བོད། ལྷ་ཀླུ་གཉན་གསུམ།
རྒྱང་རིང་གི་ཡུལ་དེ་ན
ཕྱིར་མིག་གི་ཞེན་ས་ཞིག་ཡོད་མོད
གང་ལྟར ལམ་དུ་བུད་རྗེས་སུ
རྒྱུད་མྱོང་བའི་ལམ་ཕྲན་དེ་ནི
སྐྱེ་དུས་ཀྱི་ཨག་སྐད་ཐོག་མ་འབུས་ས
རྨི་ལམ་ལས་ཀྱང་འཛིན་དཀའ་བའི་ཡུལ
དོན་དངོས་སུ དབང་སྲིད་པ་ཞིག
ལེན་མ་ཐུབ་པ་དེ་ནི་རང་གི་ཉེས་པ་རེད
གཞན་ཡུལ་ནི་ཇི་འདྲའི་སྐྱིད་སྣང་ཡོད་སྲིད་ཀྱང་
རང་ཡུལ་མ་ཡིན་པའི་གནས་ལུགས་ཤིག
ཤ་དང་རུས་པའི་གསེང་ནས
མི་འདོད་ཀྱང་བཞུར་འོང་དུས
གཞན་མི་ནི་ག་འདྲའི་བཟང་ན་ཡང་
ཁ་བཏགས་ཀྱི་རང་གཤིས་མེད་པའི་རང་མི་མིན་དུས
རྟེན་འབྱུང་གི་ཕ་ས་གོར་མོ
རང་གི་ཤ་ཁྲག་ལས་རྩ་ཆེ་བར
ག་དུས་ཡིན་ཡང་ གང་དུ་སླེབས་ཀྱང་
ཞིམ་ས་དང་བདེ་ས་ནས་ཀྱང་
བྲོ་ས་དང་སྤྲོ་དུས་ཀྱང་
གཏན་ནས་བརྗེད་ཐབས་མེད་པར
ཁོང་ཚོས་འཐུང་བཞིན་པའི་ཝུ་ཆང་གི་སྲོལ་རྒྱུན་ལྟར
ངའི་ལྟག་རྒྱབ་དུ་གཤེད་ཀྱིས་བླངས
འདང་ནུབ་ཀྱི་རྨི་ལམ་དེ་ལས
ང་རང་ལ་གོ་འཕང་བརྙེས་འདུག
མ་རེད གྲུབ་པ་ཐོབ་འདུག
དེ་རིང་གི་མཚོ་དམར་པོའི་ནང་དུ
ང་ལ་གཤོག་པ་སྐྱེས་འདུག
ཉ་མོ་བཞིན འཁྱུགས་རྩལ་ལྡན
སྤྲིན་དམར་བཞིན གནམ་ཁ་ཡང་དམར་པོ་རེད
མི་རིགས་འདིའི་སྲོལ་རྒྱུན་གྱི་དགོང་ཚིགས་སུ
ངའི་རང་གི་སྐྱེ་རྒྱུད་དང་མེས་པོ་དྲན་དུ་བཅུགས
ག་ལེར རྒུན་ཆང་དམར་པོ་ཞིག
སིལ་ཆང་མངར་མོ་བཞིན
ཐ་མག་མངར་ནག་ཞིག་ཤུགས་ཀྱིས་རྔུབ
ཕ་མ ཉེ་འབྲེལ བུ་ཕྲུག་དག་ལྷན་དུ་འཛོམ
དགོད་སྒྲ་དང་ཟས་སྣའི་ཅོག་རྩེ་བཀང་
དཔར་ཆས་དང་བརྙན་འཕྲིན་འཕྲུལ་ཆས་ཀྱིས
ཕྱོགས་སོ་སོ་ནས་འོད་ཆེམ་ཆེམ་ཤར་དུས
ངས་ཁ་རོག་གེར སེམས་གཏིང་ནས
རྒྱང་རིང་གི་འོད་མདངས་བྲལ་བའི་མི་རིགས་ཤིག་དྲན
ཉེ་དུ་དག་མིག་ལམ་དུ་ཤར་ནས་འོང་
ཁོང་ཚོས ང་འབོད་བཞིན་འདུག
སྐབས་དེར མཚན་མཐུན་བཟའ་མི་བུད་མེད་གཉིས་ཀ་ལམ་ལ་ཆས
བདེ་མོ་བྱོས་ཟེར ང་ལ་ལག་གཡུགས་བྱེད་ཀྱིན་འདུག
ང་རང་གློ་བར་དུ ཕྱིར་དྲན་ལས་དྲན་པ་གསོས
ངས་ཀྱང་ མགོ་བོ་ཕར་ལ་གཡུགས་ཁུལ་བྱས་་་་
མཚོ་དམར་པོའི་འགྲམ་དུ་གུང་གསེང་སྐབས་ཀྱི་ཚོར་བ་དང་འགྲུལ་བཞུད་དངོས་ལ་ཞུགས་ནས་བྲིས། ༢༢།༩།༡༠ཨེས་ལ་ཀྲི་ནས།
མུ་མཐུད་དུ་འབྲི་རོགས།
སེམས་ཤུགས་ཁྱོན་ནས་ཆག་མི་ཉན།
དྲ་གྲོགས་ལྷན་རྒྱས། གོང་གི་མཆན་འདེབས་མཁན་དེ་ང་མིན། སློབ་གྲྭའི་དྲ་ཁང་དུ་རང་གི་ཁ་བྱང་གསུབ་ཐབས་མི་འདུག་པས། བྱ་ཐབས་མི་འདུག ད་ལྟ་གནས་སྟངས་སྡུག་པོ་མ་བྱུང་བའི་སྔོན་ནས་ངས་གསལ་བཤད་བྱས་པ་ཡིན།