ཨེ་མ་ཧོ།
ན་མོ་གུ་རུ་བུདྡྷ་ཛྙྰ་ན་ཡེ།
ཀ་དག་སྤྲོས་པ་བྲལ་བའི་སྟོང་ཆེན་གྱི་ངོ་བོར།།
ཁ་སྦྱོར་ཡོན་ཏན་ལྷུན་གྲུབ་འོད་གསལ་གྱི་རང་བཞིན།།
གང་ཤར་རང་སངས་རྒྱས་པ་ཀུན་ཁྱབ་ཀྱི་རིག་འཛིན།།
ང་རྒྱལ་རྣམ་དག་གཉུག་སེམས་བདེ་གཤེགས་ལ་འདུད་དོ།།
ཅ་ཅོ་འདུ་འཛིས་བདོ་བའི་འཇིག་རྟེན་གྱི་ཁྲོད་ན།།
ཆ་ལུགས་ཆོས་བཞིན་སྤྱོད་པ་ཉི་སྐར་ལས་ཉུང་བས།།
ཇ་འཐུང་ངོ་དགར་འཚོ་བའི་གཡོ་འཕྲུལ་གྱི་ངང་དུ།།
ཉ་ཉོག་ཆོས་བརྒྱད་སྒྲུབ་མཁས་ཉུང་ཉུང་ཞིག་མ་ལགས།།
ཏ་ཐྰ་ག་ཏའི་བསྟན་པའི་སྙིང་པོ་ལ་སོམས་དང་།།
ཐ་དག་བྱམས་བརྩེས་དག་སྣང་རིས་མེད་ལ་འབོད་དང་།།
ད་གཟོད་གདོད་མའི་གནས་ལུགས་ཐག་རིང་ན་མི་འདུག།
ན་ཚོད་ཁྱད་མེད་དམ་ཆོས་རྣམ་དག་ལ་འབད་འཚལ།།
པ་ལགས་མི་རིགས་རབ་དབྱེའི་ཁྱད་པར་ཞིག་མི་འདུག།
ཕ་མེས་རིག་གཞུང་གདོད་མའི་རྣམ་དཔྱོད་ཅིག་ཡོད་ན།།
བ་གླང་དུད་འགྲོ་འདྲ་བའི་བསམ་སྤྱོད་ཀུན་སྤོང་ནས།།
མ་ལུས་འགྲོ་བར་ཕན་བདེའི་ལེགས་ཚོགས་ལ་འབད་འཚལ།།
ཙ་ར་མ་གཅོད་རྣམ་རྟོག་ལོང་ཤོར་དུ་བཏངས་ན།།
ཚ་གྲང་བཟོད་དཀའི་ངན་སོང་སྡུག་བསྔལ་དག་མྱོང་བས།།
ཛ་ཡའི་བསྟན་པར་མཇལ་བའི་སྐལ་བཟང་ལ་བསམ་ནས།།
ཝ་ལེར་སེམས་ཉིད་ཞི་ལྷག་གོམས་པ་དེ་མ་བརྗེད།།
ཞྭ་སེར་དམར་ནག་རྩོད་རའི་གཡུལ་ངོ་ལ་མ་ཞུགས།།
ཟ་འོག་གསེར་དངུལ་ངོམ་པའི་འདུ་ར་ལ་མ་རྒྱུགས།།
འ་ཅག་དགོས་པའི་རིག་གཞུང་སྲུང་སྐྱོབ་ལ་འབད་ནས།།
ཡ་རབ་བཟང་པོ་སྤྱོད་པའི་རྟུལ་ཞུགས་ལ་འབད་འཚལ།།
ར་བ་གངས་ཅན་མེས་པོའི་བཅུ་ཕྲག་གི་རིག་གནས།།
ལ་རྒྱའི་དུང་བ་དཀར་པོས་ཕྱི་ནང་ལ་ཁྱབ་ནས།།
ཤ་ཁྲག་མི་ལུས་ཐོབ་པ་དོན་ལྡན་དུ་ཕྱིན་ན།།
ས་ལམ་ཡོན་ཏན་སྐྱེ་བ་ཆོས་ཉིད་ཀྱི་རྟེན་འབྲེལ།།
ཧ་ཅང་བྲེལ་བ་ཆེ་བའི་དབྱར་གནས་ཀྱི་སྐབས་སུ།།
ཨ་ཏིའི་ཟབ་དོན་མྱོང་བའི་མཁན་པོ་ཡིས་བསྐུལ་ངོར།།
ཧ་ཤང་རྒན་པོ་དཔལ་དགྱེས་རྡོ་རྗེ་རུ་འབོད་པས།།
ཨ་མཚར་མིན་པར་སྙིང་གཏམ་གདམས་ངག་ཏུ་ཕུལ་ལོ།།
ཞེས་པ་རབ་རྒྱན་ཤིང་རྟའི་ཆུ་སྟོད་ཟླ་བའི་ཡར་ཚེས་དགེ་བར་ཨ་མི་རི་ཀའི་མཁན་པོ་དྲི་མེད་ཟླ་བས་དག་སྣང་ལ་ཡི་རང་བཅས་ཨེ་མ་ཧོས་རང་ཤག་འོད་གསལ་སྙིང་པོའི་གཟིམས་མལ་སྐུ་གསུང་གླེགས་བམ་བརྩེགས་པའི་ལྡིང་ཁང་ནས་བྲིས་པར་དགེའོ།། །།