སྐྱོ་བྲག་དགའ་དབང་།
ཟླ་བ་བྱུང་ངོ་ཅོག་གི་ཚེས་པ་ཉི་ཤུ་དགུ་ནི། ཆགས་མེད་རི་ཆོས་ལས། ཉི་ཤུ་དགུ་དང་གནམ་གང་ལ།། མགོན་པོའི་རིགས་ཀུན་རྒྱུ་བ་སྟེ།། ལོ་གཅིག་སྒྲུབ་པ་བྱས་པ་བས།། རྒྱུ་དུས་མཆོད་པ་གཅིག་དགའ་བར།། གྲུབ་ཆེན་མཚོ་སྐྱེས་རྡོ་རྗེ་དང་།། ཨོ་རྒྱན་ལ་སོགས་གསུངས་པ་ཡིན།། ཞེས་མགོན་པོ་རྒྱུ་བའི་དུས་ཡིན་ལ། རྒྱུ་བའི་ཉིན་མོ་འདིར་མཆོད་གསོལ་བྱེད་པ་ནི་ཆེས་གལ་ཆེན་ཡིན་པར་གསུངས་པ་བཞིན། ང་ཚོས་ལྕགས་ཕོ་བྱི་བ་སྣྲོན་ཟླའི་ཚེས་པ་ཉེར་དགུ་ཉིན། བསྐལ་པ་བཟང་པོའི་སངས་རྒྱས་རྣམས་གང་དུ་འཚང་རྒྱ་བའི་གནས་མཆོག་རྡོ་རྗེ་གདན་ལ། ཞྭ་དམར་ལྔ་པ་དཀོན་མཆོག་ཡན་ལག་གིས་མལ་གྲོ་བཀྲ་ཤིས་ཚལ་དུ་སྦྱར་བ། ཞིང་སྐྱོང་ཆེན་པོ་ཀུན་དགའ་གཞོན་ནུ་མཆོད་པའི་ཆོ་ག་དཔའ་བོ་རྣམ་པར་རོལ་པའི་དགའ་སྟོན། ཞེས་པ་དེ་དྲག་པོའི་ལས་ལ་སྐུལ་བ་དང་བཅས་པ་བཏོན་ནས། ཡེ་ཤེས་ངང་ནས་མཆོག་གི་དངོས་གྲུབ་སྩོལ།། ལས་ཀྱི་ངང་ནས་ཐུན་མོང་དངོས་གྲུབ་སྩོལ།། དྲག་པོའི་ངང་ནས་ཉམས་པའི་སྙིང་ཁྲག་འཐུངས།། བདག་དང་མི་འབྲལ་དུས་ཀུན་འགྲོག་པར་མཛོད།། ཅེས་པའི་ཕྲིན་ལས་དག་བཅོལ་བ་ཡིན།
ཞིང་སྐྱོང་ཆེན་པོ་ཀུན་དགའ་གཞོན་ནུ་ནི། བདུད་དང་སྲིན་པོ་འཆོལ་བའི་སྲས།། ཞེས་བདུད་ཀྱི་མགོན་པོ་སྟེ། འཇིག་རྟེན་དབང་སྒྱུར་དྲེགས་བྱེད་ཀུན་གྱི་རྒྱལ།། ལོག་འདྲེན་དགྲ་བགེགས་འདུལ་བ་རྣམས་ཀྱི་གཙོ།། ལས་ཀྱི་མཁའ་འགྲོ་རྒྱ་མཚོའི་མངའ་དབང་ཕྱུག། སྲོག་བདུད་ཤ་ཟ་ནག་པོ་སེང་དགེའི་གདོང་།། ཞེས་པ་ལྟར་གྱི་སྟོབས་ནུས་ཁྱད་འཕགས་ལྡན་པ་ཞིག་གྲུབ་ཆེན་ཀརྨ་པཀྴིས་སྟོད་ལུང་མཚུར་ཕུར་བཀའ་བསྒོས་དམ་ལ་བཞག་ཅིང་། ཞྭ་དམར་མཁའ་སྤྱོད་དབང་པོ་ནས་བཟུང་ཞྭ་དམར་ན་རིམ་དང་འབྲེལ་བ་དམིགས་བསལ་བྱུང་ངོ་།།
གང་དུ་བཞུགས་པ་ནི། ཉི་ཤུ་རྩ་བཞིའི་ཡུལ་རྣམས་ཀུན་གྱི་གཙོ།། ཉེ་བའི་འཐུང་སྤྱོད་དཔལ་གྱི་ཙཱ་རི་ཏྲ།། རབ་འཇིགས་དུར་ཁྲོད་ཆེན་པོར་རྟག་ཏུ་རོལ།། ག་ཡ་དྷ་ར་ཁྱོད་ལ་བདག་བསྟོད་དོ།། ཞེས་མོན་བོད་གཉིས་ཀྱི་སོ་མཚམས་དཔལ་གྱི་ཙཱ་རི་ཏྲའི་གནས་བདག་ཆེན་པོ་ཡིན་ནོ།།
གང་ནས་བསྟན་པའི་ཁུངས་ནི། ཞྭ་དམར་དཀོན་མཆོག་ཡན་ལག་གི་ཞིང་སྐྱོང་སྒྲུབ་སྐོར་ལས། འདིར་ཞིང་སྐྱོང་ཆེན་པོ་ཀུན་དགའ་གཞོན་ནུའི་སྒྲུབ་ཐབས་ཆོས་དབང་དང་། རིན་ཆེན་གླིང་པ། ལེགས་ལྡན་པ་སོགས་ཀྱི་གཏེར་མ་དང་། ཆོས་ཀྱི་རྗེ་ཀརྨ་པ་ཞྭ་དམར་ནག་གི་སྤྲུལ་སྐུ་སོ་སོར་མགོན་པོ་ཉིད་ཀྱིས་ཕུལ་བ་སོགས་མཐའ་ཡས་པ་ནས་བསྡུས་ཏེ་ལག་ཏུ་བླང་བའི་རིམ་པ་བརྗོད་པར་བྱ་སྟེ། ཞེས་པ་ལྟར་ན། བོད་མ་ལས་རྒྱ་གཞུང་ནི་ཡོད་ངོ་མི་གདའ་འོ།།
རྒན་པོའི་ངག་རྒྱུན་ནི། གོང་ས་ལྔ་པ་ཆེན་པོས། སོག་པོའི་དམག་ཤུགས་ལ་བརྟེན་ནས། ཀར་བསྟན་རྩད་ནས་ཕུང་བ་ན། ཆོས་སྐྱོང་རྣམས་ལ་དམ་བསྒྲགས་བྱེད་སྐབས། བུ་མོ་གཡུ་རྣ་ཅན་དང་། སྤྲང་པོ་ཁྱི་མགོ་ཅན་གཉིས་ཀྱིས་དམ་ཆུ་འཐུང་མ་སོང་ལ། གང་སར་ཕྱི་སྐོར་འདྲ་བྱེད་ཅིང་གདའ་བས། གཞུག་མ་ཀར་བསྟན་ཡང་དུ་དར་ཡོང་ས་རེད། ཅེས་གོང་ས་ལྔ་པ་ཆེན་པོས་གསུངས་པ་ནི། ཚེ་རིང་མ་དང་ཞིང་སྐྱོང་ཡིན་ཅིང་། ཕྱིས་གོང་ས་ལྔ་པ་ཆེན་པོ་ལ་སྙིང་ཆུ་བསགས་པར་དར་མོ་སྨན་རམས་པས་སྙིང་ཐུར་དྲང་བཞིན་པའི་དཔུང་པ་ནས་ཞིང་སྐྱོང་གིས་ཕུད་དེ་གོང་ས་ལྔ་པ་ཆེན་པོ་གྲོངས་རྐྱེན་བྱས་པ་རེད། ཅེས་ཀར་བསྟན་ལ་ཞེན་པ་ཆེ་བ་དག་གིས་ཚེ་རིང་མ་དང་ཞིང་སྐྱོང་ལ་ལྷག་ཏུ་དགའ་སྤོབས་བྱེད་སྲོལ་ཡང་ཡོད་དོ།།