མགལ་དུམ།
རྒྱང་རིང་གི་མྱི། དོ་ནུབ་ཡང་བསྐྱར་sax རོལ་དབྱངས་ཀྱི་འགྱུར་ཁུགས་དང་ལྷན་དུ་ཁྱེད་ལ་ཁམས་བདེ་ཞུ། ཟླ་འོད་མོག་མོག་ཡིན་པའི་དོ་ནུབ་ངས་༼མཚར་སྡུག་ལྡན་པའི་དོ་ནུབ་༽ཅེས་པའི་saxརོལ་དབྱངས་ཤིག་ལ་ཉན་བཞིན་རང་གི་མཚན་སྨད་ལ་ཁྱེད་ཀྱི་ཕྱོགས་སུ་ཁུ་ཁུ་སིམ་སིམ་གྱི་སྐད་ཆ་ཞིག་གློད་སྙིང་སྤྲོ་བས། མགོ་བོ་ཡར་བཀྱགས་ཏེ་སྐད་ཆ་ཞིག་གླེང་འགོ་བརྩམས་བཞིན་ཡོད།
རྒྱང་རིང་གི་མྱི། བཤད་ཚོད་ལ་དེ་རིང་ནི་བརྩེ་དུང་གི་མཚོ་མོར་ཉུལ་བཞིན་པའི་མི་བུ་ཚོའི་དམིགས་བསལ་གྱི་ཉི་མ་ཞིག་ཡིན་པར་སྐད། དེའི་ཕྱིར། ངོ་ཤེས་དང་མི་ཤེས་པའི་དྲ་གྲོགས་ཚོས་སྙིང་གཏམ་དང་རྟེན་འབྲེལ་མཚོན་བྱེད་ཀྱི་པར་རིས། ད་དུང་སྐད་ཡིག་སྣ་མང་གིས་ཁ་གཡང་འབོད་བཞིན་འདུག རེད་དེ། ཁ་གཡང་འདི་ནི་ཅི་ཞིག་གི་ཆེད་དུ་འབུལ་གྱིན་པ་ཡེ་ནས་མ་ཤེས་མོད། བསམ་ཚོད་ལ་འུ་གཉིས་ཀའི་མ་འོངས་པར་ཕུལ་བའི་ཤིས་ཚིག་ཨེ་ཡིན་ནམ་སྙམ་པ་དེ་ལགས། གྲོགས་པོ་ཚོས་འགྲེལ་ཚོད་ལ་དེ་རིང་ནི་རང་ཉིད་ཆེས་དགའ་བའི་མི་བུ་དེར་ལེགས་སྐྱེས་སྤྲད་པ་དང་སྙིང་གཏམ་གླེང་བ། ཡང་ན་འཕྲིན་ཡིག་གཏོང་བ་དང་རང་ཉིད་ཆེས་དགའ་སའི་མི་ཞིག་འཚོལ་དུ་འགྲོ་བ་ལ་སོགས་ཀྱི་བྱེད་ལས་གང་མང་ཞིག་ཡོད་པར་གསུངས་ཀྱིན་འདུག གང་ལྟར། བར་ཐག་གི་རྐྱེན་པས་དེ་རིང་ངས་ཁྱེད་ལ་ལེགས་སྐྱེས་ཡིན་ཚུལ་གྱི་ཅ་ལག་བློར་འབབ་པ་ཞིག་སྤྲོད་རྒྱུ་ནི་ཧ་ཅང་གི་དཀའ་ཚོད་ཡིན་ལ། ལྷིང་འཇགས་ཡིན་པའི་ཁོར་ཡུག་ག་གེ་མོ་དེ་ནས་ཁྱེད་ཉིད་ཉན་སྤྲོ་བའི་རོལ་དབྱངས་དེ་ལྷོད་ལྷོད་ཅིག་གྲགས་སུ་བཅུག་ཏེ་ཕན་ཚུན་གྱིས་བཤད་འདོད་པའི་སྙིང་གཏམ་དག་ལྷུག་ལྷུག་བརྗོད་ཆོག་པའི་གོ་སྐབས་ཀྱང་ཡོད་མ་རེད། འོན་ཀྱང་། ནམ་ཞིག་འུ་གཉིས་ཀས་ཀྱང་དམིགས་བསལ་གྱི་ཉི་མ་འདིར་དམིགས་བསལ་གྱི་སྐད་ཆ་ཞིག་བཤད་དེ་གཞན་དག་ཚོ་ནང་བཞིན་མིག་མདངས་ཕན་ཚུན་གྱི་སྙིང་ལ་གླན་བཞིན་བསྡད་ཆོག་ངེས་རེད།
རྒྱང་རིང་གི་མྱི། ཡིད་ཆེས་དང་བསམ་ཤེས་ནི་བརྩེ་དུང་གི་ས་བོན་ཡིན་པ་བདེན་དུ་ཆུགས་ན། ས་བོན་ལ་དང་མྱུ་གུ་འཁྲུངས་མིན་དང་མྱུ་གུ་ལ་ལོ་ལེགས་བྱུང་མིན་ནི་ཁྱེད་དང་ང་ཡི་བསམ་བློ་འདུ་ཤེས་ལ་རག་ལས་པར་སྙམ། བརྩེ་དུང་གི་རིན་ཐང་འཚོལ་དུས་ལོ་ཚོད་དང་ལས་གནས་ཀྱི་ཆེ་ཆུང་ལ་བལྟ་དགོས་དོན་མེད་ལ། བརྩེ་དུང་ལས་བདེ་སྐྱིད་འཚོལ་དུས་དངུལ་སྒོར་གྱི་བམ་ཁ་དང་རིགས་རྒྱུད་ཀྱི་དབྱེ་བ་ལ་བལྟ་དགོས་དོན་ཡང་མེད། ང་ཁྱེད་ལ་དགའ་ཚུལ་ལབ་པ་དེས་བརྩེ་དུང་གི་རིན་ཐང་ཤེས་སོང་བ་མིན་ལ། ཁྱེད་ང་ལ་དུང་ཚུལ་བརྗོད་པ་དེ་གས་ཀྱང་བརྩེ་དུང་གི་ཡང་སྙིང་རྟོགས་སོང་བ་དེ་བས་ཀྱང་ག་ལ་ཡིན། བརྩེ་དུང་ཡ་གཅིག་གི་ཁྲོད་ནས་མི་ཚེ་བསྐྱལ་བ་ནི་མི་ཆེས་བཟོད་གླགས་བྲལ་བའི་ལུས་སེམས་ཀྱི་ན་ཟུག་ཅིག་ཡིན་པས། དེ་ལ་འབད་པ་དང་དེ་ལྟར་འགྲོ་བ་ནི་བརྩེ་དུང་ཞེས་པའི་བརྡ་ཆད་དེའི་གོ་བ་མ་ལོན་པའི་རྟགས་ཟངས་མར་བསྟན་པ་ཡིན་རེད། དེའི་ཕྱིར། དེ་དང་དེ་ཡི་འདུ་ཤེས་དག་རྡོག་པས་བརྫིས་ཤིང་བསམ་པས་སྤངས་པར་གྱིས་ཏེ་ཕན་ཚུན་གྱི་བདེ་སྡུག་ལ་བསམ་པ་རྣམ་དག་གིས་མིག་ཟུང་ཅེར་ཏེ་ང་ནི་ཁྱེད་ཡིན་བསམ་པ་དང་ཁྱེད་ནི་ང་ཡིན་འདོད་འདོད་ཀྱི་སྤོབས་པ་ལྷད་མེད་པ་དག་གིས་མི་ཚེར་ལེ་བདའ་དང་འཁང་ར་མེད་པར་གཟི་བརྗིད་ཀྱིས་རྫོགས་ཚིག་བཀོད་པར་ཅི་ནས་ཀྱང་དམ་བཅའ་བརྟན་པ་ཞིག་དགོས་ངེས་རེད། དེ་ནི་འུ་གཉིས་ཀས་འདོད་འདུན་གྱི་བདམས་པའི་ཐུན་མོང་གི་ལམ་བུ་དེ་འུ་གཉིས་ཀ་ཁོ་ནར་དབང་སོང་བ་རེད་ལ། མི་ཚེ་ཞེས་པའི་ཐ་སྙད་ལྗིད་པོ་དེ་ཡང་འཛུམ་མདངས་དང་ལྷན་དུ་ཐེག་ཐུབ་སོང་བ་རེད།
རྒྱང་རིང་གི་མྱི། ཡང་ཉན་བསྐྱར་ཉན་བྱེད་པའི་༼མཚར་སྡུག་ལྡན་པའི་དོ་ནུབ་༽ཅེས་པའི་saxརོལ་དབྱངས་འདི་ཉན་གྱིན་ཉན་གྱིན་སྙན་པ་ལ་སྙན་ཚོད་མེད་ལེ་འདྲ། རོལ་དབྱངས་འདིས་བདག་གི་སྙིང་དབུས་སུ་ཁམས་དྭངས་མ་ཞིག་སྩོལ་བཞིན་པས། ངས་ཀྱང་བདག་གི་མཚན་སྨད་འདི་སྔོན་ཆད་ཀྱི་མཚམ་མོ་དག་ལས་ཧ་ཅང་གི་མཚར་སྡུག་ལྡན་པའི་མཚན་མོ་ཞིག་ཡིན་པར་ཐག་གིས་གཅོད་ཀྱིན་ཡོད། འདི་ནི་ཕལ་ཆེར་ཁྱེད་ཀྱིས་གནང་བའི་སེམས་རྟེན་དྲོན་མོ་དེ་ཡིན་ཚོད་རེད། ཁྱེད་ཀྱིས་གོ་དཀའ་བའི་རི་རབ་འདིའི་ལྟག་རྒྱབ་ནས་ངས་ཁྱེད་ལ་བཀའ་དྲིན་ཆེ་ཞེས་ལྷོད་ལྷོད་ཅིག་ཞུ་བཞིན་ཡོད། ཁྱེད་ནི་ངའི་མི་ཚེའི་མཇུག་བྱང་ལ་ཟླ་ཚེས་འགོད་རོགས་དེ་ཡིན་པའི་ཁྱེད་ལ་ཅིས་ཀྱང་དྲོད་ཁོལ་ལྡན་ངེས་རེད་ལ། ང་ཡང་དེ་བཞིན་ནོ།
རྒྱང་རིང་གི་མྱི། སྙིང་གཏམ་མང་པོ་ཞིག་ནམ་རྒྱུན་ངག་ཐོག་དང་ཡིག་ཐོག་སོགས་ལས་བཤད་ཀྱིན་པས། ཉིན་མོ་འདིར་་དམིགས་ཡུལ་གྱིས་བཀར་ཏེ་སྐད་ཆ་ག་འདྲ་ཞིག་ལབ་དགོས་མིན་ཡང་ཤེས་ཀིན་མི་འདུག ཡིན་ཡང་། རང་གི་ཤ་ཡི་གསེང་དང་རུས་པའི་སྟེང་དུ་ལྷོག་ལྷོག་ཁོལ་གྱིན་པའི་ཁྲག་དམར་པོ་དྲོད་ཁོལ་དང་ལྷན་དུ་བག་ལ་ཉལ་པའི་་སྙིང་ཆུང་འདིའི་གཏིང་ཆེས་ཟབ་ས་ནས་༼ང་ཁྱེད་ལ་དགའ། ནམ་ཡང་ང་ཁྱེད་ལ་དགའ། འུ་གཉིས་ཀའི་བརྩེ་དུང་རྒྱལ་གྱུར་ཅིག ༽ ཞེས་པའི་སྐད་ཆ་གསོན་པོ་འདི་བསྐྱར་བཤད་ཅིག་བྱས་ཏེ། དེ་རིང་ཁྱེད་ལ་དམིགས་ཀྱིས་ལེགས་སྐྱེས་སུ་ཕུལ་བ་ལགས་ན། ཉིད་ཀྱི་ཚེ་ཡི་ནོམ་དང་ཐུགས་ཀྱི་དྲོད་དུ་གྱུར་ཅིག་གུ།
༢༠༡༥-༢-༡༤ ཉིན་གྱི་ཞོགས་པའི་སྐྱ་རེངས་དང་ལྷན་དུ་བར་ཐག་ལེ་བར་ཁྲི་ཕྲག་གིས་བཅད་པའི་ཧ་ཅང་རྒྱང་རིང་རྒྱང་རིང་གི་རང་ཉིད་ཆེས་དགའ་སའི་མི་མོ་སྟེ་གཅེས་མིིང་ལ་རྒྱང་རིང་གི་མྱི་རུ་བསྙད་པ་དེར་དགའ་རོགས་དུས་ཆེན་གྱི་ལེགས་སྐྱེས་སུ་མགལ་དུམ་དུ་འབོད་པའི་གསར་བུ་དེས་སེམས་པའི་ཟབ་ས་ནས་བྲིས་སོ།
གཉེན་སྒྲིག་ཉིན་མོར།
https://www.youtube.com/watch?v=WlmXzFNuW6Q
ཡག་པོ་བྲིས་འདུག།
འདོད་པའི་མི་ལ་འདོད་པ་སྦྱིན་པ་དེ་།
དགེ་བ་མེད་ནའང་སྡིག་པ་གང་ནས་ཡོང་།
ཆགས་ལྡན་བུད་མེད་གྲོགས་སུ་བཀུག་པ་ལ་།
ཉིན་མ་རེ་ལ་ཆགས་པ་གསུམ་ཙམ་དགོས་།
བུད་མེད་ཆགས་པ་ཆེ་བས་ཡུན་རིང་དགོས་།
ཆགས་མེད་མི་ལ་བུད་མེད་འཁོར་མཁན་ཉུང་།
བདེན་པ་ཡིན་མིན་དཔྱད་ན་ངོ་འཕྲོད་ཐུབ་།
ཧ་ཧ་
རྫུན་བཤད་ཡ་དུས་དྲན་གཟའ་སྤེན་པ་དེ་དང་། ཡང་། དགའ་ཉེ་སྒྲིག་པའི་ཉིན་མོ་གཉིས་པོ་འདི་ནི། བོད་ཆོས་ལྡན་གྱི་མི་རིགས་ལ། དགོས་པ་མི་འདུག འདི་ནི་ཕྱི་རྒྱལ་ཀླ་ཀློའི་ལུགས་སྲོལ་ལ། ངོས་འཛིན་བྱེད་བཞིན་ཡོད་དོ།། །།