ཆོས་ཉིད་ཀྱིས་འོས་སྦྱོར་བྱས།
རྔ་བའི་གསར་འགྱུར་དང་ཚགས་པར་ཁང་གིས་རྔ་བ་ཚེ་རིང་སྐྱིད་ཀྱི་དགའ་ཕྱོགས་དང་རྩོམ་རིགས་སྐོར་ལ་བཅར་འདྲི་བྱས་པ་ཞིག
༡༽ དྲི་བ། ཐོག་མར་ཉིད་ཀྱི་ཕ་ཡུལ་གང་ནས་ཡིན་པ་དང་། ད་ལྟ་གནས་གང་དུ་བྱ་བ་བསྒྲུབ་བཞིན་པ་སོགས་ངོ་སྤྲོད་ཅིག་གནང་རོགས།
ལན། ངའི་མིང་ལ་རྔ་བ་ཚེ་རིང་སྐྱིད་ཟེར། ཕ་ཡུལ་རྨེའུ་རུ་མ་ནས་ཡིན། ཆུང་དུས་ནས་སློབ་གྲྭ་ཆུང་འབྲིང་ཆེ་གསུམ་ནས་སློབ་གཉེར་རིམ་པར་བྱས་ཏེ་༢༠༡༧ལོར་སི་ཁྲོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་ནས་སློབ་མཐར་ཕྱིན་པ་ཡིན། ད་ལྟ་ལི་ཅང་ངམ་འཇང་ས་དམ་ན་དགེ་རྒན་གྱི་བྱ་བ་གཉེར་བཞིན་ཡོད། སྤྱིར་ན་ང་ལ་དགའ་ཕྱོགས་མང་པོ་ཡོད་མོད། དེའི་ནང་གི་དགའ་ཕྱོགས་གཙོ་བོའི་ནང་གི་གཙོ་བོ་ནི་ཁ་ཁུ་སིམ་པོའི་སྒོ་ནས་བརྩམས་སྒྲུང་དང་སྙན་ངག་འབྲི་རྒྱུ་དེ་ཡིན།
སྤྱིར་རྩོམ་ཡིག་འབྲི་རྒྱུ་ནི་ད་ལྟ་ངའི་མི་ཚེའི་ཁྲོད་དུ་མེད་ན་མི་རུང་བའི་འཚོ་བ་སྐྱེལ་སྟངས་གལ་ཆེན་ཞིག་ཏུ་གྱུར་དང་འགྱུར་བཞིན་ཡོད་ལ། ད་རུང་དེའི་ཕན་ཆད་ནས་བཤད་ནའང་། ང་ནི་ནམ་རྒྱུན་དུས་ཚོད་གང་ཁོམ་ལ་བརྩམས་སྒྲུང་ཀློག་རྒྱུར་དགའ་ཞིང་། སྒྱུ་རྩལ་བས་བཞེངས་བསྐྲུན་བྱས་པའི་འདྲ་པར་བརྩམས་ཆོས་ཀྱིས་མཚོན་པའི་སྒྱུ་རྩལ་སྣ་མང་ལ་རོལ་མྱོང་བྱེད་རྒྱུར་དགའ་བ་དང་། གློག་བརྙན་གང་ཡང་རུང་བའི་རྒྱབ་མདུན་གྱི་རྒྱབ་ལྗོངས་ལ་ལྟ་བ། གློག་བརྙན་ནང་གི་འཁྲབ་སྟོན་པ་རྣམས་ཀྱི་མི་ཚེའི་ཉམས་མྱོང་བཤད་པ་ལ་ཉན་རྒྱུར་ལྷག་པར་དགའ། ཨོ་ད་དུང་བཤད་རྒྱུ་ཞིག་བརྗེད་འདུག དེ་ནི་ས་ཆ་གང་སར་ལྟ་སྐོར་དང་ཡུལ་དེའི་འཚོ་བར་རྒྱུས་ལོན། ཉམས་མྱོང་རྒན་པོ་ཅན་རྣམས་ཀྱི་གནའ་གཏམ་ལ་ཉན་ནས་ཟིན་ཐོ་འདེབས་རྒྱུར་ཧ་ཅང་དགའ་བོ་ཡོད། མདོར་ན་ངའི་དགའ་ཕྱོགས་ནི་ངའི་མི་ཚེའི་བདེ་སྐྱིད་འཚོལ་སྟངས་དང་སྤོབས་པ་ལ་སྒོམ་བཞིན་ཡོད།
༢༽ དྲི་བ། ཁྱེད་ཉིད་བརྩམས་སྒྲུང་གསར་རྩོམ་གྱི་ལས་སུ་ཞུགས་ནས་མི་ལོ་ག་ཙམ་འགོར་བཞིན་ཡོད་དམ། འདིའི་རིང་གསར་རྩོམ་གྱིས་ཉིད་ཀྱི་ཕུགས་འདུན་དང་འཚོ་བར་ཤུགས་རྐྱེན་ག་འདྲ་ཐེབས་སོང་ངམ།
ལན། ཕལ་ཆེར་ལོ་ངོ་བཞི་ཙམ་འཁོར་བཞིན་ཡོད། མ་གཞི་ཆུང་དུས་ནས
་དཔེར་བརྗོད་དང་ཉིན་ཐོ་འབྲི་རྒྱུར་ཧ་ཅང་དང་དོད་ཆེན་པོ་ཡོད་ལ། ཕར་ཆེར་ཉིན་ཐོ་འབྲི་རྒྱུ་རྒྱུན་སྐྱོང་བྱས་ནས་ད་ལྟའི་བར་ཡོང་བ་ཡིན་པས། གསར་རྩོམ་གྱི་ལམ་ལ་ཞུགས་དུས་དཀའ་ངལ་ཆེན་པོ་འདྲ་བོ་འཕྲད་མ་སོང་མོད། འོན་ཀྱང་རྩོམ་ཡིག་ཡག་མིན་དང་གདེང་འཇོག་ཐོབ་མིན་ནི་འབྲི་ཐབས་དང་ཤེས་ཚད་ལ་རེག་ལས་པ་ཡིན་དུས། དེ་ནི་གནས་ཚུལ་གཞན་ཞིག་རེད་ལ། ཡར་རྒྱས་དང་འཐུས་ཚང་གཏོང་བའི་ལམ་ཁའང་ཡོད་རེད་སྙམ།
རེད། ངས་མི་ཚེའི་ཕུགས་བསམ་ཟེར་བ་དེ་ཤེས་པ་ནས་བཟུང་། ང་རྩོམ་རིགས་ལ་རང་ཤུགས་ཀྱིས་དགའ་ཚར་བ་མ་ཟད། ཕུགས་འདུན་མངོན་གྱུར་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཏུའང་གྱུར་འདུག དེ་འདྲ་ཡིན་དུས། རྩོམ་རིགས་ནི་ངའི་མི་ཚེའི་ཕུགས་བསམ་གྱི་མཚོན་དོན་གལ་ཆེན་ཞིག་ཡིན་པས། ངའི་འཚོ་བའི་ཁ་དོག་དང་ངོས་འཛིན། བདེ་སྐྱིད་སོགས་ལ་བྱི་ཐབས་མེད་པའི་ཞག་རྩི་མཐུག་པོ་ཞིག་བསྐུས་སོང་ལ། ད་ནི་ཞག་རྩི་དེར་དྲི་མ་ཞིམ་པོ་དང་སྣུམ་པོ་འདུག་ལ། ལུས་སེམས་ལ་འཕྲོད་པོའང་ཧ་ཅང་འདུག གང་ལྟར་ང་ནི་རྩོམ་རིགས་ལ་བརྩེ་དུང་ཟབ་མོ་ཆགས་ཚར་འདུག
༣༽ དྲི་བ། ཉིད་ཀྱི་བརྩམས་སྒྲུང་ཐོག་མ་དེ་དུས་ནམ་ཞིག་ལ་རྩོམ་སྟེགས་གང་ཞིག་ལ་སྤེལ་བ་ཡིན་ནམ། ཐོག་མའི་བརྩམས་ཆོས་སྒོར་ཐོན་དུས་ཚོར་སྣང་ག་འདྲ་འདུག
ལན། དུས་ཚོད་དེ་ཏག་ཏག་དྲན་གྱི་མི་འདུག་མོད། ང་གསར་རྩོམ་གྱི་ལམ་ལ་ཞུགས་ནས་ད་ལྟའི་བར་སྙན་ངག་དང་ལྷུག་རྩོམ། བརྩམས་སྒྲུང་། འཁྲབ་གཞུང་བཅས་གང་མང་བྲིས་པའི་ཁྲོད་ནས། <ཁ་པར་ལ་འཁྱུལ་བའི་བརྩེ་བ།> <མཚན་མོའི་གཤོག་པ།> <ལེགས་སྐྱེས།> <ལམ་གྱི་སྨུག་པ།> <རླུང་རྟ་ཡར་འགྲོ།> <མཛུབ་དཀྲིས་དཀར་པོ།> སོགས་ཀྱིས་མཚོན་པའི་བརྩམས་ཆོས་ཁག་ཅིག་བོད་ཀྱི་དུས་དེབ་མང་ཆུ་དང་གངས་དཀར་བོ་རི་བོ། སི་ཁྲོན་མི་རིགས་སློབ་ཆེན་གྱི་འབྲོང་རྭ་དུས་དེབ། མཆོད་མེ་རྩོམ་རིག་དྲ་བ། ཡིད་ལྷུང་ལྷ་མཚོའི་ཚགས་པར། ཁྱུང་སྔོན་འཕྲིན་སྟེགས་སོགས་ཀྱིས་གཙོས་སྤྱི་སྟེགས་གང་མང་ཞིག་གི་ཐོག་ཏུ་མང་ཙམ་སྤེལ་མྱོང་། འདི་དག་གི་བརྒྱུད་རིམ་ཁྲོད་ནས་ངའི་དགའ་ཕྱོགས་ལ་ང་རང་ཚོར་བ་ཆེན་པོས་དགའ་སྣང་སྐྱེས་མྱོང་ལ། ངའི་དགའ་ཕྱོགས་ལ་གཞན་གྱིས་སྐུལ་མ་དང་སེམས་ཤུགས་བསྐྲུན་པའི་ངོས་འཛིན་ཡང་བྱུང་། ད་དུང་རང་གི་རྩོམ་འབྲིའི་ཆུ་ཚད་དང་ཡར་རྒྱས་གཏོང་ཕྱོགས་ལ་ཟུར་དང་ངོས་མི་འདྲ་བ་སྣ་ཚོགས་ནས་ཉམས་མྱོང་མང་པོ་ཞིག་བསགས་སོང་།
༤༽ དྲི་བ། ཉེ་བའི་ལོ་འགའི་སྔོན་དུ་<ལྷམ་ཡ་གཅིག་>ཞེས་པའི་བརྩམས་སྒྲུང་གི་དེབ་དེ་བདེ་ལེགས་ངང་ཁྲོམ་རྭར་ཐོན་པ་གོ་སོང་། ཡིན་ཡང་རྐྱེན་མང་པོས་བལྟ་རྒྱུ་མ་བྱུང་། ཉིད་ཀྱིས་ལྷམ་ཡ་གཅིག་གི་སྐོར་ནས་ཁ་བརྡ་ཐུང་ཐུང་ཞིག་བྱོས་ན།
ལན། ངའི་བརྩམས་སྒྲུང་ཐོག་མ་ལྷམ་ཡ་གཅིག་ནི་སྤྱིལོ༢༠༡༧ལོའི་ཟླ་བ༣པའི་ནང་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་བྱས། སི་ཁྲོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་དགེ་སློབ་རྣམ་པའི་རྒྱབ་སྐྱོར་འོག སློབ་གྲོགས་བསོད་ནམས་ཕུན་ཚོགས་ཀྱི་ཐོག་མའི་སྙན་དེབ<ཤོག་བྱ་ནད་པ>ཞེས་པ་དང་། ངའི་<ལྷམ་ཡ་གཅིག>ཟེར་བའི་དེབ་དེབ་གཉིས་བོད་རིག་པའི་སློབ་གླིང་ནས་དངོས་སུ་འགྲེམས་སྤེལ་བྱས་པ་ཡིན། འགྲེམས་སྤེལ་གྱི་མཛད་སྒོའི་ཐོག་ཏུ་དགེ་རྒན་མུ་པོ་ལགས་དང་དགེ་རྒན་བསོད་ནམས་རྒྱལ། དགེ་རྒན་ཨོཾ་འབར། དགེ་རྒན་སྲིང་བཞི་མ་སོགས་ཀྱིས་ངེད་གཉིས་ཀྱི་དེབ་ཀྱི་སྐྱོན་ཡོན་གཉིས་ཆ་ནས་མཛུབ་སྟོན་གལ་ཆེན་གནང་སོང་། དེ་ནི་སློབ་གྲོགས་བསོད་ནམས་ཕུན་ཚོགས་ངེད་གཉིས་ལ་མཚོན་ན་རང་རང་གི་མི་ཚེའི་ཁྲོད་ནམ་ཡང་ཡལ་བ་མེད་པའི་ཉམས་མྱོང་གི་རྡོ་རིང་གལ་ཆེན་ཞིག་ཏུ་བརྩི་བཞིན་ཡོད་ལ། སེམས་ཤུགས་ཀྱི་སྐུལ་མ་ཆེན་པོ་ཞིག་ཏུའང་གྱུར་སོང་བས། དགེ་སློབ་རྣམས་ལ་གོ་སྐབས་འདི་བརྒྱུད་ནས་བཀའ་དྲིན་ཆེ་ཞུ།
སྤྱིར་བཏང་། ལྷམ་ཡ་གཅིག་ཅེས་པའི་བརྩམས་སྒྲུང་ལ་ཤོག་ངོས་ཉིས་བརྒྱ་དང་ཡིག་གྲངས་ཁྲི་13.6ཡོད། ལེའུ་དྲུག་ཏུ་བཀར་ཡོད། ལེའུ་དང་པོ། རྒྱབ་གཟུགས། གཉིས་པ། མཛེས་སྡུག་གི་ལྷན་འཛོམས། གསུམ་པ། ལྷམ་ཡ་གཅིག བཞི་བ། སྐྱོ་འཛུམ། ལྔ་བ། བདེ་སྐྱིད་ཟད་པོ། དྲུག་པ། མིག་ཆུས་བརླན་པའི་ཉིན་ཐོ་བཅས་ཀྱིས་གྲུབ་པའི་སློབ་གླིང་བརྩེ་དུང་ངམ་། ཡང་ན་སྐྱོོ་གར་བརྩམས་སྒྲུང་ཞིག་ཡིན་ལ། ད་རུང་མི་དང་མིའི་བར་གྱི་མཛའ་བརྩེ་སེམས་ཀྱིས་རོལ་མྱོང་མཚོན་ཐབས་ཀྱང་བསྟན་ཡོད། དཔེ་དེབ་འདི་ལ་མི་འདང་སའི་ཆ་མང་པོ་ཡོད་སྟབས། རྗེས་སུ་ཀློག་པ་པོའི་མིག་སྔར་ལྷམ་ཡ་གཅིག་ལས་ཡག་པའི་བརྩམས་སྒྲུང་རེ་འབྲི་ཐུབ་པའི་རེ་འདུན་དང་སེམས་ཤུགས་བསྐྱེད་བཞིན་ཡོད།
༥༽ དྲི་བ། ནམ་ཞིག་གི་ཚེ། ཁྱེད་ཀྱི་དངོས་པོའི་འཇིག་རྟེན་གྱི་གྱ་ནོམ་ཕུན་སུམ་ཚོགས་པར་གྱུར་ནས། བརྩམས་སྒྲུང་གསར་རྩོམ་གྱིས་ཉིད་ཀྱི་ད་ལྟའི་འཚོ་བའི་དགོས་མཁོ་དང་མི་ཚེའི་ཕུགས་འདུན་སྐོང་མི་ནུས་པའི་སྐབས་སུ། ཁྱེད་ཀྱིས་ཅི་ལྟར་གདོང་ལེན་བྱ་ངེས་ཡིན།
ལན། སྤྱིར་བཏང་ནས། མི་ཚེ་ཟེར་བ་འདི་འགྱུར་བ་སྣ་ཚོགས་ཤིག་རེད་འདོད། དེ་མཚུངས་མི་སོ་སོའི་དགའ་ཕྱོགས་ལ་འགྱུར་བ་སྣ་ཚོགས་ཤིག་འགྲོ་སྲིད་པ་རེད་མོད། འོན་ཀྱང་ད་ལྟའི་ངའི་སེམས་ཁམས་དང་ལག་ལེན། འབད་སའི་ཁ་ཕྱོགས་བཅས་ལ་མཚོན་ན། འབྲི་ཀློག་སྤེལ་གསུམ་གྱི་ཁྲོད་ནས་རྩོམ་རིགས་ཀྱི་སྐོར་འདི་རྒྱུན་སྐྱོང་བྱེད་ཀྱིན་པའི་ཁུལ་ཡིན་ལ། མི་ཚེའི་ཕུགས་འདུན་བཅོལ་སའི་མ་རྩ་ལྟ་བུ་ཡང་བརྩི་བཞིན་ཡོད།
མ་གཞི་ནས་རྩོམ་རིགས་ཟེར་བ་འདི་འཚོ་བའི་དགོས་མཁོ་སྐོང་ཐབས་ཤིག་ལ་ངོས་འཛིན་གང་ཡང་བྱེད་ཀྱི་མེད། དེ་ལྟར་བྱས་ན་རྩོམ་རིགས་རང་གི་དགོངས་དོན་དང་ཡང་མཐུན་གྱི་ཡོད་མེད་ཏག་ཏག་ཤེས་མ་སོང་། ཡིན་ནའང་མི་ཚེའི་ཕུགས་བསམ་སྐོང་སྤྱད་ཀྱི་ཐབས་ལམ་ཡག་ཤོས་ཤིག་རེད་འདོད་ཡོད། དེའི་ཆ་ནས་ངའི་དགའ་ཕྱོགས་ཀྱིས་འཚོ་བའི་གནད་དོན་ཐག་ཆོད་མིན་ལ་བསམ་བློ་གཏོང་གི་མེད། གཙོ་བོ་དེ་ངའི་དགའ་ཕྱོགས་ལ་གྲུབ་འབྲས་དང་འཕེལ་རྒྱས་འགྲོ་མིན་ལ་དམིགས་འབེན་གཙོ་བོར་བཞག་ཡོད། གང་ལྟར་ངས་རང་གི་དགའ་ཕྱོགས་དེ་སྙིང་གི་དགའ་རོགས་ལྟ་བུ་ལ་བརྩིས་ཏེ་སྐྱིད་སྡུག་མཉམ་མྱོང་གི་ཆོད་སེམས་དང་བློས་གཏོང་ཅི་ནུས་བྱེད་རྩིས་ཡོད།
༦༽ དྲི་བ། ཁྱེད་ཀྱིས་མ་འོངས་པའི་གསར་རྩོམ་ཐད་ཡིད་ཀྱི་ལྟ་གོན་ཅི་འདྲ་ཡོད།
ལན། སྔ་ལོར་ལྷ་ས་ནས་གོ་སྒྲིག་བྱས་ཤིང་བོད་ཁམས་ཡོངས་ལ་སྤེལ་བའི་<སྲང་ལམ་སྙན་རྩོམ་འགྲན་བསྡུར་>ནང་ནས་ངའི་སྙན་ངག་ང་རང་བརྒལ་ཆོག་ཟེར་བ་ལ་ཨང་གསུམ་པའི་གཟེངས་རྟགས་ཐོབ་པ། ན་གཞོན་སྙན་སྒྲོན་པ་རྨ་ཆུའི་བདེ་ལེགས་ལགས་ཀྱིས་ངའི་བརྩམས་སྒྲུང་ལྷམ་ཡ་གཅིག་ཚན་པ་ཚན་པ་བྱས་ཏེ་མ་བསྐུལ་དང་བླངས་ཀྱིས་གྱེར་འདོན་བྱས་ནས་དྲ་ལམ་དུ་བཀྲམས་པ་སོགས་ཀྱིས་གདེང་སྤོབས་དང་སེམས་ཤུགས་མང་པོ་བསྐྲུན་སོང་།
དེ་བས་ད་ལྟའི་བར་ངས་སྙན་རྩོམ་ཉིས་བརྒྱ་ལྷག་བྲིས་ཡོད་པའི་ནང་ནས་སྙན་ངག་བརྒྱ་ལྷག་ཡག་འདེམས་བྱས་ཏེ། <<ལྷམ་ཆ་གཅིག་>>ཅེས་པའི་སྙན་དེབ་ཅིག་འདོན་ཐུབ་ན་སྙམ་པས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ལ་བསྐུར་ཚར་ཡོད། དེ་མཚུངས་དུས་དེབ་སོགས་ཀྱི་ཐོག་ཏུ་བཏོན་མ་མྱོང་བའི་སྒྲུང་ཐུང་ཁ་ཤས་དང་སྒྲུང་རིང་དེབ་གཅིག་ལོངས་པ་ཞིག་བྲིས་ཡོད་མོད། ད་རུང་ཞུ་དག་དང་བསྐྱར་བཅོས་སོགས་ཀྱི་ལས་ཀ་གཞི་ནས་འགྲོ་རྒྱུ་ཡིན། ལྷག་པར་མ་འོངས་པ་ན་ངས་འབྲི་ཀློག་སྤེལ་གསུམ་གྱིས་རྩོམ་རིགས་སྐོར་དེ་མུ་མཐུད་མཇུག་སྐྱོང་གང་ནུས་བྱ་རྩིས་ཡོད།
༧༽ དྲི་བ། ད་ལྟ་ཁྱེད་ཀྱིས་བཞུད་ཟིན་པའི་གསར་རྩོམ་གྱི་ལོ་ཟླར་ཕྱི་མིག་འཕེན་དུས། གསར་རྩོམ་གྱི་ལམ་ཁ་ནས་གནོང་འགྱོད་དང་རེ་ཆད། ཡི་མུག་པའི་དོན་ཅང་ཡོད་དམ།
ལན། ང་རྩོམ་རིགས་ཀྱི་ལམ་ཁར་ཞུགས་ཐུབ་པ་ནི་བློ་འགྱོད་རྩ་བ་ནས་མེད་དེ། རྩོམ་རིགས་ཀྱི་ལམ་ལ་བསྐྱོད་སྟངས་ཐད་ནས་འདོད་བློ་མ་ཁེངས་པའི་དོན་དག་མང་པོ་བྱུང་སོང་། དཔེར་ན། གཅིག་ནས་ལྷམ་ཡ་གཅིག་རང་ལ་ཆ་བཞག་ན། དག་ཆ་ནོར་བ་དང་ཆད་ལྷག་མང་པོ་ཤོར་བ། གཉིས་ནས་བརྗོད་བྱའི་ཐད་ནས་ཀློག་པ་པོ་མང་པོ་ཞིག་གིས་ཡིག་ངག་གཉིས་ཀྱི་ཐོག་ནས་འཚོ་བ་དངོས་དང་བར་ཐག་རིང་བའི་དགོངས་ཚུལ་གསུངས་པ་དེ་བདེན་པ་ཡིན་པ། གསུམ་ནས་ང་རང་གི་ཤེས་ཚད་དང་འཚོ་བའི་ཉམས་མྱོང་ཞན་པ་བཅས་རེད། འོན་ཀྱང་དགའ་ཕྱོགས་ཀྱི་ལམ་ཁར་མུ་མཐུད་འགྲོ་རྒྱུ་ལ་ཡིད་ཆད་གཏན་ནས་བྱུང་མ་མྱོང་། རྒྱུ་མཚན་ནི་གསར་རྩོམ་གྱི་ལམ་ལ་ཞུགས་དུས་གོང་གི་སྐྱོན་གནས་རྣམས་བརྒྱུད་དགོས་པའི་གོ་རིམ་ཞིག་དང་། ཉམས་མྱོང་གསོག་སྤྱད་ཀྱི་སློབ་ཚན་གལ་ཆེན་ཞིག་ཏུ་མཐོང་གིན་ཡོད།
༨༽ དྲི་བ། ནམ་རྒྱུན་ཕ་ཡུལ་ལ་ལོག་དུས། ཕ་ཡུལ་གྱིས་ཉིད་ཀྱི་གསར་རྩོམ་གྱི་བརྗོད་བྱར་ཁ་དོག་ཅང་བསྣན་མྱོང་ངམ། དཔེར་ན་སློབ་གླིང་དང་བསྡུར་དུས།
ལན། མི་ཞིག་ལ་མཚོན་ན། ལུས་སེམས་གཉིས་འཚར་ལོངས་བྱུང་སའི་ཕ་ཡུལ་ནི། ནམ་ཡང་བརྗེད་ཐབས་མེད་པའི་སེམས་ཀྱི་དྲན་བྱང་ཞིག་དང་། བསམ་བློ་དང་དམངས་ཁྲོད་རིག་གནས། སྐད་ཡིག་དང་གོམས་གཤིས་སོགས་ཀྱི་ཐད་ལ་བག་ཆགས་འཇོག་སའི་ཁོར་ཡུག་གལ་ཆེན་ཞིག ལྷག་པར་དྲིན་ཆེན་ཕ་མའི་བསམ་པ་དཀར་པོ་དང་བསླབ་བྱ་ཟབ་མོ་དུས་རྟག་འཁྱིལ་ས། བོད་རང་གི་སྐད་ཡིག་དྭངས་མའི་མིང་ཚིག་དང་སྡེབ་སྦྱོར་སྣ་མང་གི་འབྱུང་ཁུངས། གནའ་གཏམ་སྣ་ཚོགས་ཀྱི་སྣང་བརྙན་མངོན་གྱུར་བྱེད་ས་དེ་ཡིན་དུས། ཕ་ཡུལ་གྱི་སྐྱིད་སྡུག ཁོར་ཡུག འཚོ་བ། འགྱུར་བ་སོགས་ནི་གསར་རྩོམ་གྱི་མ་རྐང་ཡོད་ན་མེད་ན་དེ་ཡིན་པས། ངའི་བརྩམས་ཆོས་མང་ཤོས་ལ་དེ་ལྟ་བུའི་མྱོང་ཚོར་གྱི་བྲོ་བ་སྣ་ཚོགས་དང་དཀར་སེར་དམར་ལྗང་གི་སེམས་ཁམས་སྣ་མང་བསྐྲུན་མྱོང་། གཞན་སློབ་གྲྭ་ཡང་སྤྱི་ཚོགས་ཀྱི་ཆ་ཤས་ཤིག་རེད་མོད། ཕ་ཡུལ་ལྟ་བུའི་བརྗོད་གཞི་ཆེན་པོ་དང་གུ་ཡངས་པོ་ཞིག་མ་རེད་འདོད། གང་ཡིན་ཟེར་ན། སྒྲིག་ལམ་དང་སློབ་ཚན། ཁོར་ཡུག་གཅིག་གྱུར་རང་བཞིན་གྱིས་གཅུན་ཡོད་པ་འདྲ་བོ་མཐོང་སོང་། ཕ་ཡུལ་ནི་དེ་ལྟར་མིན་པར་རང་དབང་གི་སྒོ་ནས་སེམས་པ་འདི་གང་སར་འཕུར་ཆོག་ས་ཞིག་རེད།
༩༽ དྲི་བ། ད་ལྟ་ཕ་ཡུལ་ལུང་པ་དང་བྲལ་ནས་གཞན་ཡུལ་དུ་ལས་ཀར་འབད་དུས། གསར་རྩོམ་གྱིས་རང་གི་རིག་གནས་འཚོ་བའི་དགོས་མཁོ་སྐོང་ནུས་སམ།
ང་ལ་མཚོན་ན། ཕ་ཡུལ་དང་ཁ་ཐག་ཇི་ལྟར་རིང་ན་དེ་ལྟར་ཕ་ཡུལ་གྱིས་བསྐྲུན་པའི་བག་ཆགས་དང་སེམས་ཁམས་འདི་ཇེ་གསལ་རེད་ལ། ཕ་ཡུལ་གྱིས་བཞག་པའི་བརྩེ་དུང་འདི་ཇེ་ཟབ་ཀྱང་རེད། མདོར་ན་ཕ་ཡུལ་ནི་བྲིས་ན་ཚར་རྒྱུ་མེད་པའི་རི་མོ་ཞིག་དང་ཨ་ན་མ་ན་རེད། དེ་ནས་ང་གསར་རྩོམ་གྱི་ལམ་ལ་ཞུགས་པ་ནི་འཚོ་བ་ཁོ་ནའི་དམིགས་ཡུལ་གང་ཡང་མེད་ལ། ད་ལྟའི་ངའི་སློབ་སྦྱོང་གི་གནས་ཚད་དང་ལོ་ནའི་བབ། ཉམས་མྱོང་སོགས་ཕྱོགས་གང་ལའང་བསམས་ན། རིག་གནས་འཚོ་བའི་དགོས་མཁོ་སྐོང་ཐུབ་པའི་ཚད་ལ་ཐོན་ཡོད་མ་རེད། གཙོ་བོ་ང་རང་གི་དགའ་ཕྱོགས་ལ་དམ་འཛིན་དང་རྒྱུན་སྐྱོང་བྱས་པ་ཙམ་ཡིན། ང་ལ་མཚོན་ན་དགའ་ཕྱོགས་ཐོག་ཏུ་གོམ་པ་གཅིག་རེ་སྤོ་ཐུབ་ན། བདེ་སྣང་གི་ཚོར་བ་བསམ་གྱིས་མི་ཁྱབ་པ་རེ་བསྐྲུན་ཡོང་གི་འདུག སྤྱིར་ན་མི་སུ་དང་སུ་ཡིན་རུང་བདེ་སྐྱིད་འཚོལ་སྟངས་ཀྱི་ཐབས་ལམ་དང་ངོས་འཛིན་མི་འདྲ་བ་མ་གཏོགས། མི་ཚེ་འདིར་བདེ་སྐྱིད་འདོད་ཀྱི་ཡོད་པ་གཅིག་མཚུངས་རེད་སྙམ། གང་ལྟར་ངའི་མི་ཚེའི་བདེ་སྐྱིད་ནི་དགའ་ཕྱོགས་ལ་འཕེལ་འགྲོ་བ་དང་མངོན་གྱུར་ཆུང་ཆུང་རེ་འབྱུང་རྒྱུ་དེ་རེད། མཐའ་དོན་ཁྱོད་ཀྱིས་ང་དང་ངའི་དགའ་ཕྱོགས་ལ་རྒྱུས་ལོན་དང་བཅར་འདྲི་བྱས་པར་བཀའ་དྲིན་ཆེ།
གསར་འགོད་པ་ནོར་བུ་ཚེ་རིང་།
བཀླགས་ཟིན། རེ་བ་ཡོད། མུ་མཐུད་དུ་འབད་པ་བྱོས། རེ་བས་སྒུག་ཡོད།
ནོར་བུ་ཚེ་རང་བརྫུན་རྔ་ཕུད་དང་ན་ངོ་མི་ཚ་གི། ཧ་ཧ་ཧ།
བོད་སྐད་སྡེ་ཚན། | གསར་འགྱུར།
རྒྱ་ནག་གཞུང་གི་སྟངས་འཛིན་དམ་དྲག་གི་སྲིད་ཇུས་ལ་སྐྱོན་བརྗོད།
https://www.rfa.org/tibetan/sargyur/us-critic-of-beijing-censorship-loses-job-07192018151746.html
་་་་་་་་་་་་ ཁོང་གིས་རྒྱ་ནག་ནང་དགེ་རྒན་བྱེད་པའི་སྐབས་གནས་ཚུལ་ཁ་ཤས་བརྗོད་མི་ཆོག་པའི་ཚད་བཀག་ཡོད་པ་དཔེར་ན་། ཐེ་ཝན་དང་ གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་གནད་དོན། བོད་དང་རྒྱ་ནག་གུང་ཁྲན་ཚོགས་པ་སོགས་ཀྱི་སྐོར་བརྗོད་ཆོག་གི་མེད་པ་གསུངས་འདུག ་་་་་་་་་་་་
ཤེས་བྱ་མཐའ་མེད་ནམ་མཁའ་སྟོང་པ་འདྲ་།
ཤོག་རྩལ་སུ་ཆེ་ནམ་མཁའ་དེ་ལ་དབང་།
ཤེས་བྱ་མཐའ་མེད་མཐའ་ཡིས་རྒྱ་མཚོ་འདྲ་།
ཆུ་རྩལ་སུ་ཆེ་རྒྱ་མཚོ་དེ་ལ་དབང་།
དགའ་ཕྱོགས་ལ་འབད་པ་ནི་བདེ་སྐྱིད་འཚོལ་སྟངས་ཤིག་རེད། ཅེས་པའི་འགོ་བརྗོད་འདི་ཚིག་སྙན་འཇེབས་ལྡན་པ་ཞིག་ཏུ་གོ། དེ་ཡང་དགའ་ཕྱོགས་དེ་གཏན་དུ་བསླུ་བ་མེད་པ་ཞིག་ཡིན་ན་དེ་བས་ཀྱང་སྙན་ལ་དོན་དང་ཡང་ལྡན་ལ་འཚོལ་རིན་ཆོག་པ་ཞིག་རེད། འོན་ཀྱང་མིག་སྔའི་འཇིག་རྟེན་ཞེས་མིང་གིས་དམའ་ཕབ་པའི་འཇིག་རྟེན་ཕྱོགས་ཀྱི་དགྲ་འདུལ་གཉེན་སྐྱོང་སོགས་ཡང་རྩེར་འཛིན་པའི་ལུགས་ཅི་འདྲ་ཞིག་ལ་ཡང་། ཇི་ཙམ་འབད་ཀྱང་གནས་སྐབས་ཀྱི་བདེ་སྐྱིད་ཆུང་ཚགས་རེ་ལོས་རྙེད་ཀྱང་། གཏན་གྱི་བདེ་སྐྱིད་ཅིག་ནམ་ཡང་རྙེད་ཐབས་མེད། དཔེར་ན་བདེ་སྐྱིད་འཚོལ་ཕྱིར་གཉེན་སྒྲིག་བྱེད་པ། སོ་ནམ་ཞིང་ལས་དང་། འབྲོག་ལས། བཟོ་ལས། ཚོང་ལས་བྱེད་པ་ལྟ་བུ་ལ་ཇི་ཙམ་འབད་པ་བྱས་ཀྱང་མཐར་སྡུག་བསྔལ་འབའ་ཞིག་ལས་ཡང་དག་པའམ་དོན་དམ་པའི་གཏན་དུ་བདེ་བའི་བདེ་སྐྱིད་ཅིག་རྙེད་ཀྱི་མེད་པ་འཕགས་པ་རྣམས་སྨོས་ཅི། རང་ཅག་ཕལ་བས་ཀྱང་ཤེས་བཞིན་པ་འདི་རེད། དེས་ན་དགའ་བའི་ཕྱོགས་ལ་འབད་དེ་ཡང་དག་པའི་བདེ་སྐྱིད་ཅིག་འཚོལ་འདོད་ན། དམ་པའི་ཆོས་ལ་དགའ་ནས་དེ་ཕྱོགས་ལ་འབད་པ་ནི་ཡང་དག་གི་བདེ་སྐྱིད་འཚོལ་སྟངས་གཅིག་པུ་དེ་རེད། དེར་བརྟེན་ཁྱེད་ཀྱིས་ཀྱང་ཁྱེད་རང་གི་དགའ་ཕྱོགས་ཀྱི་ལམ་བུ་འདི་བརྒྱུད་ནས་གཏན་དུ་བདེ་བའི་སྐྱིད་གཅིག་པུ་དེ་འཚོལ་བའི་ལམ་ཆེན་ལ་ཕེབས་ན་ཅི་མ་རུང་།
བཀླགས་ཟིན། ཉེ་སྔོན་ཁོ་མོའི་རྩོམ་ཡིག་ཁ་ཤས་ཤིག་སྤྱི་ཚོགས་དྲ་རྒྱ་ཁག་ནས་བཀླགས་མྱོང་བའི་རེ་བ་ཡོད་པས་བཟོད་འདྲ་མཐོང་སོང་།
བོད་ཀྱི་དུས་བབ། > གསར་འགྱུར། > གཙོ་གནད་གསར་འགྱུར། > རྒོལ་རྩོམ་ཞེས་པ་དེ་ག་འདྲ་ཞིག་ལ་ངོས་འཛིན་དགོས་པ་རེད། དེས་ཕན་ནུས་ཅི་ཙམ་ཐོན་གྱི་འདུག
http://tibettimes.net/2018/07/28/170983/comment-page-1/#comments
མ་འོངས་པའི་ སྤེན་ཚེ་ལགས་དང་། བློ་སེང་ལགས།
https://www.sundayguardianlive.com/news/exiled-tibetans-confused-future