ཀླུ་སྨྱོན་ཧེ་རུ་ཀ
སྐད་འཕྲིན་སོགས་བརྒྱུད་ནས་མི་མང་པོ་ཞིག་གིས་ཁྱེད་སྙན་ངག་པ་ཡིན་པས་དགའ་ལྡན་ལྔ་མཆོད་ལ་སྙན་ངག་ཅིག་ཕྲིས་ཞེས་བསྐུལ་སོང་། ང་སྙན་ངག་པ་ཡིན་མིན་མི་ཤེས་ཀྱང་རྗེ་ཙོང་ཁ་པ་ནི་དུས་སྐབས་དེའི་སྙན་ངག་པ་ཡག་ཤོས་ཤིག་ཡིན་པ་ནི་ཁོང་གི་བསྟོད་ཆེན་བཞི་སོགས་བཀླགས་ན་ཤེས་ཐུབ། ཁྱེད་རང་རྙིང་མ་པ་ཞིག་གམ་བཀའ་བརྒྱུད་པ་ཞིག ས་སྐྱ་པ་ཞིག་གམ་ཇོ་ནང་པ་ཞིག ཡང་ན་བོན་པོ་ཞིག་ཡིན་ཡང་ཆོག་སྟེ། གལ་སྲིད་ཁྱེད་རང་སྙན་ངག་རིག་པ་འདི་ལ་དུང་བ་ཟབ་ཅིང་གློ་བ་ཉེ་བ་ཞིག་ཡིན་ཚེ། ངེས་པར་དུ་རྗེ་ཙོང་ཁ་པའི་སྙན་ངག་ཀུན་གྱི་ཡང་རྩེར་བསྔག་ཆོག་པའི་བྱང་སེམས་རྟག་ཏུ་ངུའི་རྟོགས་བརྗོད་དེ་ཚར་གཅིག་ཀློག་དགོས། སྤྱིར་ན་རྗེ་ཙོང་ཁ་པ་དབུས་སུ་བྱོན་པའི་དུས་སྐབས་དེར་བོད་ཀྱི་ཆོས་བརྒྱུད་སོ་སོའི་ཁྲོད་དུ་རིག་གནས་སྤྱི་དང་ཁྱད་པར་དུ་སྙན་ངག་ལ་མཁས་པ་མང་པོ་ཞིག་གིས་རང་རང་གི་སྙན་ངག་གི་བརྩམས་ཆོས་སྤྱི་ཚོགས་སྟེང་འགྲེམ་སྤེལ་བྱེད་བཞིན་པའི་དུས་རབས་ཡག་པོ་ཞིག་དང་ཁེལ་འདུག དཔེར་ན་བོ་དོང་པཎ་ཆེན་དང་ཁོང་གི་སྙན་ངག་གི་བརྩམས་ཆོས་ལྟ་བུ་རེད།
སྔོན་གྱི་བྱ་བྲལ་བ་རྗེ་མི་ལ་རས་པ་དང་ཕྱིས་ཀྱི་བྱ་བཏང་བ་ཚོགས་དྲུག་རང་གྲོལ་ལྟ་བུས་རང་རང་གི་མ་ཡུམ་ལ་བྲིས་པའི་སྙན་ངག་གམ་མགུར་མ་རེ་མཇལ་དུ་ཡོད་པ་དང་། ངས་ཐེངས་མང་པོར་རྗེ་ཙོང་ཁ་པས་ཁོང་གི་མ་ཡུམ་ལ་བྲིས་པའི་སྙན་ངག་རེ་ཨེ་རྙེད་ཀྱི་རེ་བ་བརྒྱབ་ཀྱང་ལག་སོན་མ་བྱུང་། ཡིན་ན་ཡང་། རྗེ་འདིས་བརྩམས་པའི་ཨ་མ་དྲན་མགུར་དང་ཨ་མར་བསྐུར་པའི་འཕྲིན་ཡིག་ལྟ་བུ་བརྩམས་ཆོས་ཐོར་རེ་བ་མང་པོ་ཞིག་དུས་རབས་བརྒྱུད་ནས་བོར་བརླགས་སུ་ཕྱིན་ཡོད་པ་དང་། ཁོང་གི་བརྩམས་ཆོས་ཤིང་པར་ཐོག་མ་དགའ་ལྡན་ཟུང་ཆུ་ཁང་ཚན་དུ་བཞུགས་པ་དེ་དག་ཀྱང་དེ་འདྲའི་ཆ་ཚང་རང་བཞིན་ཅན་ཞིག་ཡིན་ཚོད་མི་འདུག གང་ལྟར་རྗེ་ཙོང་ཁ་པ་ནི་སྔོན་གྱི་སྐྱེས་ཆེན་ཚོའི་ཁྲོད་དུ་རང་གི་ཨ་མར་འབྲེལ་བ་ཟབ་པའི་སྙན་ངག་པ་ཞིག་ཡིན་ཞིང་། ཨ་མས་མདོ་སྨད་ནས་ཚོང་དཔོན་ནོར་བུ་བཟང་པོ་བརྒྱུད་ནས་ཁོང་ལ་བསྐུར་པའི་དབུ་སྐྲ་དཀར་པོའི་ཉག་མ་དེ་ཚོར་གཟིགས་རྗེས་ཁོང་རང་དབང་མེད་པར་བཤུམས་པ་དང་། ཡང་དགའ་ལྡན་འགོག་པ་རིར་དཔྱིད་ཀྱི་དཔལ་མོ་བསླེབས་ཐེངས་རེ་རེར་ལྷོ་མོན་གཡུ་ལོའི་ཚལ་ནས་མ་བོས་མགྲོན་དུ་བྱོན་པའི་ལྷ་བྱ་ཁུ་བྱག་སྔོན་མོའི་གསུང་སྙན་གསན་ཐེངས་རེ་རེར། རྗེ་འདིའི་ཨ་མ་དྲན་པའི་གདུང་བ་འགོག་ཐབས་མེད་པར་གྱུར་པ་རེད། དེར་བརྟེན་དམ་ཅན་ཆོས་རྒྱལ་ཡིན་ནམ་ཞིག་གིས་དགའ་ལྡན་འགོག་པ་རི་ནས་ཁུ་བྱུག་ཚོས་གླུ་དབྱངས་ལེན་མི་ཆོག་པའི་ཁྲིམས་གསར་བ་ཞིག་གཏན་འབེབ་བྱས་ཚུལ་གྱི་གཏམ་རྒྱུད་སྙན་ལ་སྐྱོ་བ་ཞིག་ཀྱང་འདུག
གང་ལྟར་སང་ཉིན་ཨ་མེ་རི་ཀའི་གླིང་ཆེན་འདིར་རྗེ་ཙོང་ཁ་པ་དགའ་ལྡན་ཡིད་དགའ་ཆོས་འཛིན་དུ་ཕེབས་པའི་དུས་ཆེན་ཁྱད་པར་བ་དེར་ཁེལ་འདུག་པས། ན་ནིང་རང་ཉིད་དང་ས་གནས་བོད་མི་འགས་སྣེ་ཁྲིད་དེ་དགའ་ལྡན་ལྔ་མཆོད་ཅིག་གསར་འཛུག་ཞུས་པའི་ཉེར་ལེན་གྱིས། ས་གནས་འདིར་ཇི་སྲིད་བར་དུ་དགའ་ལྡན་ལྔ་མཆོད་སྲུང་བརྩི་བྱེད་མགོ་བཙུགས་པ་འདི་ནི་ངས་རྗེ་ཙོང་ཁ་པར་བྲིས་པའི་སྙན་ངག་ཡག་ཤོས་དེ་ཡིན་པར་སྔོན། ཨོ། གཅིག་བརྗེད་གྲབ་འདུག ལོ་ངོ་ཉི་ཤུ་རྩ་ལྔའི་སྔོན་ང་ཕ་ཡུལ་གངས་ལྗོངས་སུ་ཡོད་དུས། ཉིན་རེར་མདོ་སྡེ་བརྒྱད་སྟོང་པ་ཚར་རེ་ཀློག་ཐུབ་པའི་སྐད་གྲགས་སྐམ་པོ་ཞིག་གི་རྐྱེན་གྱིས་ཉེ་འཁོར་གྱི་འབྲོག་པ་ཚོས་ང་ཁོང་ཚོའི་རིམ་གྲོ་བར་གདན་འདྲེན་བྱེད་ཀི་རེད་ལ། དུས་སྐབས་མང་པོ་ཞིག་ལ་ངས་ཁོང་ཚོའི་ཆེད་དུ་བརྒྱད་སྟོང་པ་ལན་མང་བཀླགས་པ་དང་། ཆབ་ཆའི་པར་མའི་བརྒྱད་སྟོང་པ་དེའི་མཇུག་དེར་རྗེ་ཙོང་ཁ་པས་བརྩམས་པའི་བྱང་སེམས་རྟག་ཏུ་ངུའི་རྟོགས་བརྗོད་སྙན་ངག་གི་རྒྱན་ཕུན་སུམ་ཚོགས་པས་སྤྲས་པ་དེ་བཞུགས་ཡོད་པས་ངའི་ཡིད་དབང་ཅིག་ཅར་དུ་འཕྲོགས་པ་ཐེངས་གཅིག་མིན། སྐབས་དེར་ང་ནི་ཚངས་སྲས་བཞད་པའི་སྒྲ་དབྱངས་ཀྱི་སྡོད་རོགས་དང་ཉལ་རོགས་ཤིག སྙན་ངག་ལ་བཅིངས་པའི་བརྩེ་སེམས་དྲོན་པོ་ཞིག་མེ་ལྕེ་ལྟ་བུར་འབར་བཞིན་པའི་ལས་དང་པོ་བ་ཞིག་ཡིན་པས། རྗེ་འདིས་མཛད་པའི་རྟག་ངུའི་རྟོགས་བརྗོད་ཀྱི་བྲོ་བ་ཆེན་པོ་དེ་ཡང་ཡང་མྱོང་འདོད་བྱེད་ཀི་ཡོད། རྗེས་སུ་ངའི་གྲོགས་པོ་དགེ་འདུན་རབ་གསལ་ལགས་ཀྱིས་རྟོགས་བརྗོད་འདིའི་སྐོར་ལ་དཔྱད་རྩོམ་ཡག་པོ་ཞིག་བྲིས་པ་དང་། རང་ཉིད་ཀྱི་སྙན་ངག་གི་གོ་རྟོགས་ཀྱང་མཐོ་རུ་ཕྱིན་པའི་འགྲོས་དང་བསྟུན་ནས་རྗེ་འདིའི་སྙན་ངག་གཅིག་བུ་མ་ཡིན་པར་གསུང་རབ་སྤྱི་ལ་དང་བའི་དད་པ་བཅོས་མིན་ཞིག་སྐྱེས་བྱུང་།
ཕ་ཡུལ་ན་ཡོད་དུས་རང་ཉིད་ཀྱིས་རྗེ་བླ་མ་ལྰ་མོའི་ཡོངས་འཛིན་རྡོ་རྗེ་འཆང་ཆེན་པོར་རྗེ་འདིས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་དཔེ་ཁྲིད་ཅིག་ཀྱང་ཞུས་པ་དང་། གསུང་ཟབ་འདི་ཁ་འདོན་གྱི་ནང་དུ་ཡང་བཞག་ནས་ལོ་མང་སོང་ཟིན། ལན་རེར་ངས་མིག་ཟུང་བཙུམས་ནས་ཡིད་ཀྱི་ལྗོངས་རྒྱུ་བ་དེ་དགའ་ལྡན་འགོག་པ་རིར་འཛེག་ཏུ་བཅུག་པ་ན། རི་དེའི་རྩེ་རུ་ཆགས་པའི་དགའ་ལྡན་དགོན་པའི་སྐོར་ལམ་གྱི་མཐའ་དེ་རང་དུ་རྗེ་འདིས་ང་ལ་བསུ་མ་མཛད་ཅིང་། ཨམ་སྐད་ཀྱིས་ཁྱོས་ཨི་དཀའ་ཐལ་ཞེས་འཚམ་འདྲི་གནང་བའི་སྣང་བ་ཞིག་ཀྱང་ཐོལ་གྱིས་སྐྱེ་ཡོང་། དེ་དུས་ངས་མིག་མཐའ་མཆི་མས་བསྐོར་ཅིང་ལག་པ་འདར་བཞིན་ཕ་ཡུལ་ནས་ཁྱེར་ཡོང་བའི་དད་འདུན་གྱི་ཚིལ་དྲེགས་ཆགས་པའི་ཁ་བཏགས་དཀར་པོ་ཞིག་དང་འབྲི་མར་ལུག་གི་གྲོད་པ་གང་ཁོང་ལ་ཕུལ་ཏེ། ཨ་ལགས་སང་། ཁྱེད་ཀེ་བདེ་མོ་ཡིན་ནམ། ཞེས་ཀྱང་ཞུས་པ་ལགས།
རྗེ་ཉིད་ངེས་དོན་རྗེ་བཙུན་འཇམ་པའི་དངོས་སུ་འགྲོ་བ་མིའི་གཟུགས་སུ་བྱོན་པ་ཞིག་ཡིན་ན་ཡང་། འགྲོ་བ་མིའི་གཟུགས་སུ་བྱོན་དུས་འཇིག་རྟེན་མི་གཟུགས་ཀྱི་ཨ་མ་ཞིག་ཀྱང་ཡོད་ལ། ཁོང་དང་ཨ་མ་དེའི་བར་གྱི་བརྩེ་འདང་ཡང་ཇི་སྲིད་བར་དུ་ང་ཚོས་དྲན་གསོ་བྱེད་དགོས་པ་ཞིག་ཡིན་པས། འདིར་བརྩེ་བས་ཕྱུག་ཅིང་འཆར་ཡན་གྱི་རང་བཞིན་ལྡན་པའི་”རྗེ་ཙོང་ཁ་པས་ཁོང་གི་མ་ཡུམ་ལ་བསྐུར་པའི་འཕྲིན་ཡིག”་ཅིག་གིས་མཇུག་བསྡུ་བར་བྱ་སྟེ།
༄༅། །བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ།། བརྩེ་བ་མཚོ་ལས་ཟབ་ཅིང་དུང་བ་རི་ལས་ལྕི་བའི་ཨ་མ་ཤིང་བཟའ་ཨ་ཆོས་ལགས་ཀྱི་དྲུང་དུ།
ཁྱེད་དང་ཕུ་ནུ་མིང་སྲིང་ཚང་མ་བདེ་མོ་ཨི་ཡིན། ཚོང་དཔོན་ནོར་བུ་བཟང་པོ་བརྒྱུད་དེ་བསྐུར་པའི་ཨ་མའི་སྐྲ་ཡི་ལན་བུ་དང་སྲིང་མོས་བཟོས་པའི་སྣམ་བུའི་ཐུལ་བ། ནུ་བོས་ཟི་ལིང་ནས་ཉོས་པའི་བ་སོའི་ཕྲེང་བ། ཕ་རྒན་གྱིས་བེད་སྤྱོད་ལོ་མང་བྱས་པའི་མ་ཎི་ལག་འཁོར་སོགས་འབྱོར་བར་དགའ་སྤྲོ་འཕེལ་ཞིང་། དངོས་པོ་འདི་དག་གིས་ང་ཚོ་ལྷན་དུ་འཛོམས་པའི་སྣང་བ་ཞིག་ཀྱང་སྐྱེ་རུ་བཅུག་སོང་། ཁྱད་པར་དུ་ཨ་མའི་སྐྲ་ལོ་དཀར་པོ་འདི་དག་མཐོང་ནས། ང་རང་ཕ་ཡུལ་ན་ཡོད་དུས་ཀྱི་གཞོན་ཉམས་ཆེ་བའི་ཨ་མ་དང་ཨ་ཕ་གཉིས་ཀྱི་གཟུགས་རིས་དེ་ཡང་ཡང་མིག་ལམ་དུ་འཆར། སྟོན་པ་ཐུགས་རྗེ་ཅན་གྱིས། འདུས་བྱས་ཐམས་ཅད་མི་རྟག་པའོ་ཞེས་པའི་གསུང་གི་བདུད་རྩིའི་བྲོ་བ་དེ་ཅི་ཙམ་སྤྱད་ཀྱང་རྫོགས་མཐའ་བྲལ་བའི་སྣང་བ་ཞིག་སྐྱེ་ཡོང་།
ལོ་ཤས་སྔོན་ཨ་ཕ་འཇིག་རྟེན་ཕྱི་མའི་མགྲོན་དུ་ཆས་པའི་ཡི་གེ་དེ་འབྱོར་བ་དང་། དེ་རིང་ཡང་ཨ་མའི་དུང་ལྟར་དཀར་བའི་དབུ་སྐྲའི་ལན་བུ་འདི་དག་མཐོང་བའི་རྐྱེན་གྱིས། ང་རང་ཕ་ཡུལ་ཙོང་ཁ་བདེ་ཁམས་སུ་ལན་གཅིག་ཡོང་འདུན་ཤིན་ཏུ་ཆེ་མོད། དེང་གི་དུས་འདི་ནི་ང་རང་གིས་རྗེ་བླ་མ་རེ་འདའ་བ་ལས་དམ་པའི་ཆོས་ཀྱི་བདུད་རྩི་ཟབ་མོའི་དཔལ་ལ་ལོངས་སུ་སྤྱོད་བཞིན་པའི་དུས་སྐབས་གལ་ཆེན་པོ་ཞིག་ཡིན་ཞིང་། རྗེ་བླ་མ་འདི་སྐུ་ན་ཧ་ཅང་སྨིན་ཀྱང་ཁོ་བོ་ཐུགས་ལ་ཤིན་ཏུ་བཏགས་ནས་མདོ་སྔགས་ཆོས་ཚུལ་གང་ཞུས་དཔེ་མཁྱུད་མེད་པར་གནང་བཞིན་པའི་བཀའ་དྲིན་འཁོར་ཐབས་མེད་པ་ཞིག་ཏུ་ཡོད་པས། ལོ་ཤས་རིང་བླ་མ་འདི་ཁོ་ནའི་ཉེ་འཁོར་ཞིག་ཏུ་བསྡད་ནས་ཐོས་བསམ་སྒོམ་པ་ཡ་མ་བྲལ་བ་ཞིག་བྱེད་རྩིས་ཀྱི་འཆར་གཞི་བཏིངས་ཟིན་པས། ཨ་མ་ལགས་ཀྱིས་གཙོས་པའི་ཤ་ཉེ་རིང་ཚང་མར་གནས་སྐབས་ཐུག་འཕྲད་དུ་ཡོང་ཐུབ་མ་བྱུང་ན་ཡང་། རང་རེ་ཚང་མ་ད་རེས་ཀྱི་ཡུན་ཐུང་གི་མི་ཚེ་འདིར་ཤ་ཁྲག་གཉེན་གྱི་འབྲེལ་བ་ཟབ་མོ་ཞིག་གིས་ཡོངས་སུ་བཅིངས་ཡོད་པས། ཁྱེད་རྣམས་ཀྱིས་ང་སེམས་ལ་བཅིངས་ནས་དམ་པ་ཆོས་དང་འཚོ་བའི་ཉེར་མཁོ་ཡང་ཡང་བསྐུར་པ་དང་། ངས་ཀྱང་ཉི་མ་རེ་རེའི་ཉམས་ལེན་གྱི་སྐབས་སུ་ཁྱེད་ཅག་སེམས་ལ་བཞག་ནས་བསྔོ་བ་སྨོན་ལམ་གང་ཟབ་བཏབ་དང་འདེབས་བཞིན་ཡོད། ཨ་མ་ལགས། གལ་སྲིད་ངེད་མ་བུ་གཉིས་ཚེ་འདིར་དངོས་སུ་མཇལ་བའི་སྐལ་བ་མེད་པ་ཡིན་ན། སྐྱེ་བ་ཕྱི་མར་དགའ་ལྡན་ཡིད་དགའ་ཆོས་འཛིན་དུ་རྒྱལ་ཚབ་བྱམས་པ་མགོན་པོའི་དྲུང་དེར་ཚེ་འདིའི་མ་བུ་བཞིན་དུ་སླར་ཡང་མཇལ་བའི་སྨོན་ལམ་ཞུ། ཡི་གེ་བསྐུར་རྟེན་དུ་ང་རང་གི་ཁྲག་གིས་བཞེངས་པའི་ངའི་སྣང་བརྙན་བྱོན་ལེགས་ཤིག་དང་རྒྱ་གར་ནས་ཐོན་པའི་བྱང་ཆུབ་ཤིང་འབྲས་ཀྱི་ཕྲེང་བ་གསུམ། དབུས་ཀྱི་སྣམ་བུ་སེར་པོ་ལས་བཟོས་ཤིང་ང་རང་གིས་ལོ་མང་གྱོན་ཟིན་པའི་པཎ་ཞྭ་སེར་པོ་ཞིག རྒྱ་ཤོག་བཟང་པོའི་ངོས་སུ་ང་རང་གི་ལག་བྲིས་མའི་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུའི་རྟོགས་བརྗོད། ངས་ལེགས་བཤད་གསེར་ཕྲེང་རྩོམ་སྐབས་ཀྱི་སྣག་བུམ་དང་སྨྱུ་གུ་གསུམ་བཅས་ཕུལ་ཡོད། ཁྱེད་ཀྱི་བུ་ཤར་ཙོང་ཁའི་ཡུལ་ནས་དབུས་འགྱུར་ཆོས་ཀྱི་ཞིང་སར་བསླེབས་པའི་དགེ་སློང་བློ་བཟང་གྲགས་པས་ཕུལ།
ཟླ་ཚེས་ཤིན་ཏུ་དགེ་བར། (གོང་གསལ་བཞིན་འདི་ནི་རྟོག་བཏགས་ཀྱི་རྩོམ་ཡིག་ཅིག་ཡིན་པ་ཐུགས་འཇགས་ཞུ)
དཔེ་ཡག་པོ་བྲིས་འདུག སྙན་ངག་པ་རང་རེད།
རྗེ་ཙོང་ཁ་པར།
བསྟན་པ་ཉི་མ་འདྲ་བ་སྤེལ་བའི་ཕྱིར།
ཕྱོགས་རིས་མུན་པར་གོ་བསྐལ་སྦྱིན་མ་མྱོང་།
འགྲོ་བ་མ་བཞིན་མགོ་ལ་བཀུར་བའི་ཕྱིར།
ཆགས་སྡང་འདྲེ་ལ་ནམ་ཡང་བསྐྱབས་མ་གཏད།
ཐོས་བསམ་སྒོམ་གྱིས་ཚེ་གང་རྒྱས་བྱེད་པ།
བློ་བཟང་གྲགས་པ་གངས་ལྗོངས་བླ་མའི་དཔེ།
སྐྱབས་སུ་ཆེ། རྗེ་ཙོང་ཁ་པས་མ་ཡུམ་ལ་བཙལ་གནང་བའི་ཕྱག་བྲིས་དེས་ང་རང་ཡང་ཕ་ཡུལ་དུ་བཞུགས་པའི་ཨ་མ་དྲན་བཞིན་མིག་ཆུ་དབང་མེད་དུ་ཤོར་
གངས་ཅན་ཞིང་གི་བཙུགས་རྒྱན་ཙོང་ཁ་བ་།
བློ་བཟང་གྲགས་པས་ས་གསུམ་འགུལ་ཏུ་བཅུག་།
ཐོས་བསམ་སྒོམ་གྱི་བཙན་ས་བྲག་ལས་བཙན་།
མཁས་བཙུན་རྩོམ་གྱི་པོད་ཏི་གྲངས་ལས་འདས་།
མ་རིག་མུན་པའི་དམག་ལས་རྣམ་པར་རྒྱལ་།
བློ་བཟང་གྲགས་པའི་བསྟན་པ་འབར་རྒྱུར་ཅིག་།
་་་་་་་་ གང་ལྟར་རྗེ་ཙོང་ཁ་པ་ནི་སྔོན་གྱི་སྐྱེས་ཆེན་ཚོའི་ཁྲོད་དུ་རང་གི་ཨ་མར་འབྲེལ་བ་ཟབ་པའི་སྙན་ངག་པ་ཞིག་ཡིན་ཞིང་། ཨ་མས་མདོ་སྨད་ནས་ཚོང་དཔོན་ནོར་བུ་བཟང་པོ་བརྒྱུད་ནས་ཁོང་ལ་བསྐུར་པའི་དབུ་སྐྲ་དཀར་པོའི་ཉག་མ་དེ་ཚོར་གཟིགས་རྗེས་ཁོང་རང་དབང་མེད་པར་བཤུམས་པ་དང་། ་་་་་་་་
དིང་སང་རྙིང་མ་པའི་སྤྲུལ་སྐུ་ཞིག་གིས། དགེ་ལྡན་པའི་ཆོས་ཞུ་བ་དང་། ༸རྗེ་བླ་མ་ཙོང་ཁ་པའི་རྣམ་ཐར་དང་སྙན་དངགས་ཕྱག་བྲིས་ལ་དད་འདུན་ཤོར་བ་ནི། རིས་མེད་ཆོས་བརྒྱུད་དར་ཁྱབ་ཆེས་ཆེར་སོང་བའི་མཚོན་རྟགས་བཟང་པོ་ཞིག་ཏུ་མངོན་ནོ།།
བོད་ཀྱི་དུས་བབ། > གསར་འགྱུར། > Front Slider > རྡུལ་ཕྲན་མཚོན་ཆ་རྩ་མེད་བཟོ་ཆེད་ཞི་བདེའི་གཟེངས་རྟགས་ཕུལ།
རྡུལ་ཕྲན་མཚོན་ཆ་རྩ་མེད་བཟོ་ཆེད་ཞི་བདེའི་གཟེངས་རྟགས་ཕུལ།
http://tibettimes.net/2017/12/11/165472/
་་་་་་་་་ ཨ་རིའི་རྡུལ་ཕྲན་མཚོན་ཆ་ཡི་གནོད་འཚེ་དངོས་སུ་མྱངས་བའི་ཉི་ཧོང་གི་བུད་མེད་ཅིག་གིས་སྐྱེས་འགྲོ་ཡོངས་ལ་གནོད་པའི་ལས་བརྩམས་པ་ཡིན་ན། རང་ཉིད་ཀྱང་འགྲོ་བ་མིའི་སྡེ་ཁག་ནང་ཡོད་སྟབས་རང་ལའང་གནོད་པ་ཡོད་པ་ཤེས་དགོས་སྐོར་བརྗོད་འདུག ་་་་་་་་་
དེ་རིང་བླ་མ་མཆོད་པ་དང་། དཀའ་ཆེན་ལམ་རིམ་ཚར་གཅིག་བཏོན་པ་ཡིན།
དེ་རིང་བླ་མ་མཆོད་པ་དང་། དཀའ་ཆེན་ལམ་རིམ་ཚར་གཅིག་བཏོན་པ་ཡིན། རྗེ་བླ་མ་ཙོང་ཁ་པའི་རྗེས་དྲན་ཆེད་ཡིན། དད་པ་ཡིན་ནའང་ཆོག ཁོང་གི་སྙན་དངགས་ལ་དགའ་ཡང་རུང་། རྗེས་འཇུག་སུ་སྨོན་ཡང་བཟང་། བོད་གངས་ཅན་གྱི་མཁས་པའི་དབང་པོ་ཞིག་ལ་གུས་འདུད་མཚོན་བྱེད་བྱས་ན་ཡང་མི་རུང་པ་མེད། ཁོང་གི་ལེགས་བཤད་ལ་ཡང་ཡང་གཟིགས་པར་ཞུ་བའི་སྐུལ་སློང་ཡིན།
མཁས་དབང་བླ་མ་སྙན་ངག་མཁན་ཀླུ་སྨྱོན་ཧེ་རུ་ཀ་རིན་པོ་ཆེ་ལགས། བརྩམས་ཐུང་འདི་ཤིན་ཏུ་ཡིད་འགུལ་ལ་དུས་ལ་བབས་པའི་དངོས་གཏམ་ལྔ་མཆོད་ཉིན་༧རྗེ་བླ་མ་ཙོང་ཁ་པ་ལ་དད་པ་རྙེད་པའི་རྒྱུ་རུ་འགྱུར་བར་འདུག་པས་ཐུགས་རྗེ་བཀྲིན་ཆེ། །
དགའ་ལྡན་ཟུང་ཆུ་ཁང་ཚན་་་་་་་ཁང་ཚན་འདི་ཤར་བྱང་གང་གི་རེད་དམ།
སྔར་གྱི་དུས་སུ་སློབ་དཔོན་པདྨར་རྫུས། །
བར་གྱི་དུས་སུ་ཨ་ཏི་ཤ་ལ་སྤྲུལ། །
ཕྱིས་ཀྱི་དུས་སུ་བློ་གྲགས་ཙོང་ཁ་པ། །
བརྒྱུད་པའི་བླ་མ་གསུམ་ལ་གསོལ་བ་འདེབས། །
་
ཐུབ་དབང་སླར་བྱོན་དགེ་སློང་གཟུགས་སུ་སྤྲུལ། །
འཇམ་དཔལ་དབྱངས་དངོས་བོད་མིའི་གཟུགས་སུ་སྤྲུལ། །
འཆད་རྩོད་རྩོམ་གསུམ་གསུང་རབས་བཅོ་བརྒྱད་སྤྲུལ། །
མཁྱེན་བརྩེ་ནུས་གསུམ་རིགས་གསུམ་མགོན་པོར་སྤྲུལ། །
་
བོད་ཀྱི་འཇམ་དབྱངས་དང་པོ་ཀློང་ཆེན་པ། །
བོད་ལྗོངས་འཇམ་དབྱངས་གཉིས་པ་ས་སྐྱའི་པཎ། །
བོད་རིགས་འཇམ་དབྱངས་གསུམ་པ་བློ་བཟང་གྲགས། །
འཇམ་དབྱངས་རྣམ་གསུམ་ཞབས་ལ་གསོལ་བ་འདེབས། །
་
སངས་རྒྱས་གཉིས་པ་སློབ་དཔོན་པད་འབྱུང་མཁྱེན། །
བཙུན་གཟུགས་བྱང་སེམས་ཨ་ཏི་ཤ་ཡིས་མཁྱེན། །
འཇམ་དབྱངས་མི་གཟུགས་བླ་མ་ཙོང་ཁ་མཁྱེན། །
རྣམ་གསུམ་གཅིག་བསྡུས་བསྟན་འཛིན་རྒྱ་མཚོ་མཁྱེན། །
དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། །
དྲི་མེད་མཁྱེན་པའི་དབང་པོ་འཇམ་དཔལ་དབྱངས། །
གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ། །
བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས། །
སྭསྟི། [སྐུ་འབུམ་སྤར་མ་གསུང་ཐོར་བུ་ཤོག་གྲངས་༨་པའི་རྒྱབ་ཤོག་]
སྟོན་ཟླ་རྒྱས་པའི་དཔལ་ལས་ལྷག་པར་མཛེས།
ཚངས་དབྱངས་སྙན་པའི་གདངས་ཀྱང་ཟིལ་གྱིས་གནོན།
ཟབ་ཡངས་རྒྱ་མཚོའི་གཏིང་ལས་དཔག་དཀའ་བ།
དབྱངས་ཅན་ལྷ་མོའི་སྐུ་གསུང་ཐུགས་ལ་འདུད།། ༡ །།
འོ་མའི་རྒྱ་མཚོ་ཀུན་ནས་འཁྱིལ་བར་ངང་མོའི་ཕང་ཕུང་ཆས་པའམ།
གངས་རི་ཤིན་ཏུ་མཐོ་བའི་ཏོག་ལ་ཟླ་འོད་ཞུ་བ་འབབ་འདྲ་ཡི།
གང་སྐུ་ཡིད་ལ་དྲན་པ་ཙམ་གྱིས་འགྲོ་ལ་སྤོབས་པ་མཆོག་སྩོལ་པ།
སྒྲ་དབྱངས་ལྷ་མོ་རྐང་དྲུག་ལྡན་དེ་བདག་བློའི་པད་མཚོར་རོལ་པར་མཛོད།། ༢ །།
གང་ཞིག་རྒྱ་ཆེན་ཚོགས་གཉིས་རྒྱ་མཚོ་བསྲུབས་པའི་དཔལ་ལས་ལེགས་འཁྲུངས་ཤིང་།
མཐའ་ཡས་ཡོན་ཏན་ནོར་བུའི་རང་བཞིན་གདུལ་བྱ་ལྷ་མང་ཉེར་འཚོའི་གཞི།
རིམ་གཉིས་ཉི་ཟླའི་སྐ་རགས་དང་ལྡན་སྐྱེ་དགུའི་གླིང་བཞིའི་དབུས་ན་བརྗིད།
དཔལ་ལྡན་བླ་མ་ལྷུན་པོ་མཆོག་དེ་བསྔགས་ལ་སུ་ཞིག་བཏང་སྙོམས་བྱེད།
གང་གིས་རབ་སྡེ་བཞིའི་ལུང་དང་མདོར་བསྡུས་ཀཱ་རི་ཀཱ།། ༣ །།
ཀ་མ་ལ་ལྟར་དག་པའི་ཡིད་ཀྱིས་ལྷུར་བླངས་ཆོས་གོས་གུར་ཀུམ་ཁ།
ཁ་དོག་མཛེས་པ་ཀུན་ནས་ཀླུབས་པའི་སྐུ་ནི་བནྡུ་ཛི་པ་ག
ག་ནས་བལྟས་ཀྱང་བརྗིད་པ་ཇི་བཞིན་འགྲོ་མང་དབུས་ན་ཉམ་མི་ང་།
ང་ཡི་གཙུག་གི་རྒྱན་གྱུར་བླ་མ་མཆོག་དེས་དགེ་ལེགས་སྩོལ།། ༤ །།
ཁེངས་དང་དྲེགས་པའི་རྒོད་པ་གང་གིས་སྐྱེད་པར་བྱེད་པའི་རྒྱན་རྣ་ཅ།
ཅ་ཅོ་བག་མེད་སྤྱོད་ཚུལ་རིང་དུ་དོར་བ་ཁྱོད་ཀྱི་གྲགས་པའི་ཆ།
ཆ་ཤས་ཀུན་ཏུ་ཁྱབ་ཅིང་དམ་པས་བསྔགས་པའི་པཎྜི་ཏ།
ཏཱ་རེས་རྗེས་བཟུང་ལུས་ཅན་རེ་བ་རྫོགས་པར་སྐོང་ལ་ཨཤྭཏཐ།། ༥ །།
ཐ་དད་འཛིན་པ་ཉེ་བར་ཞི་བ་ཁྱོད་ཐུགས་ཟུང་འཇུག་ཐ་མི་དད།
ད་ལྟ་ཁྱོད་སྐུ་དུལ་བས་གཞན་ཡིད་རབ་ཏུ་ཕྲོགས་པ་འདི་མཐོང་ན།
ན་ཚོད་སོང་སོང་རིང་ནས་དུལ་བའི་དྲང་སྲོང་རྣམས་ཀྱང་སྤ་བཀོང་འགྱུར།
རྨད་བྱུང་རྒྱལ་བའི་རྣམ་ཐར་ཚུལ་ལ་སྐུ་ཚེ་སྔ་མར་ལེགས་སྦྱངས་པ།། ༦ །།
པཱ་ར་མི་ཏཱའི་སྤྱོད་ཚུལ་ལྷུར་ལེན་ལུས་ཅན་རྗེས་སུ་འཛིན་པའི་ཕ།
ཕ་མཐའ་བྲལ་བ་ཟབ་མོའི་མཁའ་ལ་ཉི་འོད་ཀྱིས་ཁྱབ་པ།
བ་མོའི་མདངས་ལྟར་དཀར་བའི་འགྲོ་བ་ཀུན་ལ་སྙོམས་པའི་མ།
མ་ལུས་སྲས་བཅས་རྒྱལ་བའི་མཁྱེན་བརྩེ་གཅིག་ཏུ་བསྡུས་ལ་གུས་པས་འདུད།།༧ །།
ཁྱོད་ནི་ལེ་ལོའི་མཚོན་གྱིས་མི་ཕིགས་བརྩོན་འགྲུས་མཆོག་གི་ཀ་བ་ཙ།
ཙ་རི་དང་མཚུངས་གནས་འདིར་བསྒོམས་ན་ལུས་ལ་གནོད་པའི་གྲང་དང་ཚ།
ཚ་གྲང་སྡུག་བསྔལ་ཁྱད་དུ་བསད་ཅིང་འགྲོ་གདུང་སེལ་ལ་ཀ་རན་ཛ།
ཛ་ལ་དྲེགས་ལྡན་ཆེར་རློམས་རྣམས་ཀྱང་ཉིད་ཀྱི་གམ་ན་སྲོག་ཆགས་ཝ།། ༨ །།
ཝ་སྐྱེས་དུ་མས་བསྐོར་ཡང་རི་དྭགས་དབང་པོའི་དྲུང་ན་ཞུམ་བཞིན་འགྱུར།
ལྷར་བཅས་འགྲོ་བ་དུ་མའི་རབ་དང་ཡིད་ཀྱི་སྐྱེ་དགུའི་ཞྭ།
ཞྭ་བཟང་ཏོག་ལྟར་ཀུན་གྱིས་བཀུར་ཡང་མི་གཡེང་ཏིང་འཛིན་ཟས་སུ་ཟ།
ཟ་མ་ནོར་་སྲེད་པ་འདོར་ཞིང་རྩེ་གཅིག་ཞི་གནས་ལྷན་ནེ་འ།། ༩ །།
འ་ཅག་འགྲོ་བའི་སྐྱབས་གཅིག་ཚུལ་ཁྲིམས་དྲི་བཟང་ངད་ལྡན་མ་ལ་ཡ།
ཡ་མཚན་དུ་མས་མངོན་པར་མཐོ་བ་ཁྱོད་ལ་སུ་ཞིག་འདུད་མི་བྱེད།
ཁྱོད་ཀྱི་ཐུགས་ལ་བརྐམ་དང་ཁྲོ་བ་ཇི་བཞིན་རི་བོང་མགོ་ན་རྭ།
རྭ་ཡི་མིག་ཀྱང་མི་དམིགས་ཇི་བཞིན་ཀུན་ནས་སྤངས་པ་ཁྱོད་སྐུ་ལ།། ༡༠ །།
ལ་ལས་རེག་དང་མཐོང་དང་ཐོས་པ་གང་ཡིན་དེ་ཡང་ལུས་ཀྱི་ཤ།
ཤ་རུས་གཏིང་ནས་དད་པའི་སྤུ་ལོང་གཡོ་བ་མེད་དེ་སེམས་ས།
ས་སྟེང་འགྲན་ཟླ་བྲལ་བ་ཁྱོད་ནི་འགྲོ་བའི་དཔལ་དུ་བརྟན་གྱུར་ཅིག
བོ་ཊའི་ཡི་གེ་སུམ་ཅུའི་བྱ་དཀའ་མཁས་པའི་དགའ་སྐྱེད་གད་རྒྱངས་ཧ།། ༡༡ །།
ཧ་ཧ་ཞེས་སྒྲོགས་ངོ་མཚར་གནས་འདི་ཀ་ནས་བརྩམས་ཏེ་ཕ་མའི་ཨ།
ཨ་ཡིག་བར་དུ་ཐོག་མཐའི་ཚུལ་གྱིས་རྗེས་ཁྲིད་རྒྱན་དུ་བྱས་པ་འདི།
འདི་ཕྱིའི་སྐྱབས་གྱུར་བླ་མ་མཆོག་གི་ཡོན་ཏན་ཆ་ཙམ་བསྒྲག་ཕྱིར་བཀོད།
བཀོད་པའི་དགེ་དེས་གྲགས་པའི་གཞིར་གྱུར་བྱང་ཆུབ་མཆོག་དེ་ཐོབ་པར་ཤོག། ༡༢ །།
ཅེས་མི་འཕྲོགས་པའི་མཁྱེན་རབ་དང་ཐུགས་རྗེ་གཅིག་བསྡུས་པའི་མངའ་བདག་ལྷ་དང་བཅས་པའི་འགྲོ་བ་དུ་མའི་དབུས་ན་རྒྱལ་མཚན་གྱི་རྩེ་མོ་ལྟར་མངོན་པར་མཐོ་བ་ཆོས་ཀྱི་རྗེ་གྲགས་པ་བྱང་ཆུབ་དཔལ་བཟང་པོའི་ཆེ་བའི་ཡོན་ཏན་རྒྱ་མཚོ་ལྟ་བུ་ལས་ཆུ་ཐིགས་ཙམ་ཞིག་བླངས་ཏེ་བྱ་དཀའ་བའི་ཚུལ་གྱིས་སྦྱར་བ་འདི་ཉིད་ཆོས་རྗེ་དེ་ཉིད་ཀྱི་ཞབས་ཀྱི་རྡུལ་སྤྱི་བོས་མང་དུ་རེག་པའི་སྙན་དངགས་མཁན་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་སྦྱར་བའོ།། [སྐུ་འབུབ་སྤར་མ་གསུང་ཐོར་བུ་ཤོག་གྲངས་༡༠་པའི་མདུན་ཤོག ]
གཅིག་བསྡུས་པའི། ཞེས་པཨར། གཅིག་ཏུ་བསྡུས་པའི། ཞེས་བཅོས་སོ།
ཅ་ཆ་ཇ་ཉ།
ཅ་ལེ་ཅོ་ལེ་སྐད་ཆ།
ཆ་འཇོག་འོས་པའི་བོད་ཇ།
ཇ་མར་འཁྱེར་བའི་ཕོ་ཉ།
ཉ་པ་དེ་ཚོར་ལྟོས་དང་།