ཨེ་མ་ཧོ།
ན་མོ་གུ་རུ་བུདྡྷ་ཛྙྰ་ན་ཡེ།
ཐབས་མཁས་མཁྱེན་བརྩེ་ཆོས་དབྱིངས་དང་མཉམ་པས། །
གཅེས་དགུའི་མན་ངག་འགྲོ་ལ་ཀུན་གདམས་ཞིང་། །
བདེ་སྟོང་རིག་པའི་ཕྱག་རྒྱའི་རྣལ་འབྱོར་པ། །
བརྡར་བརྟགས་འབྲས་བུའི་རྫོགས་པ་ཆེན་པོ་ལགས། །
ཟ་དགའ་འཐུང་སྐྱིད་སྒོམ་ཉལ་བྱེད་པ་ནི། །
ཆོས་ཉིད་རྣལ་མའི་བཙན་ས་ཟིན་གྱུར་ན། །
དགེ་སྡིག་ཕྱི་ནང་ཁྱད་པར་མི་འདུག་གོ །
ལྷ་གཅིག་བླ་མ་གཉུག་མའི་ཡེ་ཤེས་སོ། །
ངེས་འབྱུང་རྣམ་པར་དག་པའི་རབ་བྱུང་དང་། །
སྟོང་ཉིད་སྙིང་རྗེ་ལྡན་པའི་བྱང་ཆུབ་སེམས། །
སྣང་སྲིད་དག་མཉམ་རྟོགས་པའི་གསང་སྔགས་པ། །
འགལ་མེད་ཉམས་སུ་བླངས་དང་རིག་པ་འཛིན། །
ཐོས་བསམ་སྒོམ་པས་བསྟན་དོན་གོ་མྱོང་རྟོགས། །
འཆད་རྩོད་རྩོམ་པས་མཁས་བཙུན་གོ་འཕང་ཐོབ། །
བསྙེན་སྒྲུབ་ལས་ཀྱིས་གྲུབ་པའི་རྒྱལ་ས་ཕྱིན། །
མི་ཚེའི་སྙིང་པོ་ཡིན་པས་འབད་ཅིག་ཨང་། །
ཞེས་པ་འདི་ནི་རབ་རྒྱན་ཆུ་སྦྲུལ་སྨིན་ཟླའི་ཉི་འཛིན་སྐབས་སུ་དད་གུས་དམ་ཚིག་ཅན་འབྲུག་པ་བློ་ལྡན་དགེ་འདུན་ཆོས་འཕེལ་གྱིས་གནམ་ཀླད་རྒྱུད་ནས་བསྐུལ་ངོར་གང་དྲན་དུ་རིག་འཛིན་དཔལ་དགྱེས་པ་རྡོ་རྗེས་གདམས་པར་དགེའོ། །