབྱོལ་ཤེས་རིག་གཙོས་འགལ་འཛོལ་ཆེ་བའི་ཚིག་དོན་ལ་བསྐྱར་བཅོས་ཀྱིས་བསྐྱར་དཔར་བཏབ་ན་མི་འཐུས་པ་མེད་སྙམ། དག་ཡིག་གསར་བསྒྲིགས་ལ་ཡང་དེ་ལྟར་གནང་ཡོད་པས། བོད་རང་ནས་ཐོན་པ་དེར་ཚད་འཕེར་ཆ་འཇོག་མི་དགོས་པ་གནང་ཐབས་ཀྱང་ཡོད་སྙམ་མོ།།
རྩོམ་ཡིག་ཡག་པོ་བྲིས་གནང་འདུག རྗེས་སུ་ཡི་རང་ཡོད། རྒྱ་དམར་གྱིས་ཆབ་སྲིད་ཀྱི་ལག་ཆར་སྐྱེད་ནས། བོད་ཀྱི་ཆོས་དང་རིག་གཞུང་ལོ་རྒྱུས་སོགས་ལ་འགྲེལ་བཤད་ལོག་པ་བྱས་པ་དག་ཐེར་འདོན་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་མིན་མ་དག་རྒྱུན་འབྱམ་སུ་འགྲོ་བའི་ཉེན་ཁ་ཡོད། དག་ཡིག་གསར་སྒྲིག་ཡག་པོ་ཡོད་ཀྱང་སྐྱོན་ཆ་དེ་དག་ཐེར་འདོན་བྱེད་པ་ནི་ཡག་ཐོག་ཡག་རྩེག་སུ་འགྲོ་བའི་རྒྱུ་རེད།
སྐྱོན་ལ་སྐྱོན་དུ་ལྟ་ལོས་དགོས་ཀྱང་། དེ་ལའང་དགོས་པ་དང་དགག་བྱ་མ་ཤེས་ཚེ་སྐྱོན་དུ་ལྟ་མཁན་ཉིད་སྐྱོན་ཅན་ཡིན་པའི་རྟགས་རེད། དག་ཡིག་གསར་བསྒྲིགས་དབུས་བརྙེས་ནས་ད་བར་བོད་ཕྱི་ནང་གཉིས་ནས་དག་ཡིག་གསར་བསྒྲིགས་ཀྱི་ཚིག་སྤྱོད་སྟངས་ཁག་ཅིག་དེ་ལྟར་ཡིན་པ་མ་ཤེས་པ་ག་ལ་ཡིན། དེ་ནི་སྐབས་དེར་མི་འདོད་ནའང་དགོས་པ་ཆེན་པོ་ཞིག་འགྲུབ་པའི་སླད། དགག་བྱ་དེར་མིག་བཙུམ་དགོས་པ་མཁྱེན་ཏེ་ད་བར་ཅི་ཡང་མི་སྨྲ་བའི་རྟུལ་ཞིག་བཟུང་པ་རེད། འདས་པའི་ལོ་ཤེས་གོང་དག་ཡིག་གསར་བསྒྲིགས་ལ་མཚོ་སྔོན་ནས་དག་ཡིག་ཡག་ཤོས་ཀྱི་བྱ་དགའ་ཐོབ་ཡོད། དེང་སྐབས་ཅིག་བཤད་ལ་དགའ་བ་ཚོས་འདི་དག་ནི་རང་ཉིད་སྒྲོག་བྱེད་ཀྱི་ལག་ཆ་ཞིག་ལ་བེད་སྤྱོད་པ་ནི། དེ་ལས་ཀྱང་ཐབས་སྐྱོ་བ་ཞིག་གོ།།
གཞན་གྱི་བྱས་རྗེས་བསུབས་ཏེ་རང་ཉིད་སྒྲོག་པར་འདོད་པ་སྐབས་འཚོལ་ཀླད་ཆུང་བ་དང་པོ་ལུང་ཚན་དང་། དེ་ནས་རང་ཉིད་གཅིག་པུ་དཀྱིལ་སྙིང་དུ་འཛིན་མཁན་ཞིག་ཡིན་ན། ཅིས་ཀྱང་གཟབ་དགོས་པ་ངའི་གདམས་ངག་ཡིན། ཨ་ཁུ་བསམ་གཏན་ཚང་གི་ཞབས་འོག་གི་ས་རྡུལ་ཙམ་ལ་ཡང་མི་དོ་བ་དག་སྨྲ་བ་ཉུང་ན་ཤིན་ཏུ་དགེ།
ལུང་རྟོགས་ལགས་ཀྱིས་ཡག་པོ་གསུངས་འདུག རྙིང་པ་རེད་ཟེར་ནས་འཁྲུལ་མེད་དུ་འཛིན་དགོས་ན་ཧ་ཅང་ཐལ་བ་རེད། དེ་སྔར་དམར་པོའིི་སྲིད་གཞུང་གིས་བཙན་དབང་འོག་ནས་མཛུབ་མོ་གར་བཙུག་ཤར་ཁས་བླངས་དགོས་རྐྱེན་མ་དག་པ་དང་ནོར་བ་སོགས་མང་པོ་བྱུང་ཡོད་པ་ནི་ཡོངས་སུ་གྲགས་པ་རེད། ཤེས་བཞིན་དུ་བཅོས་མི་ཆོག་པའི་ལྟ་ཚུལ་ནི་ཨ་ཞང་གིས་ཤེན་ཞུགས་སོང་བ་ལས་དེ་མིན་དགེ་མཚན་གང་ཡང་མེད། མདོར་བསྡུས་ན་རྩོམ་ཡིག་འདིར་ཧ་ཅང་ཡག་པོ་འདུག་དང་བདེན་པ་རེད་ཅེས་ཞུ་རྒྱུ་ཡིན་ནོ།
མི་ལ་ལ་ཞིག་གནས་ལུགས་ལས་རང་ཉིད་བཙན།
དག་ཡིག་གསར་སྒྲིག་ནང་གི་ཐ་སྙད་དེ་དག་ཨ་ཁུ་བསམ་བསྟན་སོགས་ཀྱིས་མ་འདོད་བཞིན་དུ་སྐབས་དེའི་སྤྱི་ཚོགས་ཀྱི་གནས་བབ་དང་བཏུན་ནས་བྲིས་པ་ཞིག་ཡིན་པ་ཁས་ལེན་བཞིན་དུ། སྐྱོན་ཆ་ཐེར་འདོན་བྱེད་མཁན་ལ་དགག་པ་རྒྱག་པ་ནི་བསམ་བློ་ཡ་མ་བརླའི་སྐད་ཆ་བཤད་སྟངས་ཤིག་རེད།
སུའི་བསམ་བློ་ཡ་མ་བརླ་ཡིན་མིན་དྲྭ་རྒྱའི་ཐོག་བཤམས་བཞག་འདུག དེ་ལྷག་ཅིག་དགོས་གལ་མ་མཆིས། ཧ་ཧ་་་་་་
སྤྲོ་ཚིགས་ཆོས་གྲགས་ཟེར་བ་འདི། བཙུར་ན་སྐྱག་དྲི་ཙམ་ལས་མེད་པ་ཤེས་སོང་། དག་ཡིག་ལ་དགག་པ་བྱེད་པ་ལས། སྐབས་དེའི་བོད་མི་ཚོའི་མགོ་ཐོག་གི་གནམ་དང་། བོད་མི་འགའི་དུང་ཞེན་གྱི་ལག་འགྲུབ་བོད་ལ་བཞག་པའི་བཞག་སྟངས་སོགས་འབྲི་བ་འམ་འབྲི་རྒྱུ་མེད་པར། འུག་པ་རྒན་པོས་ཉིད་ཟེར་གྱི་འོད་ཤུགས་འཇལ་རྒྱུ་ཟེར་ན། ཐན་ལྟས་རེད། ངོ་མ་ཡིན།
རྩོམ་ཡིག་འདི་འབྲི་གནང་མཁན་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། དག་ཡིག་སྒྲིག་པ་པ་ོ་ཁོང་གིས་ཀྱང་ཕྱི་མའི་ཡུལ་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད་ངེས་ཡིན། རྒྱུ་མཚན་གཉིས་ཡོད། གཅིག་ནས་རྩོམ་པ་པོ་ཞིག་ཡིན་ན་དགྲ་གཉེན་སུ་ཞིག་ཡིན་མིན་དང་། ཕྱི་རྗེས་ག་རེ་ཡོད་མེད་ལ་མི་བལྟ་བར་དྲང་བདེན་གཙིགས་སུ་འཛིན་དགོས་པ་གཙོ་བོ་རེད། གཉིས་ནས་སྲིད་ཇུས་ངན་པའི་གདུག་རྩུབ་འོག་ནས་གཞན་དབང་སྟབས་བསྟུན་བྱས་པའི་ཐ་སྙད་ཀྱི་འགྲེལ་ལོག་སྐོར་ཞིག་ལ་འགན་ཁུར་བ་རེད། དག་ཡིག་སྒྲིག་པ་པོ་བསམ་གཏན་ཡིན་ཡང་ལོ་རྒྱུས་རང་བཞིན་གྱི་ནག་ཉེས་འདི་ཁུར་འདོད་ཡོད་རྒྱུ་མ་རེད་ལ། ནམ་ཞིག་འགྲེལ་ལོག་འདི་དག་བསམ་བཞིན་མིན་པར་མ་གནང་ཐབས་མེད་ཆགས་པའི་གནས་སྟངས་འདི་གླེང་སློང་བྱས་ཏེ་དག་སེལ་བྱེད་མཁན་ཞིག་ཡོང་རྒྱུའི་ཐུགས་རེ་ཡང་ཏན་ཏན་ཡོད་ངེས་རེད། ཡག་པོ་བྱུང་འདུག