བར་ཕུ་ཕུན་ཚོགས།
ནག་ནོག་ཡོལ་བས་བཀབ་པའི་ཁང་ཆུང་གི །
སྐར་ཁུང་ཕྱེ་ནས་བོད་མིའི་སྤྱི་ཚོགས་སུ།།
ཡུད་ཙམ་བལྟ་བའི་འདོད་བློ་མ་བཀག་པས།།
ཡ་ཆུང་མིག་གིས་ཚོར་སྣང་འདི་ལྟར་སྟེར།།
ལོ་ཆུང་བྱིས་པ་རྩེད་འཇོར་བྲེལ་བ་དང་།།
མཐུན་རྐྱེན་ཅི་དྲག་གང་ལེགས་སྦྱར་བས་དགའ།།
རིག་པ་སྤྱང་དུས་ཤེས་ཡོན་མ་བསླབས་པར།།
བདག་མེད་ཁྱི་ཕྲུག་ཇི་བཞིན་མྱུལ་བས་སྐྱོ།།
ན་གཞོན་ཕོ་མོར་ཤེས་རིག་ལྡན་པའི་ཚེ།།
རང་འཚོ་ཐུབ་པའི་དབྱིན་སྐད་ཤེས་པས་དགའ།།
རིག་པའི་གཞུང་ལུགས་སྦྱངས་པ་མེད་པ་ན།།
མཁས་མང་འགྲན་སར་ཕྱི་བཤོལ་བྱེད་པས་སྐྱོ།།
བཙན་བྱོལ་སྤྱི་ཚོགས་རང་དབང་ཆེ་བ་ཡི།།
གཞོན་ནུའི་སྨྲ་ལྕེ་རབ་ཏུ་བདེ་བས་དགའ།།
ཕ་སྐད་གཙང་མའི་འགན་སྲུང་མ་ཐུབ་པར།།
དབྱིན་ཧིན་རྒྱ་སྐད་བསྲེས་ལྷད་མང་བས་སྐྱོ།།
འཛམ་གླིང་འདི་ན་འགྲན་ཟླ་བྲལ་བ་ཡི།།
མཁས་བཙུན་བཟང་པོའི་དབུ་ཁྲིད་ཡོད་པས་དགའ།།
ཀླད་སྟོང་ཆབ་སྲིད་ཚོགས་པ་མང་དྲགས་ནས།།
གང་གི་བཀའ་བཞིན་སྒྲུབ་མཁན་ཉུང་བས་སྐྱོ།།
གཞོན་ལྷན་སློབ་ཕྲུག་ཚོགས་པས་རང་བཙན་ཞེས།།
འབོད་ཚིག་འུར་སྒྲ་སྐབས་རེ་ཐོས་པས་དགའ།།
དོན་དམ་བོད་རྒྱ་གཉིས་ཕན་དབུ་མའི་ལམ།།
སྲིད་ཇུས་འོད་སྟོང་འཕྲོ་བ་མ་ཤེས་སྐྱོ།།
ཕྱི་གླིང་དུ་མས་རྒྱ་བོད་དཀའ་ངལ་ལས།།
སྒྲོལ་ཕྱིར་རྒྱབ་སྐྱོར་ཡོད་ཚུལ་སྟོན་པས་དགའ།།
སྟོབས་ཆེན་རྒྱ་མིའི་དཔོན་རིགས་འཕྲད་པའི་ཚེ།།
བོད་དང་བོད་མི་ཚོང་ཟོག་ཆགས་པས་སྐྱོ།།
ཁ་ནས་བོད་མིའི་སྐད་དང་རིག་གཞུང་རྣམས།།
སྲུང་སྐྱོབ་དགོས་ཞེས་ངར་སྒྲ་སྒྲོག་པས་དགའ།།
ལྐོག་ཏུ་བྱིས་པར་དབྱིན་ཡིག་མ་ཤེས་ན།།
མདུན་ལམ་མེད་ཅེས་ཁ་བརྡ་བྱེད་པས་སྐྱོ།།
རྒྱ་བལ་འབྲུག་གི་སྐྱབས་བཅོལ་བོད་མི་ཡིས།།
ཁང་བཟང་བསྐྲུན་པར་རབ་ཏུ་བྲེལ་བས་དགའ།།
ས་ཆའི་སྦྱིན་བདག་རང་ཉིད་མ་ཡིན་ཞིང་།།
ལག་མཐིལ་ཙམ་ཡང་ཐོབ་དབང་མེད་པས་སྐྱོ།།
བོད་མིའི་ལག་ཏུ་རིན་ཆེན་འཕྲུལ་ཆས་དང་།།
རྒྱན་གོས་འཕྱོར་པོས་ཡིད་དབང་འགུག་པས་དགའ།།
དཀའ་སྡུག་རང་གིས་མ་སྤྱད་སྦྱིན་བདག་གིས།།
ཡུན་རིང་བསྐྱངས་པའི་དཀོར་གྱིས་ཁེངས་པས་སྐྱོ།།
སྐྲ་དཀར་རྒན་པོས་རང་ཡུལ་དྲན་སྣང་གི །
སེམས་ནུས་ཐམས་ཅད་བོད་ལ་བཅངས་བས་དགའ།།
ནུས་ལྡན་གཞོན་ནུས་ཕྱི་གླིང་འགྲིམས་འདོད་ཀྱི།།
ཐབས་ཤེས་ཡོད་རྒུས་རང་ཡུལ་སྤོང་བས་སྐྱོ།།
འདི་ལྟའི་ངང་དུ་མུན་པ་རུབ་པ་ན།།
སྐར་ཁུང་ཕྱེ་ཡང་ལྟད་མོ་མ་མཐོང་ཞིང་།།
གལ་ཏེ་མཐོང་ཡང་དགའ་བའི་བདེ་སྐྱིད་ལས།།
སྐྱོ་གདུང་སྡུག་བསྔལ་་ལྕི་བས་ཉལ་བར་སྤྲོ།།