—–འབའ་སྲས།
རྨ་བྱ་འདྲ་བའི་དུག་ཟས་མི་ཟ་བ།།
ཝ་མོ་ལྟ་བུ་གཡོ་སྒྱུ་མི་ཆེ་བ།།
ཁྭ་ཏ་བཞིན་དུ་སྐད་ངན་མི་འབྱིན་པ།།
སྨྲ་ཤེས་དོན་གོ་ཡིན་ན་དེ་བས་ཆོག །
སྨྱུག་མ་འདྲ་བའི་སྐྱེས་གཟུགས་མེད་ན་ཆོག །
གངས་དང་འདྲ་བའི་ལྷག་བསམ་གཙང་བས་ཆོག །
ཟླ་བ་ལྟ་བུའི་མོ་སྒོ་མེད་ན་མེད།།
འོད་ཟེར་འདྲ་བའི་སེམས་ཤིག་ཡོད་པས་ཆོག །
དང་བོ་འཕྲད་དུས་ཁ་ཡག་མི་བཤད་པ།།
བར་དུ་འགྲོག་དུས་ངོ་ལོག་མི་སྟོན་པ།།
མཐའ་མར་གྱེས་ཀྱང་རྒྱབ་འགལ་མི་བྱེད་པ།།
དུས་གསུམ་གང་དུ་མི་ཞིག་ཡིན་པས་ཆོག །
ལུས་དང་གདོང་ན་རྨ་ཁ་ཡོད་ན་ཡོད།།
རྐང་པར་ལག་པར་དྲི་མ་བྲོ་ན་བྲོ།།
ཁ་དྲི་རྟུག་དྲི་ངན་པ་ཁ་ན་ཁ།།
སེམས་ཀྱི་གཏིང་ན་དྲི་མ་མེད་པས་ཆོག །
མཛེས་པའི་གདོང་ལ་མིག་དབང་མི་ཤོར་བ།།
འབྱོར་བའི་མཛོད་ལ་ལག་པ་མི་བསྲིངས་པ།།
རིག་རིག་མཐོང་མཐོང་ང་དགོས་མི་ཟེར་བ།།
རང་རང་ཚོད་ཀྱིས་སྡོད་མཁན་ཞིག་གིས་ཆོག །
ཉིན་རེར་ལྭ་བ་ཐེངས་མང་མི་བརྗེས་པ།།
ཟླ་རེར་དགའ་རོགས་མང་བ་མི་འཚོལ་བ།།
ཚོང་ཁང་ཟ་ཁང་རྒྱུན་དུ་མི་འགྲོ་བ།།
སྐྱིད་པོ་ཁོ་ན་མི་བསམས་དེ་བས་ཆོག །
རྒད་པོ་གཙོག་ཀྱང་ལྷ་བཞིན་མཐོང་ནི་ཞིག །
བྱིས་པ་སྐྱེས་ན་མིག་ལྟར་གཅེས་ནི་ཞིག །
རང་གི་ཁྱིམ་ཚང་དྲོད་ཀྱིས་སྐྱོང་ནི་ཞིག །
ཁྱིམ་གྱི་བདག་མོ་ཉན་ནི་ཞིག་གིས་ཆོག །
བཤད་བཤད་ཚང་མ་མཉན་འདོད་མེད་མཁན་ཞིག །
བྱིན་བྱིན་ཚང་མ་ཟ་འདོད་མེད་ནི ཞིག །
རང་ཉིད་རང་ལ་ཡིད་ཆེས་ཡོད་མཁན་ཞིག །
རང་ཚོད་རང་གིས་ཐུབ་ན་དེ་བས་ཆོག །
རྒད་པོ་བཞག་ནས་དགའ་རོགས་མི་འཚོལ་མཁན།།
ཕ་མ་བསྐྱར་ནས་ཕ་མཐར་མི་ལྡོམ་མཁན།།
རང་གི་ཉེ་ས་དགྲ་རུ་མི་འཛིན་མཁན།།
ལས་འབྲས་བརྩི་མཁན་ཡིན་ན་དེ་བས་ཆོག །
ཝུ་ཆང་རྒྱ་མ་གང་རེ་ཉོ་ནི་ཞིག །
ཐ་མག་བག་ཆ་འགའ་རེ་སྟེར་ནི་ཞིག །
སྙན་ངག་མང་མང་བྲིས་ན་དགའ་ནི་ཞིག །
ནམ་ཡང་རང་གི་འགྲམ་དུ་འདུག་ནི་ཞིག །
མདོར་ན་རང་གཅེས་གཞན་ལྟ་ཤེས་ནི་ཞིག །
རང་ལུས་བདག་པོ་རང་ཉིད་ཡིན་ནི་ཞིག །
ལག་པའི་ཕྱི་ནང་དབྱེ་བ་ཤེས་ནི་ཞིག །
གང་དུ་ཡོད་ན་བདག་ལ་ངོ་སྤྲོད་བྱོས།།
15/11/18 ཉལ་ཁར།
དེང་སང་གི་དུས་ཚོད་འདིར་ཁྱད་ཆོས་འདི་ལྟར་ཚང་བའི་དགའ་རོགས་ཤིག་རེག་ཁག་པོ་ཡིན་རྒྱུ་རེད།
ཡ་གིའི་རྩ་གསུམ་ལྷ་ཡི་ཕོ་བྲང་ནས།།
མ་གིའི་དམྱལ་ཁམས་མཐའ་ལ་ཐུག་གི་བར།།
ཁྱེད་རང་འདོད་པའི་བུ་དེ་འདྲ་ཞིག།
ཡོད་ཡོད་འདྲ་ལ་ཕལ་ཆེར་མེད་པ་མང་།།
ཆང་རག་འཐུང་ནའང་འཐུང་དུ་འཇུག
ཤོ་བག་རྩེད་ནའང་རྩེད་རུ་འཇུག
ཁྱོ་ཕོའི་གམ་དུ་ཉིན་མཚན་ཀུན།
འདུག་པའི་བུད་མེད་འཚོལ་མི་དགོས།།
མ་ཇུང་ཀྲི་ལའི་ལམ་ཟུར་ན།།
དེ་འདྲའི་བུད་མེད་མང་དུ་འདུག
ཡ་ཀི་རྒྱལ་པོའི་ཕོ་བྲང་ནས། །
མ་ཀི་སྤྲང་པོའི་འཛོམས་སའི་བར། །
ག་རུ་བཙལད་ཀྱང་མི་རྙེད་པའི། །
བུ་མོ་འདི་འདྲ་གང་དུ་ཡོད། །