འཁྱམས་པོ།
ཀ་བ་ཡོད་མེད་རྩོད་གཞི་ཆོས་ཅན་དུ་བཀོད་ཏེ།།
ཁ་དོག་དཀར་དམར་རྩོད་པའི་རྟགས་གསལ་པ་འགའ་ཡིས།།
གལ་ཆེན་ངལ་དུབ་བྱས་ཏེ་ཐལ་སྒྲ་དང་བཅས་ཀྱང་།།
ང་བདག་འཇོམས་པའི་གཉེན་པོ་རུ་གྱུར་ན་ལེགས་འདུག །
ཅ་ཅོའི་ཚིག་གི་སྤྲོས་པས་དགག་པ་དང་བསྒྲུབ་པ།།
ཆ་བཅས་ཆ་མེད་ལ་སོགས་ལུང་རིག་གི་མཐའ་དཔྱད།།
ཇ་ཡུན་ཙམ་ལ་སྐད་གསང་མཐོ་པོ་རུ་སྒྲོགས་ཀྱང་།།
ཉ་ཉོག་གཏམ་ལས་དགོས་པ་དོན་ལྡན་ཞིག་མཐོང་ངམ།།
ཏ་ཐཱ་ག་ཏའི་ལྟ་དགོང་ཟབ་མོ་ཡི་གནས་ལུགས།།
ཐ་སྙད་ཚིག་གི་སྤྲོས་པའི་མཐའ་དཔྱད་ལ་མཁས་ཀྱང་།།
ད་ལྟར་འདི་རུ་དུས་ཀྱི་ཕོ་ཉ་རང་བསླེབས་ན།།
ན་དགའ་ཤི་སྐྱིད་ལྟ་བའི་གདེང་ཚོད་དང་ལྡན་ནམ།།
པ་ཏྲའི་རི་མོ་ལྟར་བུའི་ཚིག་ཚོགས་དེས་ཅི་བྱ།།
ཕ་རོལ་ཕྱིན་པའི་སྤྲོས་མཐའ་བརྒྱད་བྲལ་གྱི་ལྟ་བ།།
བར་ནའང་མ་ཡིན་དོན་དམ་གནས་ལུགས་ཀྱི་ངོ་བོ།།
མ་མ་གྱུར་བའི་རྒྱལ་ཡུམ་ཕར་ཕྱིན་ངང་སྐྱོངས་མཛོད།།
ཙ་རི་ཡན་ཆོད་གངས་རི་མན་ཆད་དུ་རྒྱུ་ཞིང་།།
ཚྭ་གྲང་ཆེད་བསད་བྲེལ་བྲེལ་ཚུབ་ཚུབ་ངང་ཕེབས་ཀྱང་།།
ཛ་ལང་འཁུ་འཁྲིགས་འདུ་འཛི་དམ་པོ་དེས་བཅིང་ན།།
ཝ་སྤྲེལ་སྟག་སོགས་རི་སུལ་མགྲོན་པ་ལས་ཁྱད་ཅི།།
ཞ་བོ་ལྟར་དུ་འགྲོ་རྒྱུག་ཇེ་ཉུང་ལ་བཏང་རོགས།།
ཟ་ཟིང་འཆོལ་གཏམ་མ་སྨྲ་ལྐུག་པ་བཞིན་གནས་དགོས།།
འ་འུའི་རྩིང་སྤྱོད་སྤངས་ལ་ཞི་དུལ་ངང་སྐྱོངས་མཛོད།།
ཡ་ཀི་རྫོགས་ཆེན་ཡིན་འདོག་གང་བྱུང་རང་མ་གནང་།།
རྭ་ལྟར་གྱོང་བའི་ཀུན་བཏགས་ལྷན་སྐྱེས་ཀྱི་བདག་འཛིན།།
ལ་དང་ལུང་པ་བརྒལ་ཀྱང་རང་རྒྱུད་དང་འབྲལ་མེད།།
ཤ་རུས་ཙམ་ལ་ཞེན་པའི་བདག་འཛིན་དེ་སྤངས་དང་།།
ས་ཕྱོགས་གང་དུ་གནས་ཀྱང་དེ་ག་རང་མཐུས་སྙམ།།
ཧ་ཅང་སྙན་པོ་མེད་ཀྱང་ཀ་རྩོམ་ཞིག་ཡིན་འདོག །
ཨ་ཁུ་འཁྱམས་པོས་དོན་མེད་སོར་ཕྲེང་གིས་སྤེལ་ལོ།།
ཀ་དག་ནམ་མཁའ་མཁའ་འདྲ་བ། །
ཁ་སྣའི་ཡུལ་བཟུང་རྟེན་འབྲེལ་གྱིས། །
གར་ཁྱབ་བདག་མེད་སྟོན་མཛད་པ། །
ང་ཡི་བླ་མར་གུས་ཕྱག་འཚལ། །
ཅ་ལག་འདུ་ཛིར་མ་ཆགས་པར། །
ཆ་རྫོགས་དགེ་སློང་རྣམ་དག་མཛད། །
ཇ་ཡུན་བར་ལའང་བློར་འཛིན་པ། །
ཉ་རྒྱས་མཁྱེན་བརྩེའི་བདག་པོར་འདུད། །
ཏྰ་ཐ་ག་ཏའི་ཟབ་མོའི་དོན། །
ཐ་སྙད་རིགས་པས་ཚུལ་བཞིན་སྟོན། །
ད་ལྟའང་གཞུང་ལུགས་བཅོ་བརྒྱད་བཞུགས། །
ན་ཚོད་གཞོན་པས་དེ་དག་སྦྱོངས། །
པྰ་ལགས་མ་ཟེར་ཕ་ལགས་ལོབ། །
ཕ་ལགས་ལོབས་བཞིན་ཨ་ཕར་བོས། །
མ་ལ་ཨ་མ་མ་ཡུམ་བཞིན། །
བ་གླང་ལྟ་བུའི་སྤྱོད་པ་དོར། །
ཙག་ཙིག་ལས་ལ་མགོ་མ་འཁོར། །
ཚ་གྲང་ལྟོག་སྐོམ་བཟོད་བསྲན་གྱིས། །
ཝ་ལྟར་འདར་མའི་བློ་བཞག་ནས། །
ཞྭ་ལྟར་ཀུན་བཀུར་ལ་རྒྱར་འབད། །
ཙག་ཙིག་ལས་ལ་མགོ་མ་འཁོར། །
ཚ་གྲང་ལྟོག་སྐོམ་བཟོད་བསྲན་གྱིས། །
ཛ་ལང་ལང་ཤོར་སྤྱོད་པར་འཛེམས། །
ཝ་ལྟར་འདར་མའི་བློ་དོར་ཅིག །
ཞྭ་ལྟར་ཀུན་བཀུར་ལ་རྒྱར་འབད། །
ཟ་འཐུང་གཉིས་ལ་མགོ་མ་འཁོར། །
འ་ཆད་འུ་ཐུག་དུས་འོངས་སྲིད། །
ཡ་མེད་སྤྱོད་པ་བྱ་དོན་མེད། །
ར་ལྟར་གྱོང་བའི་སེམས་འདུལ་བར། །
ལ་ལུང་མང་པོ་བགྲོད་དགོས་དང་། །
ཤ་ཟད་རུས་པར་ཐུག་ན་ཡང་། །
ས་སྟེང་འདི་ནང་སྙིང་རུས་གྱིས། །
ཧ་ཧི་ཧ་ཅང་ཧམ་པ་ཡིས། །
ཧམ་བཤད་འདི་ལ་སྤྱན་ཟུར་ཕོབས། །
ཨ་ཕ་ཨ་མ་དྲིན་ཆེན་དང་། །
ཨ་ཡིག་སློབ་མཁན་དགེ་རྒན་དྲན། །