རིག་པའི་རྡོ་རྗེས།
——-
དེ་རིང་སྟེ་བོད་རྒྱལ་ལོ་ ༢༡༣༧ བོད་ཟླ་ ༡ ཚེས་ ༤ ཕྱི་ལོ་ ༢༠༡༠ ཟླ་ ༢ ཚེས་ ༡༨ ཉིན། ༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། ཨ་རིའི་སྲིད་འཛིན་དབུ་རགས་ཨོ་བྷ་མ་རྣམ་གཉིས་ཀྱིས། དུས་ཚོད་བཅུ་གཅིག་ནས་བཅུ་གཉིས་བར་ཨ་རིའི་སྲིད་འཛིན་ཕོ་བྲང་དཀར་པོའི་ནུབ་ཕྱོགས་ཚོམ་ཆེན་དུ་ལོ་རྒྱུས་དང་། གཟི་བརྗིད། དགའ་སྤོབས་ཀྱི་རང་བཞིན་ལྡན་པའི་མཇལ་འཛོམས་གནང་ཡོད་ཅིང་། མཇལ་འཛོམས་དེའི་སྐབས་སྲིད་འཛིན་དབུ་རགས་ཨོ་བྷ་མ་མཆོག་གིས། བོད་ཀྱི་འགྲོ་བ་མིའི་ཐོང་ཐང་དང་། ཆོས་དད་རང་དབང་། ལྷག་པར་དུ་༧གོང་ས་མཆོག་གི་རླབས་ཆེན་ཐུགས་བཞེད་དབུ་མའི་ལམ་གྱི་ཐབས་ལམ་བརྒྱུད། བོད་དོན་འཐད་རྩོད་གནང་གིན་ཡོད་པར་བླ་ན་མེད་པའི་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་དང་ཁས་ལེན་གནང་ཡོད་པ་རེད། དེ་རྗེས་༧གོང་ས་མཆོག་དང་ཨ་རིའི་ཕྱི་སྲིད་བློན་ཆེན་རྣམ་གཉིས་མཇལ་འཕྲད་གནང་རྗེས། བཞུགས་གནས་མགྲོན་ཁང་དུ་ཕེབས་ཏེ་གསར་འགོད་ལྷག་འཚོགས་གནང་བ་སོགས་ཀྱི་གནས་ཚུལ་ཞིབ་རྒྱས་མཁྱེན་འདོད་ཡོད་མཁན་ཚོས་གཤམ་གྱི་འབྲེལ་ཐག་ཁག་གི་ཐོག་ཕེབས་ནས་གསན་གཟིགས་གནང་རོགས་ཞུ་བ་ཡིན།
དགའ་སྤོབས་ཀྱི་གྲུ་ཟུར་ནས་རྙེད་པའི་བློ་ཕམ།
དེ་རིང་ཨ་རིའི་སྲིད་འཛིན་ཕོ་བྲང་དཀར་པོའི་མདུན་ཐང་དུ་༧གོང་ས་མཆོག་ལ་དགའ་སྤྲོའི་ཕེབས་བསུ་ཞུ་ཆེད་ཕེབས་པའི་བོད་རིོགས་སུམ་བརྒྱ་ལྷག་གིས་ལག་ཏུ་བོིད་ཀྱི་རྒྱལ་དར་དང་། མཇལ་དར་། དྲི་བསུང་འཐུལ་བའི་སྨན་སྤོས་དང་། ༧གོང་ས་མཆོག་དང་སྲིད་འཛིན་ཨོ་བྷ་མ་རྣམ་གཉིས་ཀྱི་སྐུ་པར་སོགས་བཟུང་ཏེ་ཕེབས་བསུ་དང་། དགའ་སྤྲོའི་ཞབས་བྲོ། སྙན་པའི་གླུ་དབྱངས་ལེན་བཞིན་ཡོད་པ་ནི་ཆེས་དགའ་སྤྲོའི་རང་བཞིན་ལྡན་པ་ཞིག་ཡིན་མོད། བོད་ཀྱི་གཞོན་དུ་ལྷན་ཚོགས་སམ་ཚོགས་སྡེ་ག་གེ་མོ་ཞིག་གིས་དཔར་བསྐྲུན་བྱས་པའི་འཛམ་གླིང་ཐོག་ཆེས་མཚན་སྙན་ལྡན་པའི་དབུ་ཁྲིད་རྣམ་གཉིས་ཀྱི་སྐུ་པར་གྱི་འོག་ཏུ་བྲིས་པའི་བོད་ཡིག་གི་དག་ཆ་དང་ཚིག་སྦྱོར་དེ་དག་མཐོང་དུས། རང་དབང་མེད་པར་མནན་ན་མི་ནོན་པའི་བློ་ཕམ་དང་། ཡིད་ཆད་ཀྱི་ཤུགས་རིང་ཞིག་དང་མཉམ་དུ་དེ་རིང་གི་ཟིན་བྲིས་འདི་ལྟར་མཇུག་བསྡུས་ན་འདོད། སྐུ་པར་དེ་འོག་ཏུ་བྲིས་པའི་བོད་ཡིག་དེ་དྲྭ་གྲོགས་བོད་ཞེན་དང་། བོད་ཀྱི་རིག་གནས། བོད་ཀྱི་སྐད་ཡིག་སོགས་ལ་དུངས་སེམས་ལྡན་པ་རྣམས་ཀྱི་སྤྱན་སྔར་ཕུལ་ན་འདི་ལྟར།
༄༅།། དབུས་ཕྲིད་རྣམ་གཉིས་ལོ་རྒྱུས་རང་བཞིན་གྱི་དགྱེས་འཛོམས་ཀྱི་ཉིན་མོར་ཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་༈༈
http://news.bbc.co.uk/2/hi/americas/8523003.stm
http://www.cnn.com/video/?/video/politics/2010/02/18/sot.us.dalai.lama.happy.cnn?iref=allsearch
http://www.whitehouse.gov/blog/2010/02/18/his-holiness-xiv-dalai-lama-white-house
http://www.cbsnews.com/blogs/2010/02/18/politics/politicalhotsheet/entry6220256.shtml#addcomm
http://whitehouse.blogs.foxnews.com/2010/02/18/breaking-dalai-lama-meets-with-president-obama/
མཇལ་འཛོམས་གནང་བར་དགའ་ཞིང་བོད་ཡིག་དེ་འདྲ་བྲིས་ཡོང་ན་ཁྱོད་ལ་ཅི་ཁག ངའང་སེམས་སྐྱོ་ནི་ཞིག་རེད། འོན་ཀྱང་བོད་སེམས་ཆེན་པོས་བསུ་བར་ཡོང་བ་དེ་ཡང་དགའ་འོས་པ་ཞིག་མ་རེད་དམ།
རྒྱལ་ཞེན་དང་ལྷག་བསམ་གྱི་མེ་ལྕེ་དགུང་དུ་འཕྱུར་བའི་མཁས་དབང་རིག་པའི་རྡོ་རྗེ་མཆོག་མ་མཇལ་ཡུན་རིང་ལ་མཚམས་འདྲི་དང་། དུས་ཐོག་ཏུ་མཁོ་བའི་གསར་འགྱུར་འདི་འདྲ་མཁོ་སྤྲོད་གནང་བར་ཐུགས་རྗེ་ཆེ་ཞུ། བོད་ཡིག་འཁྱོག་ཐོ་དེ་དངོས་གནས་སེམས་ལ་གཟན་པ་ཞིག་རེད་འདུག་ཀྱང་དེ་ཙམ་ཁག་ཨེ་ཡོད་མི་ཤེས། དུས་ཚོད་དང་འགྲོ་སོང་བཏང་ནས་ཅིག་བྱས་པ་དེ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ལས་མེད། བོད་ནང་དུ་ཡང་བོད་ཟས་ཟ་ཁང་ལ་༼བོང་ཟུས་ཟ་ཁངས་༽དང་། སྒྲོལ་མ་ཟ་ཁང་ལ་༼དགྲོར་མས་ཟ་ཁང་༽ཞེས་བྲིས་ཡོད་པ་སོགས་མཐོང་མྱོང་། ད་དུང་སྔོན་མ་རྡ་ས་ནས་བུད་མེད་ལྷན་ཚོགས་ཀྱིས། པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་ཞིག་གི་འཕྲེད་དར་ཐོག་ཏུ་ཕན་ཆེན་བླ་མ་ཞེས་བྲིས་ཡོད་པ་མཐོང་མྱོང་། དངོས་གནས་བྱས་ན་བོད་ཡིག་ཅིག་འབྲི་ཐུབ་ས་ནས་ཡི་གེའི་དག་ཆ་ཤེས་ན་རབ། མ་ཤེས་ན་ཤེས་མཁན་ཞིག་ལ་དྲིས་ནས་འབྲི་དགོས་པ་ཡིན་མོད། འོན་ཀྱང་གལ་ཆུང་ལྟ་བུ་ཞིག་བྱས་ནས་སྡོད་པ་དེ་རྒྱ་གར་དང་ནུབ་ཕྱོགས་ཀྱི་སྤྱི་ཚོགས་ཀྱི་ནང་དུ་བོད་ཡིག་ལ་ནུས་པ་ཆེན་པོ་མེད་པས་རྐྱེན་གྱིས་མཐོང་ཆུང་ལྟ་བུར་ལུས་པ་འདྲ། རྗེས་སུ་གཟབ་གཟབ་མ་བྱས་ན་ཉི་མ་གཅིག་ལ་བྱེས་སྡོད་བོད་པ་ཚོས་བོད་ཡིག་ཤེས་ཀྱི་མ་རེད་ཟེར་བ་ཞིག་གི་ཐོག་ཏུ་སླེབ་མི་སྲིད་པ་མིན། ད་ནས་བཟུང་གཞིས་ཆགས་ཚོའི་ཧིན་དབྱིན་དང་། གསར་འབྱོར་ཚོའི་བོད་ཡིག་གཉིས་ཟུང་འཇུག་བྱས་ནས་ཧུར་ཐག་བྱེད་ཀྱི་ཡིན་དོ།། བརྒྱ་ཆ་བརྒྱ།
མཁྱེན་ཡངས་རིག་པའི་རལ་གྲི་ལགས།
མ་མཇལ་ཡུན་རིང་ཕྱིན་སོང་། ང་ཡང་ཁྱེད་ལྟར་བོད་ཡིག་གི་དག་སྡེབ་ལ་དོ་སྣང་ཡོད་མཁན་ཞིག་ཡིན།
འདི་ལྟར་ངོ་སྤྲོད་གནང་བར་བཀའ་དྲིན་ཆེ།
སྤྱིར་ཡིག་ནོར་ཡོང་རྐྱེན་མང་པོ་ཞིག་ཡོད་ཀྱང་།
སྒོ་བྱང་དང་། འཕྲེད་དར། དེབ་ཀྱི་རྒྱབ་ཤ། མིང་བྱང་། ལས་ཤོག་གི་འགོ་བརྗོད། འོད་སྡེར་གྱི་ཕྱི་པགས་སོགས་ལ་ཡིག་ནོར་མི་ཡོང་བའི་ཆེད་ལྷག་པར་གཟབ་གལ་ཆེ།
ཇུས་འགོད་པ་ཞིག་ཇུས་འགོད་ལ་མཁས་ཀྱང་། བོད་ཡིག་གི་དག་ཆར་མི་མཁས་པས། ཇུས་འགོད་ཚར་རྗེས་བོད་ཡིག་དག་སྡེབ་ཡག་པོ་ཡོད་མཁན་ཞིག་ལ་སླར་ཡང་ཞུ་དག་གཏོང་རོགས་ཞེས་བཤད་ན། ནོར་འཁྲུལ་འདི་རིགས་ཡོང་མི་སྲིད་པ་ཞིག་རེད།།
ད་ངས་ཀྱང་ཡིག་ནོར་བཙལ་བ་ཡིན།
ཡིག་ནོར་འདུག་གསུང་མཁན་གྱིས་ཀྱང་ཡིག་ནོར་བྲིས་འདུག
མ་དག་པ། དག་པ།
ཚོམ་ཆེན། ཚོམས་ཆེན།
གསར་འགོད་ལྷག་འཚོགས། གསར་འགོད་ལྷན་ཚོགས།
བཟུང་ཏེ། བཟུང་སྟེ།
དཔར་བསྐྲུན། པར་སྐྲུན།
བསེ་རུ་ལགས། ཁྱེད་ཀྱིས་ཡི་གེའི་མ་ཚད་མི་ཡང་ནོར་འདུག རིག་པའི་རྡོ་རྗེ་དང་། རིག་པའི་རལ་གྲི་གཉིས་ནི་མི་སོ་སོ་རེད། རིག་པའི་རྡོ་རྗེ་ནི་བོད་དོན་ལ་ཁ་ལག་གཉིས་ཀ་ཡོད་མཁན་ཞིག་ཡིན་ལ། རིག་པའི་རལ་གྲི་ནི་ལོ་སྟོང་ཕྲག་ལྷག་གི་ཡར་སྔོན་གྲངས་ཅན་པའི་རྒན་པོ་ཞིག་གིས་ཅིག་བཤད་མ་བཤད་དང་། དེ་ལ་ནང་པ་ཞིག་གིས་ལན་ཇི་ཞིག་བཏབ་མ་བཏབ། དེ་ནས་དེས་དེ་ཇི་ལྟར་ཕམ་པར་རྒྱག་ཐུབ་ཡོད་མེད་ཀྱི་སྐོར་རྐྱང་རྐྱང་ལ་དབུ་འཁོར་ཞིང་ཐུགས་ལས་ཆེན་པོ་གནང་ནས་བཞུགས་སྡོད་མཁན་ཞིག་རེད། ད་ནས་བཟུང་ཁོང་གིས་ལོ་ཁ་ཤས་ཤིག་ལ་སྤྲེའུ་ཧ་ནུ་མནྠ་དང་རྒྱལ་པོ་རཱ་མ་ཎ་གཉིས་སི་ཏ་འཕྲོག་ཏུ་ཇི་ལྟར་བྱས་ནས་ཕྱིན་པའི་སྐོར་ལ་ཞིབ་འཇུག་མཐར་ཕྱིན་པ་ཞིག་དང་། རང་ལུགས་ཀྱི་བཞེད་པ་འདི་ཡིན་ཟེར་བའི་ཕྱག་རྗེས་རླབས་ཆེན་ཞིག་ཀྱང་འཇོག་རྩིས་རེད།
འཕྲེད་དར་ནང་གི། དབུ་ཕྲིད་མ་རེ། དབུ་ཁྲིད་རེད།
དབུ་ཕྲིད་ཟེར་བའི་བོད་ཡིག་ཡོད་མ་རེད། དབུ་བྲིད་བྲིས་ན། དེ་བས་ཀྱང་ནོར་འཚབ་ཆེ་བས། དབུ་ཁྲིད་ནི་འགོ་ཁྲིད་དམ་མགོ་ཁྲིད་ཀྱི་ཞེས་སེ་ཚིག་དོད་རེད། ཕྱིས་སུ་འདི་འདྲའི་རིགས་ལ་ཡིད་གཟབ་དགོས་གལ། ཁྱེད་ཚོ་དེར་འཕྲེད་དར་དང་བཅས་ཕེབས་ཐུབ་པ་ལའང་ཐུགས་རྗེ་ཆེ་ཡོད།
ངའི་སེམས་ངོགས་སུ་རིག་པའི་རལ་གྲི་དགུང་དུ་འཕྱར་བའི་ཕོ་རྒོད་སྟག་འདྲ་བ་ཞིག་གི་འཆར་སྣང་ཞིག་བྱུང་སྟབས། སྐུ་ཉིད་ཀྱི་མཚན་རིག་པའི་རྡོ་རྗེ་དེ་རིག་པའི་རལ་གྲི་ཞེས་དབང་མེད་དུ་འབྲི་ཐལ་ཤོར་བ་ཞིག་རེད།
རིག་པའི་རྡོ་རྗེ་ལགས། དུས་ཐོག་ཏུ་ལམ་སྟོན་དང་ཡོ་བསྲང་གནང་བ་བཀའ་དྲིན་ཆེ། གནད་དོན་འདི་རིགས་ངས་ཐེར་འདོན་བྱས་པའི་ཡིག་ནོར་ལས་ཚབས་ཆེ་གི་རེད། ཕྱིས་འབྱུང་དེ་རིགས་མི་ཡོང་བའི་བསླབ་བྱ་ཞིག་ཀྱང་ཐོབ་བྱུང་། ཐུགས་རྗེ་ཆེ། ངའི་མིང་གི་ཟུར་ལ་ཡང་རྡོ་རྗེ་ཞིག་ཡོད་པས་རྡོ་རྗེས་རྡོ་རྗེར་ལམ་སྟོན་གནང་བ་རྟེན་འབྲེལ་འགྲིག་སོང་།།
ངོ་མ་འདི་འདྲའི་ཡིག་ནོར་ནི་བརྙན་འཕྲིན་སོགས་སུ་ཁྱབ་རྒྱུ་ཡིན་སྟབས་དང་པོ་ནས་གཟབ་གཟབ་བྱེད་དགོས་འདུག
བསེ་རུས་དེ་སྔོན་ནས་བོད་ཀྱི་དུས་བབ་དང་རང་ཉིད་ཀྱི་ཟིན་བྲིས་སོགས་སུ་ཡིག་ནོར་སྐོར་མང་པོ་གླེང་བ་ཡིན།
ད་ས་ནས་ཡིག་ནོར་ཐོན་གྱི་འདུག་ལ།
གནམ་ནས་ཡིག་ནོར་ཟགས་ཀྱིན་འདུག
ཡིག་ནོར་གྱིས་ང་ཚོའི་ལམ་ཁ་འགོག་གིན་འདུག
ཐ་ན། རང་མིང་ཡིག་ནོར་ཐོག་འབྲི་མཁན་ཇེ་མང་རེད།
ང་ཚོས་ཡིག་ནོར་གླེང་དགོས་སམ་མི་དགོས།
ང་ནི་ཡིག་ནོར་རེ་མཐོང་སྐབས། སེམས་ལ་འཇིགས་སྣང་ཡང་སྐྱེ་གིན་འདུག
སྐབས་རེ་ངས་ཡིག་ནོར་ཐེར་འདོན་བྱེད་ཁུལ་བྱས་ཀྱང་།
རང་ཉིད་ཀྱི་ལག་ནས་ཀྱང་ཡིག་ནོར་འབྲི་ཐལ་ཤོར་སྐབས། ང་ཡང་ཡིག་ནོར་གྱི་ན་ཚས་ཟིན་ཚར་འདུག་སྙམ་མྱོང་།
དེ་རིང་ནས་ངས་སྐད་ཆ་འདི་འདྲ་ཞིག་ལབ་འདོད་བྱུང་།
ཡིག་ནོར་གྱི་ན་ཚ་འདི་ཨེ་ཙེ་ན་ཚ་ལས་ཉེན་ཁ་ཆེ་བ་ཡོད་པ་རེད།
ཚང་མས་ཐུགས་གཟབ་གནང་རོགས་ཞེས་པ་དེ་ཡིན།།
ཐུགས་རྗེ་ཆེ།
ངས་ད་བར་འཕྲེད་དར་བརྒྱ་ཕྲག་ལྷག་ཙམ་བྲིས་ཚར་བ་ཡིན།
དེ་ཚོའི་ནང་ཡིག་ནོར་གཅིག་ཀྱང་མེད་ཅེས་ཁས་ལེན་ཐུབ།
ཤོག་ངོས་གཅིག་གཉིས་ལས་མེད་ན་ང་ཚོས་དང་བླང་ཐོག་ཞུ་དག་བཏང་ཆོག
སྐུ་མཁྱེན་ཡིག་ནོར་མ་འབྲི་རོགས།
༧གོང་ས་མཆོག་གི་སློབ་སྦྱོང་ཡག་པོ་བྱོས་གསུང་དོན་ཡིག་ནོར་འདི་གཟིགས་པ་མིན་ནམ། གང་ལྟར་ཡང ཡི་གེ་འདི་འདྲ་པར་བ་དེ་ཡང་ལྷག་བསམ་མཚོན་བྱེད་རེད། ཐུགས་རྗེ་ཆེ། མ་ནོར་བ་ཡོང་དཀའ་ཡང་ནོར་བ་ངོས་ལེན་དང་བཅོས་བསྒྱུར་གྱི་ཐུགས་བསམ་ཡོད་རྒྱུ་གལ་ཆེ། སྐད་ཡིག་གཙང་མ་ཁྲི་ལོར་བརྟན་པར་ཤོག
ཁར་སང་ཁོ་བོའི་ཆོས་གྲོགས་ཡིག་ནོར་གྱི་ཉེན་རྟོག་པ་བསེ་རུ་ར་བཟི་སོང་ཟིག མི་སུ་ལ་ཅི་ཞིག་ལབ་ཀྱི་ཡོད་ཆ་ཚང་མམ་མོག་ཅིག་རེད། དེ་རིང་བཟི་དྭངས་ཡོད་པར་སྨོན། ན་ནིང་ཞིག་ལ་ངས་ཀྱང་ཡིག་ནོར་གྱི་ཉེན་རྟོག་པའི་ལས་ཁུངས་ནང་གི་ཇ་སྐོལ་ཆུ་ལེན་རེའི་ལས་ཀ་རེ་བྱེད་མྱོང་། འོན་ཀྱང་བཀའ་ཁྲི་དགེ་འདུན་རབ་གསལ་ལགས་ཀྱིས་༼ཡིག་ནོར་འབྲི་མཁན་ལ་མ་སྤྱོ་རོགས། ཡིག་ནོར་ལ་སྤྱོ་ཐལ་ཤོར་ན་བསམ་བློ་གསར་པ་དང་གནས་ཚུལ་གསར་པ་སྤེལ་རྒྱུ་ཡོད་པ་ཁ་ཤས་ཀྱིས་ཡིག་ནོར་ཤོར་དོགས་ཀྱིས་ཁ་བརྡ་དྲ་དེབ་ལ་འཛུལ་མི་ཐུབ་པ་ཡང་ཡོང་སྲིད།༽ གསུངས་སོང་། དེ་ནས་ངས་བཀའ་དང་ལེན་ཞུས་ཏེ་ཉེན་རྟོགས་ལས་ཁུངས་ནས་ལས་ཀ་བྱས་མེད།
ཤེས་རབ་སེང་གེ་ལགས།
དགེ་འདུན་རབ་གསལ་ལགས་ཀྱིས་དེ་ལྟར་གསུངས་ཡོད་པ་དེ་ཡང་བདེན་པ་རེད།
དེ་ནི་དགོས་གལ་ཞིག་གི་དབང་དུ་གསུངས་པ་རེད།
ངས་ཀྱང་ཡིག་ནོར་སྐོར་གླེང་བ་དེ་དགོས་གལ་ཞིག་ཏུ་མཐོང་སྟེ་གླེང་བ་རེད།
ད་ཡིན་ན་ཕྱོགས་གཅིག་ནས་སྐད་ཡིག་སྲུང་སྐྱོབ་བྱེད་དགོས་ཟེར།
ཕྱོགས་གཅིག་ནས་སྐད་ཡིག་ལ་གོད་ཆག་ཡོང་གི་ཡོད་པ་དེ་ཚོ་སྐྱོན་དེ་ཙམ་མི་ཆེ་ཟེར།
བསམ་བློ་གསར་པ་དང་། གནས་ཚུལ་གསར་པ་གང་མང་དགོས་པ་དེ་བདེན་པ་རེད།
འོན་ཀྱང་། སྐད་ཡིག་བེད་སྤྱོད་གཏོང་སྐབས་ལུགས་མཐུན་ཞིག་མ་བྱུང་ན། འབྲི་བ་པོ་རེ་རེར་དག་
ཆེ་རེ་རེ་དང་། ཀློག་པ་པོ་རེ་རེར་དོན་མི་འདྲ་བ་ཞིག་ལེན་རྒྱུ་ཡོད་པ་ཞིག་ཏུ་འགྱུར་ན།
དེའི་སྐབས་དེའི་ཚེ་སུ་ཞིག་གིས་འགན་འཁུར་རམ།
ངས་དེ་སྔོན་དང་བླང་ཉེན་རྟོག་པ་བྱེད་ཁུལ་བྱས་ཡོད་ལ། ཁྲིམས་དཔོན་ཡང་བྱེད་ཁུལ་བྱས་པ་དེ་བདེན་པ་རེད།
ངའི་ནུས་པ་དང་དུས་ཚོད་ཀྱིས་འདང་གི་མི་འདུག་མ་གཏོགས།
ངས་རང་ཉིད་འཚོ་གནས་ཀྱི་ཆེད་དུ། རང་ཉིད་མི་ངོ་མ་ཞིག་ཏུ་འགྱུར་བའི་ཆེད་དུ།
ལྷག་པར་རང་ཉིད་བོད་མི་ངོ་མ་ཞིག་ཏུ་འགྱུར་བའི་ཆེད་དུ།
འཕག་འཚག་ཅིག་རྒྱག་འདོད་འདུག ཧ་ཧ་ཧ།
དག་ཆེ། དག་ཆ།
འདི་ནི་རང་སྐྱོན་ངོས་ལེན་ཡིན།
བསེ་རུ་ཟེར་བའི་སེམས་ཅན་དེར་རྭ་གཅིག་ལས་མེད་ཀྱང་།
རྭ་ཅོ་གཉིས་ཅན་གྱི་སེམས་ཅན་དེ་ཚོ་ལས་བློ་སྟོབས་ཆེ་བ་འདུག
བསེ་རུ། ཤུགས་རྒྱོབས། གཞན་ཕན་པ་མ་གཏོགས་གནོད་པའི་རྡུང་ཁ་མ་རྒྱག་རོགས།
ཁྱོད་ཀྱིས་ད་བར་ཧུར་ཐག་བྱས་པ་དེར་ཡག་པོ་རེད།
མིག་ལྡན་གཡང་མཆོངས་བྱས་ན་སྡུག་གྱོང་རེད།
འོ་ཡ་བདེ་མོ་བྱོས།
བསེ་རུ་ལགས། ཁྱེད་ཀྱིས་འདིར་གང་གསུངས་པར་མོས་མཐུན་དང་རྒྱབ་སྐྱོར་ཞུ་བགྱི་ཡོད། ད་ཆ་རང་ཡིག་གི་བྲིས་རྩོམ་སོགས་གང་དུ་བལྟས་ཀྱང་དག་ཆ་ནོར་བ། སུམ་རྟགས་དང་འགལ་བ། བརྗོད་པ་མི་བདེ་བ་སོགས་འཁྲུལ་པ་ཇི་སྙེད་ཅིག་མངོན་རྒྱུ་ཡོད་པ་ནི་ཡིད་སྐྱོ་དགོས་པ་དང་། སེམས་དངངས་དགོས་པའི་གནད་དོན་ཞིག་ལོས་ཡིན། འཕྲེད་དར་སོགས་སུ་ཡིག་ནོར་མངོན་པ་བློ་ཚབ་དགོས་ཀྱང་། དེ་བས་ཀྱང་ཆེས་ཡིད་ཚབ་བྱ་དགོས་པ་ནི་དུས་བབ་སོགས་ཀྱི་དྲ་ཤོག་ནང་གི་ཡིག་ནོར་རྣམས་རེད།
པར་དེའི་ནང་མཚོན་ནའང་ཡིག་ཕྲེང་གཅིག་ནང་ཡིག་ནོར་གསུམ། ཐོབ་ཏུ་མེད་པའི་རིན་ཆེན་སྤུངས་ཤད་རྒྱག་པ་བཅས་བྱུང་འདུག ང་ཚོས་ཇི་ལྟར་དཀའ་ངལ་འདི་སེལ་དགོས་སམ། སྦྱར་ཤོག་དང་འཕྲེད་དར། སྒོ་བྱང་དང་ཚོང་ལས་མིང་བྱང་སོགས་བོད་ཡིག་ནང་འབྲི་ངེས་པར་དགོས་ཤིང་བྲིས་པ་དགེ་ནའང་། ཡིག་ནོར་དང་བྲལ་ནས་བྲིས་ན་ཅིས་མི་ལེགས། དཀའ་ངལ་དེ་སེལ་བའི་དགོངས་འཆར་གང་ཡོད་ལྷུག་པོར་གནང་རོགས་ཞུ།།
ཡིག་ནོར་དག་བཅོས་བྱས་ན་བཟང་། ཡིག་ནོར་འབྲི་མཁན་ཚོའི་མིང་འདོན་པ་དང་གཤེ་བ་སོགས་མ་བྱས་ན་བཟང་། ཉིན་རེའམ་ཡང་ན་ཉིན་འགའ་རེའི་ནང་སྤྱི་ཡོངས་ཀྱི་ཡིག་ནོར་ལ་ཞུ་དག་རེ་འགྲོ་ཐུབ་ན་ཀུན་ལ་ཕན་པར་འདོད།
“སློབ་སྦྱོང་བཟང་པོ་བྱས་ནས༎ ཉིན་རེར་ཡར་ཐོན་ཡོང་དགོས།”
བསེ་རུ་ལགས། ཁྱེད་ཀྱིས་ཡིག་ནོར་གྱི་ན་ཚ་འདི་ཨེ་ཙེ་ན་ཚ་ལས་ཉེན་ཁ་ཆེ་བ་ཡོད་པ་རེད་ཟེར་བ་དེ་སྐྲག་བསླང་བའི་སྐད་ཆ་ཞིག་ཡིན་པ་འདྲ། གཤམས་ཀྱི་ཁམས་སྐད་ཐོག་ཏུ་ཡོད་པའི་ཨེ་ཙེའི་སྐོར་གྱི་ཁྱབ་བསྒྲགས་ཁག་གསུམ་པོ་དེ་ལ་གཅིག་ལྟོས་དང་། ང་ནི་ཉལ་སའི་ནང་ནས་སྐྱག་པ་ཤོར་གྲགས་འདྲ་ཞིག་བྱས་སོང་།
http://www.sangdhor.com/pics_c.asp?id=1220
བསེ་རུ་སོགས་ལ་ཞུ་རྒྱུར། སེང་གེ་ཟེར་བ་དེ་ལ་ལས་བརྩེགས་མ་བྱེད་ཀྱི་འདུག ལ་ལས་བརྩེགས་ཀྱི་མི་འདུག འོ་ན་གང་འཐད་ཅིག་ཤོད་དང་། དེ་གཉིས་ཀར་རྒྱུ་མཚན་རེ་ཡོད་པ་རེད་མོད། དང་པོ་ཁྱོད་ཀྱི་འགྲེལ་བཤད་ལ་སྒུག་གི་ཡིན། རྗེས་མ་ནས་ངས་ཤེས་རབ་སེང་གེ་ཞེས་འབྲི་དགོས་བསམ་སོང་།
དེ་རིང་སྤྱི་༢་ཚེས་༡༩ཉིན་གོང་ས་མཆོག་ལ་རྒྱལ་སྤྱི་དམང་གཙོ་ཚོགས་པས་། དམང་གཙོའི་ཞབས་ཞུས་རྟགས་མ་དེ་(NED Democracy Service Medal)ཕུལ་ཡོད་པས་གནས་ཚུལ་ཐུང་བུ་ཞིག་འདིར་པས་གཤན་གྱི་འབྲེལ་འཐུད་དེར་ནོན།
http://khorlam.wordpress.com/
ཡི་གེ་དག་ཆ་ཅན་ལས་ཡིག་ནོར་བ་རྣམས་བྱས་རྗེ་ཆེ་ཞེས་བསམ་ཚུལ་འདོན་འདོད་ཡོད། གང་ཡིན་ཟེར་ན་ཡིག་ནོར་འབྲི་མཁན་དེ་ཚོ་བོད་དོན་བྱེད་ས་ཞིག་ཏུ་སླེབས་ཡོད་པར་མ་ཟད། དེའི་སྟེང་དུ་བོད་ཡིག་ཀྱང་བྲིས་འདུག ཡི་གེ་དག་མ་ཡོད་མཁན་ཚོས་ཡི་གེ་དག་མ་ཕར་བཞག བོད་ཡིག་ཀྱང་རྩ་ནས་མ་བྲིས་པས་བོད་ཡིག་འབྲི་མཁན་རྣམས་ལ་བསྔགས་བརྗོད་བྱེད་འོས།
དེ་ནས་ཡིག་ནོར་འབྲི་མཁན་རྣམས་ནས་མུ་མཐུད་དུ་རང་གི་གང་ཤེས་འབྲི་གི་བསྡད་ན་རིམ་བཞིན་དག་མར་འགྱུར་རྒྱུ་རེད། དེ་ན་མུ་མཐུད་དུ་རང་གི་གང་ཤེས་ག་ས་གང་དུ་འབྲི་རོགས་ཞེས་འབོད་སྐུལ་ཞུ་བཞིན་ཡོད།།
ང་ཡང་ཟླ་མེད་ལ་འཐད་པ་ཡིན།
ཡི་གེ་དག་མིན་གླེང་ནས། །
རྩོད་འདོད་སེམས་ནས་མེད་མོད། །
ཚོགས་སྡེ་ཆེ་ཆུང་ཚང་མས། །
ཡིག་ནོར་བྲིས་པས་སྐྱོ་སོང་། །
ཡི་གེ་དག་མིན་གླེང་ནས། །
རྩོད་འདོད་སེམས་ནས་མེད་མོད། །
ཚོགས་སྡེ་ཆེ་ཆུང་ཚང་མས། །
ཡིག་ནོར་བྲིས་པས་སྐྱོ་སོང་། །
ཡིག་དག་འབྲི་མཁས་ཚང་མ།།
ཁང་པའི་སྦུག་ན་བསྡད་ཡོད།།
ནོར་བྲིས་ཀྱང་ཆོག་ག།
ཁྲོམ་དཀྱིལ་འུར་གྱིས་ཁེངས་སོང་།།
ཡིག་ནོར་འབྲི་ལ་མ་དམོད།།
བོད་སེམས་ཁྱོད་བས་ཆེ་བ།།
གནངས་ལོ་ཤི་བའི་རོ་རྣམས།།
ཡིག་ནོར་མ་གཏོགས་མི་ཤེས།།
ཁོ་རེ། གཞོན་ནུ་ཟླ་མེད།
བོད་ཡིག་ཤེས་མཁན་རྣམས་ནང་དུ་བསྡད་ཡོད་པ་དང་། ཡི་གེ་མི་ཤེས་མཁན་རྣམས་བོད་དོན་བྱེད་སར་སླེབས་ཡོད་པའི་ཐག་གཅོད་ཅི་ལྟར་བྱེད་ཐུབ་བམ།
ཡིག་ནོར་འབྲི་མཁན་རྣམས་ཀྱིས་ཡིག་ནོར་འབྲི་གིན་བསྡད་ན་རིམ་བཞིན་དག་མར་འགྱུར་སྲིད་ན། སྡིག་པ་བྱེད་མཁན་རྣམས་ཀྱིས་མུ་མཐུད་དུ་སྡིག་པ་བྱེད་ཀྱིན་བསྡད་ན་རིམ་བཞིན་དགེ་བར་འགྱུར་སྲིད་དམ།
ངས་བལྟས་ན་ཡིག་ནོར་འབྲི་མཁན་རྣམས་ཀྱིས་ཕྱིན་ཆད་གཟབ་གཟབ་བྱས་ཏེ། དག་ཡིག་ཤེས་མཁན་ཚོར་འབྲེལ་བ་བྱས་ཏེ་དོགས་འདྲི་བྱེད་བཞིན་བྲིས་ན། རིམ་གྱིས་དག་པར་འགྱུར་རྒྱུ་རེད། དེ་མིན་གཞོན་ནུ་གྲོགས་མེད་ཀྱི་ཁ་ལ་ཉན་ན་མར་ནས་མར་ལ་ཟགས་ཏེ། དེ་མན་ས་མེད་ས་ལ་ལྷུང་རྒྱུ་མ་གཏོགས་གང་ཡང་མེད།
རྩོམ་ཡིག་ཚོའི་ནང་དུ་ཡིག་ནོར་ཡོད་མེད་བརྩད་བཅད་དེ་དོན་ལ་མ་དཔྱད་ན་དེ་ཙམ་འོས་མིན་མི་ཤེས་མོད། སྒོ་བྱང་དང་འཕྲེད་དར་སོགས་ཀྱི་སྟེང་ཡིག་ནོར་གཡག་རོ་འདྲ་བ་རེ་བྲིས་ན་མིག་ལ་གནོད་པ་འདྲ་ཞིག་འདུག གཞན་ཅང་མི་ཤེས། དུས་རབས་གསར་བར་འགྱུར་གྱིན་འགྱུར་གྱིན་བོད་ཡིག་ལ་རེ་བ་མེད་པ་འདྲ་རེ་ཡང་མཐོང་གི་འདུག་པས་ཐང་ཆད་ཐལ། གཉིད་རྒྱུ་ཡིན།
འདི་ལྟར་དགའ་བསུ་བྱས་ན་ཡག་པོ་འདུག་ཀྱང་དཔར་དེའི་ཐོག་བྲིས་པའི་བོད་ཡིག་དེ་མཐོང་དུས་དེ་ཙམ་ཡག་པོ་ཞིག་མཐོང་མ་སོང་་་་་དེ་ལས་དབྱིན་ཡིག་ཅིག་བྲིས་ན་ཡག་ཤོས་སུ་ཆགས་ཀྱི་མེད་འགྲོ། བོད་པ་ཚོས་འདི་ལྟར་རང་གི་རིག་གཞུང་བེད་སྤྱོད་བྱེད་སྟངས་ལ་བལྟས་ན་ཡུན་མི་རིང་གི་ཡ། རེ་ཟུང་ཞིག་གིས་ཆེད་དུ་འདི་ལྟར་བྱེད་ཀྱིན་འདུག་པས་ཤུགས་རྐྱེན་ངན་པ་དེ་གཞོན་སྐྱེས་ཚོའི་མིག་མདུན་དུ་བཤམ་ན་འབྲས་བུ་ཅི་ཡོང་ཚང་མས་ཤེས་གསལ་ཡིན་པས་འདིའི་རིགས་ལ་ང་ཚོས་ནམ་ཡང་ཐད་ཀར་སྐྱོན་བརྗོད་ཅི་ཐུབ་བྱེད་དགོས་པ་དེ་ཧ་ཅང་གལ་ཆེན་ཡིན་པ་ཤེས་དགོས།
དབུ་ཁྲིད་རྣམས་གཉིས་ཀྱི་འཇལ་འཕྲད་ལ་བཀྲ་ཤིས་བདེ་ལེགས་ཞུ།
ཟླ་མེད་ཀྱི་གསུང་པར་ཡང་རྒྱུ་མཚན་འདུག ང་རང་ཡང་ཡིག་ནོར་འབྲི་མཁན་ཞིག་ཡིན་པའི་སྐྱོན་འགེབ་ཐབ་བྱས་པ་མིན་ན་ཡང་། ང་ཚོས་ཡིག་ནོར་འབྲི་མཁན་ལ་སྐྱོན་བརྗོད་མང་གྲག་ན། མང་པོ་ཞིག་གི་བོད་ཡིག་འབྲི་རྒྱུའི་སེམས་ཤུགས་ཆག་སྲིད། འོན་ཀྱང་ཡིག་ནོར་ལ་གང་ཐུབ་ཀྱི་གཟབ་ནན་མནང་གལ་ཆེ་བར་སེམས།
གཞོན་ནུ་ཟླ་མེད་དང་། མགོན་པོ་ཕྱག་གཉིས་པ། དེ་བཞིན་མཆན་མཁན་རྣམས་ལ།
ང་རང་ལ་དོ་སྣང་ཆེན་པོ་གསུམ་སླེབས་སོང་བས་འདི་དང་འབྲེལ་བ་འདུག ཚང་མའི་བསམ་ཚུལ་གསུངས་རོགས།
༡༽ བོད་ཀྱི་རྩ་དོན་གཏོར་མཁན། བོད་མིའི་བདེ་སྡུག་ལ་གནོད་པ་སྐྱེལ་མཁན་དང་བོད་མི་དམངས་འདི་སྡུག་དམྱལ་བར་སྦྱོར་མཁན་མང་ཆེ་བ་བོད་ཡིག་ཤེས་མཁན། དག་ཆ་ཡག་པ། བོད་ཀྱི་ཆོས་དང་རིག་གཞུང་ལ་བྱང་བ། ད་དུང་བོད་པ་གཙང་དག་ཤ་སྟག་རེད། བསམ་བློ་ཡག་པོ་ཐོངས་དང་། འདི་བདེན་པ་ཨེ་རེད།
ཉེ་རབས་ནས་སྔ་རབས་ལ་བལྟས་ནས་དཔེ་ཁ་ཤས་སྤྲོད་ཆོག
༡༽ ཉེ་རབས་བོད་འདི་ལ་དྲིན་ཆེ་བའི་ཚན་ཉིད་དགེ་བཤེས་བློ་བཟང་རྒྱ་མཚོའི་གདོང་དང་མགོ་ལ་གྲི་རྒྱབ་མཁན་གྲྭ་བ་དེ་ཚོ་བོད་ཡིག་ཤེས་ལ་ཆོས་ཀྱང་ཤེས། བོད་སྐད་ཤེས་ལ་བོད་མི་གཙང་དག་ཤ་སྟག་རེད། བོད་ཡིག་ཀྱི་དག་ཆ་ཀྱང་ལོས་ཤེས།
༢༽ ༢༠༠༨ནང་རྒྱལ་བ་རིན་པོ་ཆེ་ཨ་རིར་བོད་ནང་གི་སྡུག་བསྔལ་རྣམས་ཨ་རིའི་མི་དམངས་ལ་སྙན་གསེང་ཞུ་བར་ཕེབས་སྐབས། ཁོང་གི་ལམ་བཀག་ནས་མ་འགྲིག་མ་བྱུང་གི་ངོ་རྒོལ་བྱེད་མཁན་བོད་མི་གཙོ་བོ་སྟེ། དགེ་བཤེས་བསྐལ་བཟང་ཟེར་བ་དང་དེ་བཞིན་དོལ་རྒྱལ་ཚོགས་པའི་བོད་པ་དེ་ཚོ་བོད་ཡིག་ཡག་ལ། རིག་གནས་ཆེ་བ་རྣམས་ལ་སློབ་སྦྱོང་ཐོབ་པ། དེ་བཞིན་གཏིང་རིང་བའི་ནང་རིག་པའི་གནད་དོན་འཛམ་གླིང་གི་ཚན་རིག་པ་རྣམས་ལ་བརྩོད་ཐུབ་མཁན་ཤ་སྟག་རེད།
༣༽ དེ་སྔོན་བོད་ནང་རྒྱ་དམག་ཡོང་དུས། རྒྱ་གུང་ཁྲན་དང་ལྐོག་འབྲེལ་བྱས་ནས་རང་གི་སྤུན་ཟླ་དང་རྒྱལ་ཁབ་བཙོང་མཁན་གཙོ་བོ་དེ་ཚོ་ཡང་། བོད་ཡིག་གི་དག་ཆ་ལེགས་པ། བོད་ཀྱི་ཆོས་དང་རིག་གཞུང་ཟབ་པར་ཤེས་པ། ད་དུང་། རྩོམ་ཡང་ཤིན་དུ་སྙན་པོ་འབྲི་ཐུབ་མཁན་ཤ་སྟག་རེད། དཔེར་ན་བཀའ་ཤོད་པ་ཆོས་རྒྱལ་ཉི་མ། ངག་ཕོད་ངག་དབང་འཇིགས་མེད། དེ་བཞིན་པན་ཆེན་ནང་སྒར་གྱི་འགོ་ཁྲིད་ལྕེ་འཇིགས་མེད་སོགས་ཡིན།
༤༽ ད་དུང་བོད་འདི་སྟོད་ཆག་སྨད་ཆག་ལ་གཏོང་མཁན་ཏེ། རྒྱལ་པོ་གླང་དར་མ་བཀྲོང་མཁན་ལྷ་ལུང་དཔལ་རྡོར་འདི་ཡང་བོད་ཡིག་ཤེས་ལ། བོད་ཡིག་གི་དག་ཆ་ལེགས་པར་ཤེས་མཁན་གྱི་མི་ཞིག་རེད།
ད་ངས་གང་བཤད་ཟེར་ན། བོད་ཡིག་ཤེས་པ་དང་དག་ཆ་ལེགས་པོ་ཤེས་པ་འདིས་བོད་མི་རིགས་ལ་ཕན་ཐོག་གི་མིན་འདུག ལྷག་པར་དུ། ད་བར་བོད་ལ་གནོད་པ་སྐྱེལ་མཁན་མང་ཆེ་བ་བོད་ཀྱི་རིག་གནས་སྦྱོང་མཁན་དེ་ཚོ་ནས་ཡོང་བཞིན་འདུག ལྟོས་དང་། བོད་འདི་ལ་གནོད་པའི་གཏམ་ངན་མང་པོ་ཞིག་ཁ་བརྡའི་ནང་ནས་བོད་ཡག་དག་ཆ་ལེགས་པོ་ཞིག་བྲིས་ནས་ཡོང་བ་མ་ཡིན་ནམ།
ད་བསམ་བློ་གཏོང་དང་། བོད་ཡིག་དང་ཆོས་བསླབ་ན་བོད་མི་རིགས་ལ་གནོད་པའི་ལས་ཀ་མང་པོ་ཞིག་མི་འདི་ཚོའི་ནང་ནས་ཡོང་གི་འདུག འདི་ག་རེ་རས།
ད་ལྟ་ཕྱི་ནང་བོད་ཀྱི་ཁེ་ཕན་ལ་སྲོག་བློས་གཏོང་མཁན་འདི་ཚོ་བོད་ཡིག་དག་ཆ་མ་ཤེས་མཁན་དཔའ་མོ་འོད་ཟེར་དང་ཕྱི་ལ་བཀྲས་མཐོང་ལྷག་སྒྲོན་ལྟ་བུ། ད་དུང་དོན་གྲུབ་དབང་ཆེན་དང་འཇིགས་བྲལ་འབོད་པའི་བརྙན་འཕྲིན་ནང་རང་སྲོག་བློས་བཏང་གིས་མི་རིགས་ཀྱི་བདེ་སྡུག་ཤོད་མཁན། དེ་བཞིན་ལྷ་ས་དང་མདོ་སྨད་ཀྱི་ཁྲོམ་རྭའི་ནང་བོད་ཀྱི་རྒྱལ་དར་ཁྱེར་ནས་འགྲོ་མཁན་བོད་ཡིག་དག་ཆ་མ་ཤེས་མཁན་དེ་ཚོ་མ་རེད་པས། ཨ། གང་འདྲ་རས།