འདབ་པ་ཚེ་དབང་མགོན་པོ།
དགའ་རོགས་ལ་བསྩལ་བའི་མདོ་སྡེ་གསེར་གྱི་ཕུག་མ་ཞེས་བྱ་བ་བཞུགས་སོ། །
སྤྱིར་བཏང་གིས་དྲང་པོའི་གཏམ་ཅུང་ཟད་མཆིད་ན་ནི། འཇིག་རྟེན་འདིར་ཕེབས་ཟིན་པའི་དགའ་རོགས་ཀྱི་ཆོས་སྒོར་ཞུགས་པའི་རིགས་བཟང་མཐོ་བའི་ཕོ་མོ་ཁྱེད་ཅག་རྣམས་ཀྱིས་ལོ་ངོ་ས་ཡ་མང་པོའི་གོང་རོལ་ཏུ། ངལ་རྩོལ་ཆེན་པོའི་སྒོ་ནས་དགའ་རོགས་ཀྱི་བསྟན་པ་གསར་དུ་སྲོལ་འཛུགས་ཤིང་། དགའ་རོགས་ཀྱི་བསླབ་གསུམ་གཏན་འབེབས་དང་། དེ་བས་སྔོན་འགྲོའི་ཆོ་ག་དམ་བཅའ་བཞེས་པ་ཉིན་དེ་ནས་བཟུང་། བསྟན་པ་དེ་དག་ལ་སྲི་ཞུ་ལྷད་མེད་ཞུས་ནས་ང་ཚོ་ཉམ་ཆུང་བའི་སེམས་ཅན་གྲངས་མེད་པ་ཞིག་ལ་གཅེས་པའི་ལུས་དང་། བརྩེ་བའི་སྲོག་སོགས་བྱིན་ནས་བཀའ་དྲིན་གཞལ་མཐའ་མེད་པར་དྲིན་བསྐྱངས་ཡོད་ཅིང་། ད་དུང་དེའི་ཐོག་ལའང་ཞིམ་པའི་ཟས་དང་། འཇམ་པའི་གོས་བཟང་། མ་ཤེས་པའི་རྨོངས་པ་སེལ་བའི་བསླབ་བྱ་སྤྲད་པ་སོགས་ནི། རི་རྒྱལ་ལྷན་པའི་གཏོས་དང་། རྒྱ་མཚོ་ཆེན་པའི་གཏིང་། དཔག་བསམ་ལྗོན་པའི་འབྲས་བཟང་བཞིན་བརྩི་ཆེ་བའི་དངོས་པོ་དེ་དག་ཕངས་སེམས་མེད་པའི་སྒོ་ནས་ང་ཚོར་ཆེས་བསྩལ་ཡོད་དོ།
དེ་བཞིན་ཡང་སྙན་པའི་གཏམ་དང་། བརྩེ་བའི་སེམས་པ། ཕན་པའི་མཆིད། དགའ་བའི་བྱམས་སྐྱོང་སོགས་བགྱིས་པ་ཡང་གྲངས་སུ་མེད་དོ། དེའི་ཕྱིར་དགའ་རོགས་ཀྱི་བསླབ་པ་ཡོངས་སུ་ཚང་བའི་བསྟན་པ་འདི་ནི། མདོར་བསྡུས་ནས་མཆིད་ན་འཇིག་རྟེན་སྒང་པར་དོན་སྙིང་ངོ་མ་ཡོད་ཅིང་། ངེས་པར་ཕན་པའི་བྱ་བ་ཞིག་དང་། དེ་བས་མཁོ་བའི་གནས་ཆེ་བ་ཞིག་ཡིན་པ་མ་ཟད། ཁྱེད་ཕོ་མོ་ཕན་ཚུན་བར་ལ་ཡང་བདེ་སྐྱིད་ཀྱི་མྱོང་ཚོར་དང། འཛའ་བའི་འཚོ་བ། ལྷད་མེད་ཀྱི་བརྩེ་དུང་དམར་པོ་བཅས་ནི། ཁ་ཆེ་སྟོན་པ་ཨ་ལ་ཡིས་ཀྱང་བཟོ་སྐྲུན་ཡེ་ནས་མི་ཐུབ་པ་དང་། ཡེ་ཤུའི་སྟོན་པ་མུ་ཤེ་ཀས་ཀྱང་ཡིག་ཐོག་ཏུ་འགོད་མི་ཐུབ་ཅིང་། ངེད་ཅག་གི་སྟོན་པ་ཁོང་གིས་ཀྱང་གསུང་ཚད་བཀའ་བའི་རང་བཞིན་དུ་གྱུར་པ་སོགས་ཡིན་ནོ།
དེ་བཞིན་འཇིག་རྟེན་འདིར་ཐོག་མར་དགའ་རོགས་ཀྱི་བསྟན་པ་དར་ཚུལ་དེ་ཡང་འདི་ལྟ་བུར་ཡིན་སྣང་བས། དེ་ལ་སྤྱིར་བཏང་གིས་སྨྲས་ན་ཤར་ནུབ་སོ་སོའི་ལུགས་སྲོལ་དང་། ཁ་རེག་ཁ་ཐུག་གི་ལུགས་སྲོལ། ཅུང་ཟད་ཁྲེལ་ཡོད་ཀྱི་ལུགས་སྲོལ། ཤིན་ཏུ་ལྐོག་འགྱུར་གྱི་ལུགས་སྲོལ་བཅས་ཡོད་དོ། དེ་ནི་བྱ་སྤྱོད་དངོས་དང་འབྲེལ་བའི་ཐོག་མར་དགའ་རོགས་འབྲེལ་ཆགས་བསྟན་པའི་བསླབ་པ་དེ་ཡིན་ལ། ཡང་མི་ཚེ་མཐའ་བསྐྱལ་གྱི་དགའ་རོགས་ཤིག་དང་། སློབ་ཕྲུག་དུས་ཡུན་གྱི་དགའ་རོགས། འགྲོ་ལམ་འདུག་ལམ་གྱི་དགའ་རོགས། ཞག་གསུམ་བདེ་སྐྱིད་ཀྱི་དགའ་རོགས་བསྟན་པ་སོགས་ནི་། དགའ་རོགས་དུས་ཚོད་བསྟན་པའི་བསླབ་པ་ཉིད་དོ།
དེ་བཞིན་ཕན་ཚུན་གྲོགས་འདྲིས་བརྒྱུད་ནས་དགའ་རོགས་དང་། རྒྱུ་ནོར་རྐུབ་ལ་རྔམས་པའི་དགའ་རོགས། ཧད་དེ་གློ་བུར་ཐུག་པའི་དགའ་རོགས། ནང་མིས་བཙན་སྒྲིག་བྱས་པའི་དགའ་རོགས་བཅས་ནི། དགའ་རོགས་དབྱེ་བ་བསྟན་པའི་བསླབ་པ་ཡིན། ཡང་དེ་དག་གི་ནང་གསེས་ལ་དབྱེ་བ་གསུམ་གསུམ་དང་བཞིར་བཞིར་ཕྱེས་ན་ནི་དབྱེ་བ་བཅུ་དང་བཅུ་གཅིག་སོགས་འགྱུར་བ་མ་ཟད། དེ་དག་དགའ་རོགས་ཀྱི་གནས་རྟག་པ་དང་མི་རྟག་པ་རྣམས་ཀྱི་ཆོས་ཉིད་ཡོངས་སུ་ཚང་བའི་གནས་ཡིན་ནོ། ད་དུང་དེ་དག་གི་ནང་དུ་མ་འདུས་པའི་ཡན་ལག་གི་ཆོས་ཕུང་མང་པོ་ཞིག་ཡོད་དོ། དེའི་ཕྱིར་དགའ་རོགས་ཀྱི་སྟོན་པས་བསྟན་པའི་མདོ་རྣམས་དེ། གཞུང་གི་ཁོག་ལེགས་པར་འབུགས་ནས་བཤད་ན། བརྗོད་བྱ་བསླབ་པ་གསུམ་གཙོས་པའི་གོང་བཤད་རྣམས་དང་། རྗེད་བྱེད་ཀྱང་ཁྱེད་མེད་ན་ང་དཀོན་མཆོག་གསུམ་འཆི་རྒྱུ་ཡིན་དང་། ང་མེད་ན་ཇོ་བོ་རིན་པོ་ཆེ་ཁྱེད་ཀྱིས་ཅི་ཡང་རགས་རྒྱུ་མ་རེད།
ཡང་འཇིག་རྟེན་འདིར་ཁྱེད་ལས་མཛེས་པ་དང་རྫིག་པ་ཞིག་མི་འདུག་ཅིང་། དེ་ཡིན་ཙ་ན་ཨ་མ་དང་ཨ་ཕ་རྣམས་ལས་ཀྱང་ཁྱེད་རང་དགའ་ཞེས་པའི་སྡེ་སྣོད་གསུམ་རྣམས་ཡིན། ཡང་སྐེ་ལ་འཐམ་འཁྱུད་བྱས་པའི་པར་རིས་ཆེ་ཆུང་མང་པོ་དང་། མཆུ་ཏོ་ལྷན་ཅིག་སྦྱར་བའི་ཁ་པར་ནང་ལ་གསང་བ་ཁག ཁོང་གཉིས་ཐོག་མར་ཐུག་དུས་ཀྱི་དྲན་རྟེན་ཨ་ལི་པི་ཀ་བཅས་ནི། དགའ་རོགས་བསྟན་པའི་སྐུ་རྟེན་བྱིན་ཆེན་གྱི་གྲལ་སྐུ་གསུང་ཐུགས་རྣམས་ཡིན་ནོ།
དེས་ན་དེ་ལྟ་བུའི་དགའ་རོགས་ཀྱི་བསྟན་པ་ནི་བསྐལ་པ་གྲངས་མེད་པའི་ཕ་རོལ་ཆེན་པོ་གསུམ་ཚན་ཆད་ནས་འགོ་བཟུང་སྟེ། དུས་ད་ལྟ་ལ་མ་ཐུག་གི་བར་དར་ཞིང་རྒྱས་པ་དང་། སླད་མར་ཡང་རྗེས་འཇུག་རྣམས་ཀྱིས་ཕྱོགས་བཞིའི་གླིང་ཆེན་པོ་ལྔར་སྤེལ་རྒྱུ་ཡིན་འདུག་པ་ལགས་སོ། དེ་བས་དགའ་རོགས་ཀྱི་ཆོས་སྒོ་ཆེན་པོར་ཞུགས་པའི་མི་རྣམས་ལ་མཚོན་ནས་གླེང་ཅུང་ཟད་བསླངས་ན་ནི། རྩ་བའི་མཐོ་ས་ནས་རྒྱལ་པོ་གསེར་ཁྲི་ཅན་ཏེ། ལྷོ་རྒྱ་གར་ཆོས་ཀྱི་རྒྱལ་པོ་དང་། ནུབ་སྟག་གཟིག་ནོར་གྱི་རྒྱལ་པོ། བྱང་གེ་སར་དམག་གི་རྒྱལ་པོ། ཤར་རྒྱ་ནག་གཙུག་ལག་རྒྱལ་པོ། དབུས་བོད་གློ་བུར་རྒྱལ་པོ་བཅས་སོགས་དང་། དེ་བཞིན་དམའ་ས་ནས་སྤྲང་པོ་ལག་དབྱུག་ཅན་རྣམས་ནི། ལུས་ལ་གོས་ལྷམ་མེད་པའི་སྤྲང་པོ། ནང་ལ་བཟའ་བཏུང་མེད་པའི་སྤྲང་པོ། ཁྱིམ་ལ་རྒྱུ་ནོར་མེད་པའི་སྤྲང་པོ། སྟོད་ལ་ཕྱུགས་ཟོག་མེད་པའི་སྤྲང་པོ། སྨད་ལ་ས་ཞིང་མེད་པའི་སྤྲང་ཁག་ཡན་ཆད་ཀྱི་ཕོ་མོ་རིགས་ཐམས་ཅད་འདིའི་ནང་དུ་མ་ཞུགས་པ་ཅི་ཡང་མེད་དོ།
མ་ཟད་དགའ་རོགས་ཀྱི་ཆོས་ལུགས་ཆེན་མོ་འདི་ནི། རུས་རིགས་ཁྱད་མེད་ཡིན་པས་མིའི་ཐོབ་ཐང་མཉམ་པ་དང་། དབུལ་ཕྱུགས་ཁྱད་མེད་གྱུར་པས་ཟས་གོས་འཛོམས་པ། རྒན་གཞོན་ཁྱད་མེད་ཆོག་པས་སྐུ་ཚེ་རིང་བ་། ཤར་ནུབ་མི་རིགས་ཁྱད་མེད་ཀྱིས་བསྒྲིགས་ཕྱིར་བསམ་བློ་གོ་ཡངས་བཅས་ཀྱི་ཁྱད་ཆོས་སྣ་ཚོགས་ལྡན་པའི་ཆོས་ལུགས་ཤིག་ཡིན་འདུག་པ་ལགས་སོ། དེའི་ཕྱིར་མི་རྣམས་ཀྱིས་སོ་སོའི་བློ་དང་། མོས་པ་དང་འཚམས་པའི་སྒོ་ནས། ཆོས་གྲོགས་ཤིག་གསར་དུ་བཙལ་ནས་དགའ་རོགས་ཀྱི་བསྟན་པ་ལ་ཞུགས་པ་དང་། བསྟན་པ་ལ་སེམས་དགའ་བ། བསྟན་པ་ལ་ཡིད་ཆེས་པ། བསྟན་པའི་བྲོ་བ་ཤེས་པ། བསྟན་པའི་དོན་ལ་བློས་བཏང་བ་བཅས་ཀྱི་སྒོ་ནས། འཛིན་པ་དང་། དཀོན་མཆོག་པར་བྱེད་པ། ཚུལ་བཞིན་དུ་ཡིད་ལ་བྱེད་པ། ནམ་དུའང་དེ་མ་གཏོགས་མི་དྲན་པར་བྱས་པ་བཅས་སོ།
ད་དུང་དགའ་རོགས་ཀྱི་བསྟན་པ་འཛིན་པའི་དགའ་རོགས་པ་རྣམས་ཀྱིས་ཕན་ཚུན་འགྱུར་མེད་ཀྱི་དམ་བཅའ་དང་། ལྷད་མེད་རྡོ་རྗེ་སྤུན་གྲོགས་ཀྱི་ལ་རྒྱ་སྲུང་ཚུལ་དེ་ཡང་། ཆུ་བོ་གངྒཱའི་བཞུར་རྒྱུན་ལྟར་སེམས་ལྷོད་ལས་བབས་ཤིང་། ཡར་ལུང་གཙང་པོའི་གྲོག་རོང་བཞིན་བརྩེ་དུང་གི་གཏིང་ཟབ་པ། ཇོ་མོ་གླང་མའི་རི་རྩེ་དང་མཚུངས་པས་གཅིག་གིས་གཅིག་རགས་པའི་སྤོབས་པ་རྣམས་མཐོ་བའི་སྒོ་ནས་དགའ་རོགས་ཀྱི་བསྟན་པ་དེ། མི་ཉམས་གོང་འཕེལ་དང་། ཉམས་པ་སླར་གསོ་སོགས་བྱས་ནས་འཛིན་བཞིན་པ་ཡིན་ནོ། དེའི་ཕྱིར་གསར་བྱུང་གི་གྲལ་དགའ་རོགས་པ་ཁྱེད་རང་རྣམས་ཀྱིས་ཀྱང་སྐབས་རེར་འགྲིགས་པ་དང་། སྐབས་རེར་མ་འགྲིགས་པ་ཇི་ལྟར་བྱུང་ནའང་སེམས་ཤུགས་མ་ཆག་པའི་སྒོ་ནས་བརྩེ་དུངས་ཀྱི་གནས་ཆ་ཕྲན་མོ་ཙམ་ཡང་མ་ལུས་པར་འཛིན་པར་གྱིས་དང་། ཨ་སྔོན་དགུང་དུ་ཞལ་ནམ་ཡང་གཟིགས་བཞིན་པའི་འོ་སྐོལ་གྱི་སྟོན་པ་འདོད་སྲིད་ཅན་ཇོ་བོ་དགའ་རབ་དབང་ཕྱུག་གིས་འདའ་ལྔའི་བྱིན་རླབས་དེ། ལུས་ཀྱི་མགོ་མཇུག་ཡོངས་ལ་གྲུ་ཆར་དང་སེར་བ་བཞིན་དུ་འབབ་བཅུགས་ནས་བདེ་བ་སྦྱིན་པར་སོམ་ཉི་མི་དགོས་པའི་གནས་ཤིག་ཡིན་པར་སྙིང་ཁོང་རུས་པའི་གཏིང་ནས་ཡིད་ཆེས་དགོས་སོ། །
དེས་ན་དགའ་རོགས་ལ་བསྩལ་བའི་མདོ་སྡེ་གསེར་ཕུག་མ་ཞེས་བྱ་བ་འདི་ནི། དགའ་རོགས་ཀྱི་ཉིན་མོ་ལ་དམིགས་ཡུལ་དུ་སྦྱོར་བ་པོ། ༼རྩོམ་པ་པོ་འདབ་པ་ཚེ་དབང་མགོན་པོས༽ སྤྱི་ལོ ࿂༢༠༡༥࿂ཚེས :༡༤ ཉིན་གུང་གི་ཆར་ཇ་ཁང་ཞིག་ནང་ལ་གྲོགས་པོ་ཞིག་ལ་ཡེངས་བའི་གཏམ་གླེང་བའི་ཞོར་དུ་སེམས་ཤུགས་ཆེན་པོའི་སྒོ་ནས་སྤེལ་བའོ། འོན་ཀྱང་ད་དུང་གལ་ཆེ་བའི་དོན་མང་པོ་ལྷག་ཀྱང་དུས་ཚོད་ཀྱིས་མ་འདང་བས་རེ་ཞིག་འདིར་འཇོག་རྒྱུ་ཡིན་ནོ།
འདབ་པ་ཚེ་དབང་མགོན་པོ་མཆོག་གིས་གྲོགས་པ་ཞིག་ལ་གཏམ་གླེང་བའི་ཞར་དུ་བྲིས་པའི་རྩོམ་ཡིག་རིང་པོ་འབྲི་རྩལ་དང་བོད་རིག་གཞུང་སྲུང་སྐྱོབ་ལ་སེམས་ཤུགས་ཆེན་པོ་ཡོད་ན་མངོན་པར་བསྟོད་འོས་པ་ཞིག་ལགས།
་
འོན་ཀྱང་བོད་ཀྱི་སྔོན་གྱི་མཁས་པ་རྣམས་ཀྱིས་བྲིས་པའི་གཞུངན་གསལ་བའི་དག་ཆ་དུ་མ་བོད་ཀྱི་མ་འོངས་རིག་གཞུང་ལ་གནོད་པའི་རྐྱེན་དུ་འགྱུར་བ་འདི་ལྟ་སྟེ། བསྩལ་བའི་ཞེས་དང་། རོགས། ངོ་མ། ཡིན་པ་མ་ཟད། འགྱུར་བ་མ་ཟད། འབྲེལ་བའི། འདའ་ལྔའི། དུས་ཚོད་ཀྱིས་མ་འདང་བས། ཞེས་པ་རྣམས་ཁོ་བོ་རྒད་པོའམིག་གིས་མཐོང་བ་དག་ཡིན། མ་མཐོང་བ་དང་མ་ཤེས་པ་མང་དུ་ཡོད་པ་སྨོས་ཅི་དགོས།
དྲ་གྲོགས་ལ་དྭགས་བློ་བཟང་ལགས། སྐུ་ཁམས་བཟང་། དེ་ནས། ཁྱེད་ལ་ཞུ་རྒྱུ་ཞིག་ལ། བོད་ཀྱི་བརྡ་སྤྲོད་ཀྱི་འགྲོས་མ་འགྲིགས་པ་རེད་ཟེར་ན་རུང། རྩོམ་ཡིག་འབྲི་མཁན་རྣམས་ཀྱིས་བདག་གཞན་རྣམ་གཞག་མ་ཤེས་པ་རེད་ཟེར་ན་ཆོག གང་ལྟར་སི་ཏུ་པཎ་ཆེན་དང་། འབྲུག་ཁམས་གཙོས་པའི་མཁས་པ་རྣམས་ཀྱིས་བྱ་ཚིག་བཀོལ་སྤྱོད་སྟངས་ཤིག་དང་། དེ་མིན་མི་ཕམ་དང་རྫ་དཔལ་སྤྲུལ་སོགས་མཁས་པ་རྣམས་ཀྱིས་བྱ་ཚིག་བཀོལ་སྤྱོད་སྟངས། ཡང་བཀའ་འགྱུར་དང་བསྟན་འགྱུར་རྣམས་སུ་བྱ་ཚིག་བཀོལ་བྱེད་སྟངས། དེང་སང་མཁས་པ་རྣམས་ཀྱིས་བྱ་ཚིག་བཀོལ་སྤྱོད་སྟངས་སོགས་གྱུར་ནས། བྱ་ཚིག་བཀོལ་བྱེད་སྟངས་དེ་གཅིག་གྱུར་མེད་པ་དང་། སུ་ཡིས་ཀྱང་ཐག་མི་གཅོད་མི་ཐུབ་པའི་རང་བཞིན་དུ་གྱུར་ཡོད་ལ། དེ་བཞིན་ཡོད་པར་མ་ཟད། ཡོད་པ་མ་ཟད། ཡིན་པར་མ་ཟད། ཡིན་པ་མ་ཟད་སོགས། རྣམ་དབྱེའི་རྐྱེན་ཡོད་ལ་ཡོད་མེད་ལ་རྩོད་གཞིར་གྱུར་པ་དང་། མིང་མཐའ་བ་ཡིག་དང་། པ་ཡིག་གཉིས་ལ་ཨ་མདོ་བ་རྣམས་ཀྱིས་རྩོད་པ་བརྒྱབ་དང་རྒྱག་བཞིན་པ་ཡིན་ཕྱིར། ཁྱེད་ཀྱིས་ང་ཚོར་འགྲེལ་བཤད་གཅིག་གནང་རོགས་གྱིས་དང་། གང་ཡིན་ཞེ་ན། ཁྱེད་རང་དེ་ཚོ་གཅིག་གྱུར་བཟོས་ནུས་པ་མཁས་པ་ཞིག་ཡིན་པ་འདྲ།
སྔར་གྱི་བཀའ་བསྟན་དང་མཐུན་པ་དང་མ་མཐུན་པའི་དག་ཆའི་སྐོར་ལ།
་
བསྩལ། དང་། སྩལ།
རོགས། དང་། གྲོགས།
ངོ་མ། དང་ དངོས་མ།
ཡིན་པ་མ་ཟད། དང་། ཡིན་པར་མ་ཟད།
འགྱུར་བ་མ་ཟད། དང་། གྱུར་པ་མ་ཟད།
འབྲེལ་བའི། དང་། ་་་་་་་་་་
འདའ་ལྔའི། མདའ་ལྔའི་།
དུས་ཚོད་ཀྱིས་མ་འདང་བས། དང་། དུས་ཚོད་ཀྱིས་མ་ལྡང་བས།
་
འདི་དག གང་དག་གམ། གང་མ་དག་པ་རེད། ལགས།
ད་ཡིན་ན་་་་་གང་དྲག་་་་
ཡང་དེ་དག་གི་ནང་གསེས་ལ་དབྱེ་བ་གསུམ་གསུམ་དང་བཞིར་བཞིར་ཕྱེས་ན་ནི་དབྱེ་བ་བཅུ་དང་བཅུ་གཅིག་སོགས་འགྱུར་བ་མ་ཟད། འདས་ཚིག་ཡིན་མིན་ཏན་ཏན་མེད་ཀྱང་། འགྱུར་བར་མ་ཟད། ཅེས་ སྔར་ བོད་ཀྱི་མཁས་་པ་རྣམས་ཀྱིས་བྲིས་པ་ལྟར་ཡིན་ནོ།
སྔར་བོད་ཀྱི་མཁས་པ་རྣམས་ཀྱིས། བདག་གཞན་གཉིས་ཀྱི་དབྱེ་བ་ལེགས་པོར་ཕྱེས་མ་ཤེས་ནས་ལུས་པ་དེ། ཕྱིས་སུ་སི་ཏུན་པཎ་གྱིས་གསལ་བར་མཛད་པ་མཁས་པ་རྣམས་ཀྱིས་ཤེས་གསལ་ཉིད་དོ། དེའི་ཕྱིར་སྔར་གྱི་མཁས་པ་རྣམས་ཀྱིས་མིང་མཐའ་ཙམ་གྱིས་འཐུས་པའི་མཐར། དབྱེ་རྣམ་སྦྱར་བ་དེ་ལ་དོན་ཅི་ཡང་མེད་དོ།
འགྱུར་བ་མ་ཟད། དང་། གྱུར་པ་མ་ཟད།
འདི།
འགྱུར་བར་མ་ཟད།
ལ་བཅོས་རོག་ས་གནོངས།
ཚེ་དབང་མགོན་པོ ལེགས།
ངས་ནི་བརྡོ་སྤྲོད་འགྲིག་མིན་ལྟ་མི་ཤེས་ཀྱང་། བོད་ཀྱི་མཁས་པ་དག་གིས་བྲིས་པའི་དག་ཆ་ཙམ་ལ་རང་ཅག་རྣམས་ཀྱིས་གུས་པས་བརྩི་བཀུར་ཞུས་ཏེ། དེ་དག་གི་རྗེས་སུ་འགྲོ་ཞིང་། གཞན་བློ་གྲོས་་ཀུན་ལ་དེ་ལྟར་མཛད་གྲོགས་ཞུས་པ་དང་། ཞུ་བཞིན་པ་དང་། མ་འོངས་པ་ན་ཡང་ཞུ་བར་འགྱུར། གསན་ནམ་མི་གསན། རང་དབང་ཡིན། ཇི་སྐད་དུ་འཕགས་པ་ཏིང་ངེ་འཛིན་རྒྱླལ་པོའི་མདོ་ལས།
་
མིག་དང་རྣ་བ་སྣ་ཡང་ཚད་མ་མིན།
སྣ་དང་ལུས་ཀྱང་ཚད་མ་མ་ཡིན་ཏེ།
གལ་ཏེ་དབང་པོ་འདི་དག་ཚད་ཡིན་ན།
འཕགས་པའི་ལམ་གྱིས་སུ་ལ་ཅི་ཞིག་བྱ།། ༢༢ །། ལེའུ་༣་པ།
་
དེས་ན། བདག་གིས་ལོ་ངོ་ལྔ་བཅུ་ཙམ་སྔོན་དུ་ཝཱ་རཱ་ཎ་སཱི་ལེགས་སྦྱར་སློབ་གྲྭ་ཆེན་པོའི་དཔེ་མཛོད་དུ་བོད་དཔེ་དག་གི་ཐོ་ཡིག་འབྲི་བ་པོ་ལོ་ངོ་གསུམ་རིང་བྱས་པ་དང་། ཕྱིས་སུ་ཡང་དཀར་ཆག་བཅས་བཀའ་བསྟན་སོགས་བཀླགས་ཀྱང་། བཤེས་པའི་སྤྲིངས་ཡིག་ལ་རྒྱ་གཞུང་གི་འགྲེལ་པ་ཞིག་དི་རིང་བར་དུ་མཇལ་མ་མྱོང་། ངས་མཇལ་མྱོང་བ་ནི། རྗེ་བཙུན་རེད་མདའ་པ་དང་། དགེ་སློང་བློ་བཟང་སྦྱིན་པའི་འགྲེལ་པ་གཉིས་རང་ཡིན། འོན་ཀྱང་དི་རིང་གློ་བུར་དུ་རྒྱ་གར་སློབ་དཔོན་བློ་གྲོས་ཆེན་པོས་མཛད་པའི་ཤེས་པའི་སྤྲིང་གི་འགྲེལ་པ་བསྟན་འགྱུར་ན་ཡོད་པ་མཁས་དབང་པདྨ་བསྟན་འཛིན་གྱིས་ལེགས་སྦྱར་དུ་སླར་བསྒྱུར་ཅིང་གཏན་ལ་ཕབ་པར་མ་ཟད་སྔོན་བརྗོད་སོགས་ ཧིནྡ་སྐད་དང་ཨིན་སྐད་དུ་བྲིས་པ་སོགས་ངོ་མཚར་ཅན་གྱི་བསྟན་བཅོས་ཤིག་རྙེད་པ་བཀའ་དྲིན་རྗེས་དྲན་གྱིས་བོད་སྐད་དང་ལེགས་སྦྱར་སྐད་ལ་སྦྱང་དགོས་པ་མཆིས་སོ།
སྤྱིར་བཏང་མ་ཟད་ཅེས་པའི་ཚིག་འདི་ནི། རྫོགས་ཚིག་གམ། དོན་བསྡུས་པའི་སླར་བསྡུའི་ཕྲད་རྣམས་ཀྱི་རྗེས་སུ་མཐུན་པ་ཙམ་ཞིག་ཡིན་ཕྱིར། བཀའ་བསྟན་གཉིས་ནང་ཤིན་ཏུ་ནས་ཉུང་ལ། དེ་བས་སྔ་རབས་བོད་ཀྱི་རྣམས་ཀྱིས་བརྩམས་པའི་བསྟན་བཅོས་ཁག་ནང་ལ་འཐོན་རྒྱུ་ཡང་ཉུང་ཉུང་ཡིན། འོན་ཀྱང་དུས་ཕྱིས་ཀྱི་མཁས་རྣམས་ཀྱིས་ཚིག་འདི་ཧ་ཅང་གིས་བཀོལ་སྤྱོད་བྱེད་མཁན་ཕྱིར། ཁོང་ཚོའི་བར་ནས་ལ་དོན་གྱི་ཕྲད་ཡོད་མེད་ལ་རྩོད་གཞིར་གྱུར་ནས། ཐག་གཅོད་པའི་སྐད་ཆ་ཅི་ཡང་བཤད་རྒྱུ་མེད་དོ། དེ་དག་གི་གནད་དོན་ཤེས་པར་མཛོད་ཅིག། །
དེར་མ་ཟད་ཅེས་པ་ནི། བཤད་རྒྱུ་གཞན་ཡང་ཡོད་ཅེས་པ་ལ། དོན་བསྡུས་པའི་སླར་བསྡུའི་ཕྲད་རྣམས་ཀྱི་རྗེས་སུ་མཐུན་པ་ཙམ་ཞིག་ཡིན་ཕྱིར། ཞེས་པ་ལ་དཔྱད་དགོས་པར་མཐོང་། བརྗོད་པ་གཞན་རྣམས་རྣམ་དཔྱོད་ཅན་གྱི་གཏམ་མོ།